TTDL-ZABTER-07-JA-024

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-024
Wylie title TTDL-ZABTER-07-JA-024.pdf
Location bdud 'joms gling pa zab gter
Volume 7, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༢༧ཟབ་གསང་མཁའ་འགྲོ་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ སྣང་སྲིད་ཕུར་པའི་གདབ་འདྲེན༔ ཐུགས་རྗེའི་གསང་ལམ་ཟབ་མོ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༢༧དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་མཆོག་ལ་འདུད༔ བདག་འདྲ་བདུད་འཇོམས་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ སྣང་སྲིད་ཕུར་པའི་གདབ་འདྲེན་ཟབ་ལམ་བསྟན༔ མ་འོངས་སྙིགས་མའི་དུས་ཀྱི་གང་ཟག་རྣམས༔ བསྒྲལ་འདྲེན་གནད་དང་ལྡན་པའི་དོན་འགྲུབ་མཐུ༔ ཚུལ་དང་ལྡན་ན་འགྲོ་དོན་རྒྱ་ཆེན་འགྲུབ༔ ཚུན་མིན་ཞེ་སྡང་དྲག་པོས་བསད་པ་ན༔ ལས་ཀྱི་རྣམ་པར་སྨིན་པ་རང་ལ་འཁོར༔ བསྒྲལ་ཡང་འཁོར་བའི་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ བསད་ཀྱང་ཉོན་མོངས་གཟུང་འཛིན་བག་ཆགས་བསད༔ ཆོས་ཉིད་སྒྱུ་མའི་རོལ་པར་བསད༔ མ་བཅོས་ཆོས་དབྱིང་ཀློང་དུ་བསྟིམ༔ འཁྲུལ་རྒྱུ་འཁོར་བའི་ས་བོན་བསྲེག༔ བསད་པ་སངས་ཏེ་ཤེས་བྱ་རྒྱས༔ དཔེར་ན་རྨི་ལམ་སྣང་བ་ལས༔ སད་ལྟར་བསད་ཅིང་ཉིན་སྣང་ལྟར༔ ལྷ་དང་ཞིང་ཁམས་ངང་རྫོགས་པ༔ དེ་ནི་བསད་པའི་མཆོག་ཆེན་པོ༔ ས་མ་ཡ༔ དེ་ནས་ཕུར་པ་ལག་ཏུ་ཐོགས་ཏེ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ ལག་གཡས་ཟླ་བའི་དལ་ལ་སོར་མོ་ལྔ་དཔའ་བོ་ཡབ་ལྔར་བསྒོམ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ལག་གཡོན་ཉི་མའི་དལ་ལ་སོར་མོ་རྣམས་དཔའ་མོ་ཡུམ་ལྔར་བསྐྱེད་དོ༔ རིགས་ལྔ་ཡབ་ཡུན་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ལས་བྱུང་བའི་ཡེ་གེ་ཧྲཱིཿཡིག་དམར་པོ་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་རྩལ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་འདུས་ཏེ་ཧྲཱིཿཡིག་ལ་ཐིམ༔ མར་འཕྲོས་འགྲོ་བ་རིགས་དྲུག་གི་འཁྲུལ་པ་ཆོས་ཉིད་ཀྱི་ངང་དུ་བཤིག༔ སྲོག་གི་ཡེ་གེ་ཨཿནྲྀཿསུཿཏྲིཿཔྲེཿདུ༔ དྲུག་པོ་ཡེ་ཤེས་ཀྱི་མེས་བསྲེག༔ ཧཱུྃ་ཡིག་དམར་ནག་ཡེ་ཤེས་ཀྱི་མེ་འབར་བ་དྲུག་ཏུ་གྱུར་ནས་ཧྲཱིཿཡིག་ལ་ཐིམ་པས་འགྲོ་བ་རིགས་དྲུག་གི་སྲོག་འདུས་པར་བསམ༔ ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་སྐུ་གསུམ་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཁྲོས་ཤིང་གཏུམ་པ་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས་པ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་ཐུགས་ཀར་འདྲིལ་ཞིང་སྐུ་སྨད་ཟངས་ལྕགས་འདྲེས་མའི་ཕུར་དབལ་མགར་གྱི་སོལ༔ མལ་ནས་ཕྱུངས་པ་ལྟ་བུ་ཕུར་པའི་ཚྭ་ཚྭ་དམར་ཆ་ལ་ལ་འཕྲོ་བ༔ འདྲིལ་བ་ཙམ་གྱིས་སྣང་སྲིད་གཡོ་ཞིང་འཕྱར་བ་ཙམ་གྱིས་ཁམས་གསུམ་སྒྲོལ་ནུས་པ་ཞིག་ཏུ་གྱུར༔ ཨོཾ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དབུ་ཡི་དུང་ཁང་ལ་ཆོས་སྐུ་ཀུན་ཏུ་བཟང་མོ༔ མགྲིན་པར་ལོངས་སྐུ་རྡོ་རྗེ་ཕག་མོ༔ ཐུགས་ཀར་སྤྲུལ་སྐུ་ཁྲོས་མ་ནག་མོ༔ དེ་གསུམ་གྱི་མཐའ་བསྐོར་དུ་ཡེ་ཤེས་རང་མདངས་ལས་སྤྲུལ་པའི་མཁའ་འགྲོ་སྟེ་བཞིས་བསྐོར་བར་བསམ༔ ལྟེ་བར་སྔགས་སྲུང་ཨེ་ཀ་ཛ་ཊཱི༔ རྒྱ་མདུད་འོག་མ་ལ་དཔལ་ལྡན་རང་བྱུང་རྒྱལ་མོ༔ དེ་གཉིས་ལ་ཡང་ཡེ་ཤེས་འཇིག་རྟེན་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར་བར་བསྐྱེད་དོ༔ ཡང་ཕུར་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་དམ་ཀྱི་རྒྱུད་རབ་ཏུ་བསྐུལ་ནས་རབ་ཁྲོས་གསང་བ་ཡེ་ཤེས་མཁའ་འགྲོའི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཕུར་པ་ལ་གཉིས་མེད་དུ་ཐིམ༔ དེ་ནས་ཕུར་པ་དེ་རྣོ་ངར་ནུས་པ་དང་ལྡན་ཞིང་གང་ལ་བཏབ་པ་ཙམ་གྱིས་ལྷ་ཡང་རུང་སྟེ་སྒྲོལ་ནུས་པར་བསམ༔ ཨོཾ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བདུན་བརྗོད༔ ཕུར་པ་དེ་དམིགས་བྱའི་སྙིང་གར་གདབ་པས་དགྲ་བོའི་ཚེ་བསོད་ནམས་ཐམས་ཅད་ནྲྀ་ལྗང་གུར་གྱུར་ཏེ་ཕུར་པའི་ཁོང་སེང་ནས་ཡར་དྲངས་ཏེ་སྤྱི་བོ་ནས་ཐོན་ཏེ་བདག་གི་ཐུགས་ཀའི་ཧྲཱིཿལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་མཐུ་རྩལ་ནུས་སྟོབས་དང་ལྡན་པར་བསམ༔ ཡང་དགྲ་བགེགས་ཀྱི་སྙིང་གར་གདབ་པས་སྙིང་གི་དཀྱིལ་ན་སྲོག་གི་རྟེན་ཁྲག་གི་དྭངས་མ་དམར་པོ་རྒྱ་སྲན་ཙམ་པ་དེའི་ནང་ན་རྣམ་ཤེས་ཀྱི་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་དེ་ལ་ཕུར་པ་གདབ་པས་ཁྲག་གི་དྭངས་མ་དེ་ཆུ་ཐིག་ལ་ལྕགས་སྲེག་བཏབ་པ་བཞིན་སྐམ༔ སྲོག་རྩ་དཀར་པོ་དེ་སྤུ་ཤད་མེ་ལ་བསྲེག་པ་ལྟར་བསྲེགས༔ རླུང་གི་འཕྲོ་འདུ་དྲུང་ནས་འབྱིན་ཅིང་བཅད༔ རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་ཡུངས་འབྲུ་ཙམ་དེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་སེང་ནས་ཡར་འདྲེན་ཆངས་ཟུང་གི་ཁྲོས་མར་བསྟིམ༔ ནིརྨ་ཀཱ་ཡ་སྭཱ་ཧཱ༔ ཨ་ཕཊ༔ ཁྲོས་མ་དང་བཅས་ཕག་མོ་ལ་བསྟིམ༔ སམྦྷོ་ཀཱ་ཡ་སྭཱ་ཧཱ༔ ཨ་ཕཊ༔ ཕག་མོ་དང་བཅས་ཀུན་ཏུ་བཟང་མོ་ལ་བསྟིམ༔ དྷརྨ་ཀཱ་ཡ་སྭཱ་ཧཱ༔ ཨ་ཕཊ༔ བཟང་མོ་ཡང་ཁྱབ་གདལ་ཀློང་ཆེན་ཡངས་པར་འབྱམས་ཀླས་སོ༔ དེ་ནས་གནས་ལྔར་གདབ་པ་ནི༔ ཧཱུྃ༔ ང་ནི་གསང་བ་ཡེ་ཤེས་མ༔ འཁོར་བ་ཡོངས་སྒྲོལ་དྲག་མོའི་སྐུ༔ གཡས་ཀྱི་ཕྱག་ན་གྲི་གུག་རྣམས༔ གཡོན་གྱི་ཕྱག་ན་ཕུར་པ་འདྲིལ༔ གྲི་གུག་འབར་བས་དབང་དུ་བསྡུས༔ སྐུ་གསུམ་ཕུར་པས་མཁའ་ལ་སྒྲོལ༔ ལས་ངན་གདུག་བྱེད་དགྲ་བགེགས་ཁྱོད༔ བསད་ནི་མནར་མེད་ངང་དུ་གསོད༔ བསྒྲལ་ནི་སྲིད་པའི་མཚོ་ལས་བསྒྲལ༔ ཉོན་མོངས་ཡེ་ཤེས་ངང་དུ་བསད༔ གཟུང་དང་འཛིན་པ་སྟོང་པར་བཤིག༔ འཁྲུལ་འཁོར་ཆོས་ཉིད་ངང་དུ་གསོད༔ བག་ཆགས་སྐུ་གསུམ་ཀློང་དུ་སངས༔ སྡུག་བསྔལ་བདེ་ཆེན་ངང་དུ་བསད༔ ཉེར་ལེན་ཆགས་ཞེན་རེ་དོགས་ཀུན༔ སྤྲོས་བྲལ་ཆོས་སྐུའི་ཀློང་དུ་བསྒྲལ༔ ཡེ་ཤེས་མཚོན་གྱིས་རྣམ་རྟོག་བསད༔ འོད་གསལ་ཆོས་སྐུའི་རྣལ་འབྱོར་ངས༔ མི་གསོད་བསད་པའི་མཆོག་ཆེན་པོ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ཕུང་ལྔ་ཡེ་ཤེས་ལྔ་རུ་བསྒྲལ༔ ཚད་མེད་རྣམ་བཞིས་སྐྱེ་བཞི་གསོད༔ ལས་ཀྱི་བག་ཆགས་སྡུག་བསྔལ་ཀུན༔ ཡུལ་མེད་ཟང་ཐལ་ངང་དུ་གསོད༔ སེམས་སུ་འཁྲུལ་བའི་སེམས་ཉིད་ཀྱང་༔ གཡོ་མེད་ཁྱབ་གདལ་ཀློང་དུ་གསོད༔ དེ་ལས་གཞན་གྱི་ཚུལ་མིན་ཏེ༔ དེ་ལས་ཕ་རོལ་ལ་མི་ལྟོས༔ དེ་ནི་ཁྱོད་ཉིད་བསད་ཚུལ་ལོ༔ དེ་ནས་ཕྱེ་མར་གཏུབ་པ་ནི༔ ཧཱུྃ༔ གཏུབས་ཤིག་རློག་ཅིག་ཁྲོ་མོའི་ཚོགས༔ གནམ་ལྕགས་ཕུར་པས་རྡུལ་དུ་རློགས༔ རྡོ་རྗེ་འབར་བས་ཕྱེ་མར་ཐོངས༔ གཟུགས་ཁམས་སྐྱེ་མཆེད་ཐལ་བར་རློག༔ འཁྲུལ་པའི་རྟོག་ཚོགས་དབྱིངས་སུ་སྒྲོལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་སརྦ་མ་ཧཱ་ཀྲོ་ཏི་ཧ་རི་ནི་ས་ས་མ་ཡ༔ དགྲ་བགེགས་ཐུལ་ཐུལ་རློག་རློག་ཕྱེ་མ་ཕྱེ་མ་རྦད་རྦད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ནན་ཧུར་ཐུམ་ཐུམ་རི་ལི་ལི་མཱ་ར་ཡ་རྦད་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་ཡི་གེར་བྲིས༔ སྔགས་སྲུང་མ་མོའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གླིང་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།