TTDL-ZABTER-06-CHA-025

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-06-CHA-025
Wylie title TTDL-ZABTER-06-CHA-025.pdf
Location bdud 'joms gling pa zab gter
Volume 6, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༣༧༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་ཞི་བསྐུལ་ཐུགས་རྗེའི་རྒྱུད་བསྐུལ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༔ ༣༧༩དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ དབྱེར་མེད་གཅིག་ཏུ་འདུས་པའི་དཔལ༔ ཀུན་བཟང་ཡབ་ཡུམ་ལ་བཏུད་དེ༔ ཞི་བསྐུལ་ཐུགས་རྗེའི་རྒྱུད་བསྐུལ་ནི༔ རྗེས་འཇུག་རྣམས་ཀྱི་དོན་དུ་བཀོད༔ དད་དང་མོས་གུས་དྲག་པོ་ཡིས༔ རྔ་དང་སིལ་སྙན་སྒྲ་དང་བཅས༔ སྤོས་བསྲེགས་དར་གཡབ་གདུང་དབྱངས་ཀྱིས༔ ཧཱུྃ་ཧྲཱིཿངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་སྒྱུ་འཕྲུལ་སྐུ་དང་ཡེ་ཤེས་ཤར༔ གདུག་པ་འདུལ་ཕྱིར་གང་འདུལ་སྤྲུལ་སྐུར་སྟོན༔ རྗེས་འཇུག་གདུང་ཤུགས་དྲག་པོས་ཐུགས་དམ་བསྐུལ༔ མ་གཡེལ་མ་འགྱངས་མྱུར་དུ་ལས་ལ་དགོངས༔ གདོད་མའི་སྟོང་ཆེན་ཆོས་སྐུ་ཀུན་ཏུ་བཟང་༔ གཉིས་མེད་སྟོང་གསལ་ཀུན་ཏུ་བཟང་མོ་ཡུམ༔ ཐུགས་རྗེ་བརྩེ་བ་ཆེན་པོའི་དགོངས་མཛོད་ལ༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ཤིག༔ འཁོར་བ་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿགཞི་སྣང་ཡོན་ཏན་བཀོད་པ་མཐའ་ཡས་པ༔ རྣམ་པར་སྣང་མཛད་དབྱིངས་ཕྱུག་ཡེ་ཤེས་ཡུམ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴གཟུགས་ཕུང་ནམ་མཁའ་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿཆོས་ཉིད་མི་ཤིགས་རྡོ་རྗེ་འབར་བའི་གོ༔ མི་གཡོ་མི་འགྱུར་མི་བསྐྱོད་མཱ་ཀཱི་ཡུམ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴རྣམ་ཤེས་ཆུ་ཁམས་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ གདོད་ནས་འཁོར་འདས་གཉིས་མེད་མཉམ་ཉིད་དབྱིངས༔ སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྱིས་གྲུབ༔ རིན་ཆེན་ལྟ་བུར་ཆོས་ཀུན་འབྱུང་བའི་མཛོད༔ དཔལ་ལྡན་ཆོས་ཉིད་སངས་རྒྱས་སྤྱན་མ་ཡུམ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴ཚོར་ཕུང་ས་ཁམས་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿཆགས་བྲལ་སྣང་བའི་བཀོད་པ་མཐའ་ཡས་པ༔ ཟུང་འཇུག་འོད་གསལ་བདེ་ཆེན་གོས་དཀར་ཡུམ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴འདུ་ཤེས་མེ་ཁམས་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿདག་གྲོལ་རོལ་པའི་བྱ་བྱེད་གནས་དག་པ༔ མ་བཅོས་ཡེ་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ༔ དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ་མ་ཡུམ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴འདུ་བྱེད་རླུང་ཁམས་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿབྱང་ཆུབ་སེམས་དཔའ་ས་ལ་དབང་མཛད་པ༔ ས་ཡི་སྙིང་པོ་རྡོ་རྗེ་སྒེག་པ་མོ༔ ནམ་མཁའི་སྙིང་པོ་རྡོ་རྗེ་ཕྲེང་བ་མོ༔ སྤྱན་རས་གཟིགས་དབང་རྡོ་རྗེ་གར་དབང་མོ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴རྣམ་ཤེས་དབང་ཡུལ་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿབྱང་ཆུབ་སེམས་དཔའ་ས་ལ་དབང་མཛད་པ༔ བྱམས་པ་མཻ་ཏྲི་རྡོ་རྗེ་བདུག་པ་མོ༔ སྒྲིབ་པ་རྣམ་སེལ་རྡོ་རྗེ་མེ་ཏོག་མ༔ ཀུན་ཏུ་བཟང་པོ་རྡོ་རྗེ་ཨཱ་ལོ་ཀེ༔ འཇམ་དཔལ་དབྱངས་དང་རྡོ་རྗེ་དྲི་ཆབ་མ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴དབང་པོ་དུས་བཞི་གནས་དག་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ འགྲོ་བ་འདུལ་མཛད་སྤྲུལ་སྐུ་ཐུབ་པ་དྲུག༔ ཆོས་རྒྱལ་ཁ་འབར་སེང་གེ་རབ་བརྟན་དང་༔ ཐག་བཟང་རིས་དང་བརྒྱ་བྱིན་ཤཱཀྱ་ཐུབ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴ཉོན་མོངས་གནས་སུ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿསྙིང་རྗེ་ཚད་མེད་སྒོ་མ་ལྕགས་ཀྱུ་མ༔ བྱམས་པ་ཚད་མེད་སྒོ་མ་ཞགས་པ་མ༔ དགའ་བ་ཚད་མེད་སྒོ་མ་ལྕགས་སྒྲོག་མ༔ བཏང་སྙོམས་ཚད་མེད་སྒོ་མ་དྲིལ་བུ་མ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴མཐར་འཛིན་གནས་སུ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿསྒོ་བ་ཆེན་པོ་རྡོ་རྗེ་རྣམ་པར་རྒྱལ༔ སྒོ་བ་ཆེན་པོ་རཏྣ་གཤིན་རྗེ་གཤེད༔ སྒོ་བ་ཆེན་པོ་པདྨ་རྟ་མགྲིན་རྒྱལ༔ སྒོ་བ་ཆེན་པོ་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ ཐུགས་རྗེ་བརྩེ༴དམ་རྫས་བདུད༴མུ་བཞི་གནས་སུ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿརིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་ལྷ༔ རྡོ་རྗེ་སེམས་དཔའ་ལྷ་ཡི་ལྷ་མཆོག་གི༔ སྐུ་གསུང་ཐུགས་ཀྱི་བཀོད་པ་མཐའ་ཡས་པ༔ སྒྱུ་འཕྲུལ་ཞི་དང་ཁྲོ་བོའི་དཀྱིལ་འཁོར་ལྷ༔ མ་བཅོས་ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཉོན་མོངས་འཁྲུལ་པའི་རྒྱུ་རྐྱེན་རྟེན་འབྲེལ་ལས༔ བྱུང་བའི་དགྲ་བགེགས་ལོག་འདྲེན་མ་རུངས་པ༔ ཐུགས་རྗེ་ཆེན་པོའི་མཐུ་རྩལ་ནུས་པས་ཐུལ༔ བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་དང་༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ ལུས་ངག་ཡིད་ལ་གནོད་ཅིང་འཚེ་བའི་རིགས༔ རྩ་སྦུར་ཕྲ་མོ་མེ་ཡིས་གཞོམ་པ་བཞིན༔ རྗེས་ཤུལ་མེད་པར་ཐལ་བའི་རྡུལ་བཞིན་རློག༔ སངས་རྒྱས་བསྟན་དང་བསྟན་འཛིན་རྒྱས་པ་དང་༔ ཆོས་སྲིད་ལོངས་སྤྱོད་བསོད་ནམས་སྙན་དང་གྲགས༔ ཚེ་དང་གཟི་བྱིན་མདངས་སྟོབས་ཡོན་ཏན་ཀུན༔ ཟླ་བ་ཡར་གྱི་ངོ་བཞིན་གོང་འཕེལ་དུ༔ ནམ་ཡང་ནུབ་མེད་དར་ཞིང་རྒྱས་པར་མཛོད༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་ཐམས་ཅད་ཀུན༔ ཆོས་ཉིད་གཅིག་ལས་རྣམ་འཕྲུལ་ཅིར་ཡང་སྟོན༔ གང་འདུལ་མཛད་པ་ཕྲིན་ལས་དུ་མ་ཡིས༔ གདུལ་བྱ་རྟག་འཛིན་ཅན་རྣམས་ཁ་དྲངས་ཕྱིར༔ སྣ་ཚོགས་སྤྲུལ་པ་དུ་མ་ཕྱོགས་བཅུར་འགྱེད༔ ལས་ངན་རྒྱུན་བཅད་ངན་སོང་སྐྱེ་སྒོ་ཁེག༔ དག་པའི་ཞིང་ཁམས་མངོན་དུ་གྱུར་པ་དང་༔ ཕྱིར་མི་ལྡོག་པ་ཆོས་སྐུའི་ས་ལ་སྐྱོལ༔ ཐུགས་བསྐྱེད་དམ་བཅའ་དུས་ལས་མི་འདོར་བར༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་སྐྱེམས་གཙང་སར་གཤེགས༔ ཕྱི་ནང་མཆོད་ཚོགས་རྒྱ་ཆེར་བཤམས༔ གདུང་འཚོབ་རྒྱལ་བ་རིག་པ་འཛིན༔ གང་འདུལ་སྤྲུལ་པའི་ཚོགས་རྣམས་ཀྱང་༔ ཡེ་ཤེས་མཆོག་གི་མཆོད་པས་བརྔན༔ ཚོགས་རྫོགས་སྒྲིབ་པ་བྱང་བ་དང་༔ དོན་གཉིས་ཡིད་བཞིན་འགྲུབ་པར་འགྱུར༔ བཀའ་སྲུང་དྲེགས་པ་སྡེ་དགུར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐལ་བཟང་སྐྱེས་བུའི་ཚོགས་ལ་སྤྲོད༔ སྐལ་མེད་རྣམས་ལ་གསང་རྒྱས་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་གར་དབང་བདུད་འཇོམས་གླིང་པས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།