TTDL-ZABTER-07-JA-013

From Dudjom Wiki
Revision as of 09:18, 11 August 2024 by Mort (talk | contribs)

TTDL-ZABTER-07-JA-013
Wylie title TTDL-ZABTER-07-JA-013.pdf
Location bdud 'joms gling pa zab gter
Volume 7, Text 13, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
[edit]
༠༠༠༠བརྡ་ཡིག༢༣༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ གསང་གསུམ་གར་གྱི་རྣམ་རོལ་མོའི༔ བསྟོད་ཆེན་ཚངས་པའི་གླུ་དབྱངས་བཞུགས་སོ༔ ༠༠༠༠བརྡ་ཡིག༢༣༢ཆེ་མཆོག་དྲག་པོ་རྩལ་ལ་ཕྱག་འཚལ་འདུད༔ བདག་འདྲ་རིག་འཛིན་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ཡི༔ བསྟོད་ཆེན་ཚངས་པའི་གླུ་དབྱངས་བསྟན༔ མ་འོངས་ང་ཡི་སྙིང་གི་བུ༔ སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་དུ༔ གདོད་ནས་རྫོགས་ལྡན་ཆེན་པོར་རིག༔ ཡེ་ཤེས་ཀློང་དུ་རྒྱལ་ཀུན་གཅིག༔ སྒྱུ་མ་མཁན་དང་འཕྲུལ་བྱེད་འཕྲུལ༔ དེ་བཞིན་གཉིས་མེད་སོ་སོར་སྟོན༔ རྣམ་མང་མཁའ་འགྲོའི་དཀྱིལ་འཁོར་ཀུན༔ གསང་བ་ཡེ་ཤེས་སྒྱུ་འཕྲུལ་དུ༔ བལྟ་སྟེ་ངོ་མཚར་གྱིས་མངོན་བསྟོད༔ ཧཱུྃ་ཧྲཱིཿསྣང་བ་འོད་གསལ་གཞལ་ཡས་སུ༔ རིག་པ་སྒྱུ་འཕྲུལ་འཁོར་ལོའི་བདག༔ རྣམ་མང་བསྒྱུར་བའི་ཆོ་འཕྲུལ་ཅན༔ སྣང་སྲིད་གཞིར་བཞེངས་ལྷ་ལ་བསྟོད༔ ཆོས་ཉིད་སྒྱུ་མར་རོལ་པ་ཡི༔ མི་གནས་གནས་སུ་སྟོན་དྲག་ཅན༔ མི་མངོན་འཆར་བའི་སྒྱུ་འཕྲུལ་ཅན༔ སྣང་སྲིད་གཞིར་བཞེངས་ཆེན་མོར་བསྟོད༔ འཁོར་འདས་ཀློང་རྫོགས་ཀློང་ཡངས་ཐུགས༔ སྤྲོས་པ་བྲལ་ཞིང་སྤྲོས་པ་འདོམ༔ དབྱིངས་དང་ཡེ་ཤེས་མཉམ་བརྡལ་ཡན༔ སྐྱེ་བ་མེད་པའི་དབྱིངས་རུམ་ནས༔ མི་གཡོ་གཡོ་བའི་རྣམ་འཕྲུལ་ངོམས༔ མི་འགྱུར་འགྱུར་མེད་འགྱུར་བའི་རྩལ༔ དཔག་ཡས་ཞིང་དང་བཀོད་པ་མོ༔ ཀུན་ཁྱབ་ཁྱབ་བདག་མི་གནས་མ༔ ཀུན་བཟང་མོ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་ངང་ལས་གཟུགས་སྐུར་ངོམས༔ འགགས་མེད་རོལ་པའི་གར་མཁན་མོ༔ འཁོར་འདས་དབང་བསྒྱུར་དབང་བྱེད་མོ༔ དབང་གི་ཁ་ཏོག་འབར་བ་མོ༔ གནས་དང་མི་གནས་སྐུའི་བརྡལ་མོ༔ རྡོ་རྗེའི་སྐུ་བདག་དབང་ཕྱུག་མོ༔ ལོངས་སྤྱོད་རྫོགས་སྐུར་སྟོན་པ་མོ༔ གསང་བ་ཡེ་ཤེས་མཁའ་འགྲོའི་སྐུར༔ གུས་འདུད་དགའ་བདེས་ཕྱག་འཚལ་བསྟོད༔ འཁོར་བ་ཡོངས་སྒྲོལ་གད་རྒྱངས་སྒྲ༔ མ་བསྒྲགས་གྲགས་པའི་སྟོང་གསུམ་གཡོ༔ འགགས་མེད་རྡོ་རྗེའི་གསུང་མངའ་མོ༔ གསང་བ་མཁའ་འགྲོ་གསུང་མཆོག་ལ༔ གུས་འདུད་དགའ་བདེས་ཕྱག་འཚལ་བསྟོད༔ གཏིང་བྲལ་ནམ་མཁའ་ལྟ་བུའི་ཐུགས༔ ཡེ་ཤེས་འཁོར་ལོའི་རང་མདངས་ལས༔ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རྫོགས༔ གསང་བ་མཁའ་འགྲོའི་ཐུགས་ལ་བསྟོད༔ འཁོར་འདས་དབང་སྡུད་གྲི་གུག་གཡས༔ ཁམས་གསུམ་ཁྲག་རོལ་ཐོད་ཁྲག་གཡོན༔ ཆོས་སྐུ་སྐྱེ་མེད་གཅེར་བུ་ལ༔ ཚོགས་དྲུག་རང་གྲོལ་རུས་པས་བརྒྱན༔ སྐྱེ་འཆི་གནས་དག་གཞོན་མའི་ཚུལ༔ འཇིག་རྟེན་ལས་འདས་མཚན་དཔེས་སྤྲས༔ ཡེ་གྲོལ་འཁྲུལ་པ་ལས་འདས་པའི༔ མཐོན་མཐིང་རལ་པའི་ཅོད་པན་ཅན༔ ཕྱོགས་མེད་འགྲོ་དོན་མཛད་པའི་ཕྱིར༔ ཟར་བུ་སིལ་མས་སྐུ་རྒྱབ་ཁེབས༔ འགྲོ་དོན་བར་མེད་གར་བསྒྱུར་ཕྱིར༔ ཞབས་གཉིས་གར་སྟབས་བསྒྱུར་མཛད་མ༔ མ་རིག་ལོག་རྟོག་ཟིལ་གནོན་ཕྱིར༔ གཉིས་འཛིན་རཱུ་ཏྲ་ཞབས་ཀྱིས་གནོན༔ འཁོར་བ་གདོད་ནས་མ་ཆགས་བརྡར༔ ཆུ་སྐྱེས་གེ་སར་གཞད་པའི་ཁར༔ ཉོན་མོངས་སྐྱོན་གྱིས་མ་གོས་ཕྱིར༔ ཐབས་དང་ཤེས་རབ་གཉིས་མེད་བརྡར༔ ཉི་མ་ཟླ་བའི་དཀྱིལ་དུ་འགྱིང་༔ དཔའ་བོའི་རྟགས་སུ་ཁ་ཊྭཱྃ་ཀ༔ གདོད་ནས་མ་བཅོས་ཆོས་སྐུ་ལ༔ ཐབས་ཀྱི་འགྲོ་དོན་མཛད་པའི་ཕྱིར༔ ལོངས་སྤྱོད་རྫོགས་པའི་སྐུར་སྟོན་མ༔ མ་ཅིག་གསང་བ་ཡེ་ཤེས་ལ༔ སྙིང་ནས་གུས་པས་ཕྱག་འཚལ་བསྟོད༔ སྐུ་གསུམ་རྩ་གསུམ་ཡོངས་རྫོགས་ཐུགས༔ རྒྱལ་དང་རྒྱལ་སྲས་སྐུ་དང་ཞིང་༔ བཀོད་པ་རབ་འབྱམས་ཁྱོད་ལ་རྫོགས༔ ཐོགས་མེད་རྣམ་བསྒྱུར་མ་ངེས་པའི༔ གང་ལ་གང་འདུལ་སྤྲུལ་དབང་མོ༔ ཕྲིན་ལས་ཐོགས་མེད་རྨད་པོ་ཆེ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿརྔ་ཡབ་ཟངས་མདོག་དཔལ་གྱི་རི༔ དཔའ་བོ་མཁའ་འགྲོའི་སྤྱི་རྗེ་མོ༔ སྤྲུལ་པས་གང་འདུལ་འགྲོ་དོན་མཛད༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་ཡོངས་སུ་རྫོགས་ལ་བསྟོད༔ ཧཱུྃ་ཧྲཱིཿཤར་ཕྱོགས་གཏུམ་དྲག་རབ་འཇིགས་དུར་ཁྲོད་ནས༔ ཞེ་སྡང་རང་གྲོལ་རྡོ་རྗེ་མཁའ་འགྲོ་མ༔ མཚན་དཔེའི་རྒྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ སྤྲུལ་འཁོར་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད༔ ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ ང་རྒྱལ་འཇོམས་མཛད་རིན་ཆེན་མཁའ་འགྲོ་མ༔ ཐུགས་རྗེའི་སྟོབས་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ༔ སྤྲུལ་འཁོར་འབུམ་དང་བཅས་ལ༴ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་མ༔ པདྨ་མཁའ་འགྲོ་སྤྲུལ་འཁོར་བཅས་པ་ལ༔ གུས་འདུད་གདུང་བ་དྲག་པོས༴བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ ཕྲག་དོག་རང་གྲོལ་ལས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་ཐོགས་མེད་རྩལ་གྱིས་འགྲོ་བ་འདྲེན༔ སྤྲུལ་པ་འཁོར་དང་བཅས་ལ༴ཤར་ཕྱོགས་དཀར་གསལ་ཟླུམ་འཁྱིལ་དཀྱིལ་འཁོར་ནས༔ ཞི་བའི་ཕྲིན་ལས་བསྒྲུབ་མཛད་ལྕགས་ཀྱུ་མ༔ སྤྲུལ་པའི་འཁོར་ཚོགས་འབུམ་དང་བཅས་པ་ལ༔ གུས་ཤིང་གདུང་བ་ཆེན་པོས༴ལྷོ་ཕྱོགས་སེར་གསལ་གྲུ་བཞི་གདེངས་པའི་ཀློང་༔ རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་བཅས་ལ༔ གུས་ཤིང་གདུང་བ་དྲག་པོས༴ནུབ་ཕྱོགས་ཟླ་གམ་དབང་གི་དཀྱིལ་འཁོར་དུ༔ དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་བཅས་ལ༔ གུས་ཤིང་གདུང་བ་དྲག་པོས༴བྱང་ཕྱོགས་གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས༔ དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་བཅས་ལ༔ གུས་ཤིང་གདུང་བ་དྲག་པོས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿངོ་བོ་སྐྱེ་མེད་ཀ་དག་ཆོས་ཀྱི་སྐུ༔ གདོད་མའི་ཀུན་ཏུ་བཟང་མོའི་རོལ་པར་བསྟོད༔ རང་བཞིན་མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ༔ གསང་བ་ཡེ་ཤེས་ལས་ཀྱི་དབང་མོར་བསྟོད༔ ཐུགས་རྗེ་ཕྱོགས་མེད་སྣ་ཚོགས་སྤྲུལ་པའི་སྐུ༔ ཡེ་ཤེས་མཚོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་དབྱིངས་ཡེ་ཤེས་ངང་ལས་སྐུར་བཞེངས་པ༔ སྐུ་གསུམ་མཁའ་འགྲོའི་སྐུ་ལ༴མེ་ལོང་ཡེ་ཤེས་ངང་ལས་སྐུར་བཞེངས་པ༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ༴མཉམ་ཉིད་ཡེ་ཤེས་ངང་ལས་སྐུར་བཞེངས་པ༔ རིན་ཆེན་མཁའ་འགྲོའི་སྐུ་ལ༴སོར་རྟོག་ཡེ་ཤེས་ངང་ལས་སྐུར་བཞེངས་པ༔ པདྨ་མཁའ་འགྲོའི་སྐུ་ལ༴བྱ་གྲུབ་ཡེ་ཤེས་ངང་ལས་སྐུར་བཞེངས་པ༔ ལས་ཀྱི་མཁའ་འགྲོའི་སྐུ་ལ༴སྙིང་རྗེའི་རང་མདངས་ཞི་བའི་སྐུར་སྟོན་པ༔ སྒོ་མ་ལྕགས་ཀྱུ་མ་ལ༴བྱམས་པའི་རང་མདངས་རྒྱས་པའི་སྐུར་སྟོན་པ༔ སྒོ་མ་ཞགས་པ་མ་ལ༴དགའ་བའི་རང་མདངས་དབང་གི་སྐུར་སྟོན་པ༔ སྒོ་མ་ལྕགས་སྒྲོག་མ་ལ༴བཏང་སྙོམས་རང་མདངས་དྲག་པོའི་སྐུར་སྟོན་པ༔ སྒོ་མ་དྲིལ་བུ་མ་ལ༴ཡེ་ཤེས་རང་མདངས་སྣ་ཚོགས་གར་བསྒྱུར་བ༔ མ་ཚོགས་མཁའ་འགྲོའི་ཚོགས་ལ༴ཡེ་ཤེས་མཁའ་འགྲོའི་ཚོགས་ལ༴དམ་ཚིག་མཁའ་འགྲོའི་ཚོགས་ལ༴ཐམས་ཅད་མཁའ་འགྲོའི་ཚོགས་ལ༴ཤ་ཟ་མཁའ་འགྲོའི་ཚོགས་ལ༴འཇིག་རྟེན་མཁའ་འགྲོའི་ཚོགས་ལ༴ཤུགས་འགྲོ་མ་ཚོགས་རྣམས་ལ༴ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་ཏེ༔ ཉམས་པ་ཅན་ལ་བཀའ་ཡི་ཆད་པ་གཅོད༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་ཅིང་༔ ཕྲིན་ལས་ཐོགས་མེད་དྲག་པོའི་མཐུ་མངའ་བ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚུལ་བཞིན་གདུང་བ་དྲག་པོས་བསྟོད་པ་ན༔ མཆོད་གསོལ་གང་གིས་འདི་ལ་འགྲན་ཟླ་སུ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་སྙིང་ཐིག་ཡི་གེར་བཀོད༔ ཁོ་མོའི་སྙིང་གི་བུ་དང་འཕྲད་པར་ཤོག༔ བཀའ་འདི་བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལྟ་ལོག་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་ཀློང་མཛོད་ཀྱི་བདག་པོ་མཁའ་འགྲོའི་སྙིང་ཐིག་པདྨའི་གསང་གསུམ་བདུད་རྩིའི་འོ་མཚོ་ལ་རྟག་ཏུ་རོལ་པའི་ཁྱེའུ་ཆུང་གླིང་པ་གར་དབང་བདུད་འཇོམས་རྡོ་རྗེ་ལྷ་བཙུན་འོད་གསལ་སྙིང་པོས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་ཏེ་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་སྔགས་བཙུན་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།སརྦ་མངྒ་ལཾ།།ཤུ་བྷཾ།།།།