TTDL-ZABTER-06-CHA-017

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-06-CHA-017
Wylie title TTDL-ZABTER-06-CHA-017.pdf
Location bdud 'joms gling pa zab gter
Volume 6, Text 17, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༡༧༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ དབུ་ཁྲིད་བརྡ་ཡིག༔ ༡༧༥ན་མོ་གུ་རུ་པདྨ་ཀ་ར་ཡེཿདད་དམ་མོས་གུས་དྲག་པོ་ཡིས༔ གསོལ་འདེབས་འདི་ལ་རྟག་ཏུ་བརྩོན༔ ས་མ་ཡ༔ ཨེ་མ་ཧོ༔ གདོད་མའི་གཞི་ཡི་སངས་རྒྱས་ཆོས་ཀྱི་སྐུ༔ ཀུན་བཟང་ཡབ་ཡུམ་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ ཚེ་སྒྲུབ་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནས༔ རིགས་ལྔ་ཡབ་ཡུམ་རྣམས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴གསལ་སྟོང་དབྱེར་མེད་སྤྲུལ་སྐུའི་ཞིང་ཁམས་ནས༔ རྡོ་རྗེ་སེམས་དཔའི་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴འོད་གསལ་ཆོས་ཉིད་དག་པའི་དཀྱིལ་འཁོར་ནས༔ དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴རང་སྣང་དག་པ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་ཆོས་ཀྱི་སྤྱན་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴བདེ་སྟོང་དབྱེར་མེད་རིག་སྟོང་དཀྱིལ་འཁོར་ནས༔ མཁའ་འགྲོ་ལས་ཀྱི་དབང་མོར་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴མི་འགྱུར་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ཧཱུྃ་ཆེན་ཀཱ་རའི་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴ཀ་དག་རྫོགས་པ་ཆེན་པོའི་ཀློང་ཡངས་ནས༔ འཇམ་དཔལ་བཤེས་གཉེན་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴རང་སྣང་ལྷུན་གྲུབ་འོད་ལྔའི་ཞིང་ཁམས་ནས༔ ཤྲཱི་སེང་ཧའི་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴དཀྱིལ་འཁོར་གསུམ་ལྡན་རྡོ་རྗེའི་ཞིང་ཁམས་ནས༔ པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴འོད་གསལ་རྒྱུན་ཆད་མེད་པའི་ཞིང་ཁམས་ནས༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་དངོས་གྲུབ་བརྙེས༔ ཁྲི་སྲོང་ལྡེ་བཙན་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴དབང་དང་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་མཛོད༔ རྗེ་འབངས་ཉེར་ལྔའི་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴ཟབ་གཏེར་རྒྱ་མཚོའི་མཛོད་གསང་འཛིན་པ་པོ༔ བདུད་འཇོམས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴སྤྱི་གཙུག་བདེ་ཆེན་འཁོར་ལོའི་གདན་སྟེང་ནས༔ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་༴ཚེ་སྒྲུབ་མཐར༴སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ༴མཆོག་དང་ཐུན་མོང་༴བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བསྟན་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས༔ ཕྱི་ནང་འགལ་རྐྱེན་མཐའ་དག་ཞི་བ་དང་༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་སྩོལ༔ སྒོ་གསུམ་རྣམ་དག་ཡེ་ཤེས་ལྷ་སྐུར་རྫོགས༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་རོལ་པར་སྨིན༔ རྩ་རླུང་ཐིག་ལེ་སྐུ་གསུམ་དབྱིངས་སུ་དག༔ དབྱིངས་ཡེ་དབྱེར་མེད་བདེ་བ་ཆེན་པོར་སྨིན༔ གང་སྣང་ཆོས་ཉིད་དག་པའི་འཁོར་ལོར་རྫོགས༔ འོད་གསལ་མཉམ་ཉིད་གཟུང་འཛིན་རྟོག་པ་དག༔ སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་སྨིན༔ ནང་དབྱིངས་གཞོན་ནུ་བུམ་སྐུར་སངས་རྒྱས་ཏེ༔ གནས་ལུགས་རྫོགས་པ་ཆེན་པོ་མངོན་གྱུར་ཤོག༔ དེ་ལྟར་དད་དང་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་འདེབས་འདི་ལ་རྟག་ཏུ་བརྩོན་གྱུར་ན༔ ཕྱི་ནང་གསང་བའི་བར་ཆད་ཀུན་བྱང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར༔ ཐེ་ཚོམ་མེད་དོ་རྡོ་རྗེ་འཆང་གི་ཚིག༔ སྐལ་བཟང་སྐྱེས་བུ་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།