TTDL-ZABTER-08-NYA-013

From Dudjom Wiki
Revision as of 13:35, 13 August 2024 by Mort (talk | contribs)

TTDL-ZABTER-08-NYA-013
Wylie title TTDL-ZABTER-08-NYA-013.pdf
Location bdud 'joms gling pa zab gter
Volume 8, Text 13, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཚོགས་མཆོད་འདོད་ཡོན་སྤྲིན་དཔུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༩༡༔ ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་གྱིས༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཏེ༔ ལོངས་སྤྱོད་ཆར་ལྟར་འབེབས་པའི་ཕྱིར༔ འབྱོར་ཚོགས་ཟས་སྣ་བཏུང་སྐྱེམས་ཚོགས༔ རི་རབ་རོལ་མཆོའི་ཚུལ་དུ་སྤུངས༔ ཏིང་འཛིན་འཕྲུལ་གྱི་འདོད་ཡོན་གཏེར༔ བསྒྱུར་ཏེ་ནམ་མཁའ་མཛོད་ཀྱི་སྔགས༔ ལན་བདུན་བརྗོད་ཅིང་བྱིན་གྱིས་བརླབས༔ རྃཿལས་མེ་བྱུང་དངོས་འཛིན་བསྲེགས༔ ཡྃཿལས་རླུང་བྱུང་འབག་རྩོག་གཏོར༔ ཁྃཿལས་ཆུ་བྱུང་བག་ཆགས་སྦྱངས༔ རཾ་ཡཾ་ཁཾ༔ ཨོཾ་གྱིས་ཡེ་ཤེས་བདུད་རྩིར་ཞུ༔ ཨཱཿཡིས་འདོད་ཡོན་སྣ་ཚོགས་སྤེལ༔ ཧཱུྃ་གིས་མི་ཟད་གཏེར་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་བདེ་བ་ཆེན་པོ་ནས༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ སྟོན་འཁོར་ཡོངས་རྫོགས་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་ཚོགས་ལ་རོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བའི་བདག་པོ་རྡོ་རྗེ་ཆོས༔ སྟོན་འཁོར་ཡོངས་རྫོགས་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་ཚོགས་ལ་རོལ༔ གཞན་འཕྲུལ་དབང་བྱེད་ལྷ་གནས་སུ༔ ཏིང་འཛིན་འཕྲུལ་གྱི་རྒྱལ་པོ་ཆེ༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་ཚོགས་ལ་རོལ༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ཏུ༔ འདོད་ཡོན་ལོངས་སྤྱོད་སྒྱུ་འཕྲུལ་མཁན༔ འདོད་པའི་རྒྱལ་པོ་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་ཚོགས་ལ་རོལ༔ དགའ་ལྡན་ལྷ་ཡི་གནས་མཆོག་ཏུ༔ དགའ་དང་བདེ་བའི་དབང་ཆེན་པོ༔ ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ ཞས་ཟས་རོ་བརྒྱའི་ཚོགས་ལ་རོལ༔ གཞན་ཡང་ཁྱོད་ཀྱི་བཀའ་སྡོད་འཁོར༔ མ་ལུས་ལུས་པ་མེད་པ་ཀུན༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་ཚོགས་ལ་རོལ༔ སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༔ ཐུགས་ཀྱི་མི་བཞེད་དག་གྱུར་ཅིག༔ གྲོགས་ལྟར་བསྟེན་ནོ་ཕྲག་མ་དོག༔ སྤུན་ལྟར་བསྟེན་ནོ་བརྩེ་མ་ཆུང་༔ བྲན་ལྟར་བསྟེན་ནོ་ལས་མ་གཡེལ༔ འབངས་ལྟར་བསྟེན་ནོ་གོང་མ་གཡེལ༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ སྒྲུབ་པའི་ཚེ་ན་ཐུགས་མ་གཡེལ༔ བསྐུལ་བའི་དུས་སུ་བང་མ་བུལ༔ དངོས་གྲུབ་བསྐུལ་ཚེ་སྟེར་མ་ཞན༔ ཞི་ལས་བཅོལ་ཚེ་བྱིན་མ་ཆུང་༔ བཟློག་ལས་བཅོལ་ཚེ་སྟོབས་མ་ཞན༔ རྒྱས་པའི་ལས་ལ་རྒྱ་མ་ཆུང་༔ དབང་གི་ལས་ལ་བློ་མ་ཞན༔ དྲག་པོའི་ལས་ལ་རྩལ་མ་ཆུང་༔ དགྲ་ལ་རྦད་ཚེ་དུས་མ་འགྱངས༔ ང་དང་ཁྱོད་གཉིས་སྲིད་འཚོའི་བར༔ སྐད་ཅིག་ཙམ་ཡང་འབྲལ་མི་བྱ༔ དམ་ཚིག་གཉན་པོ་གཏའ་རུ་འཇོག༔ ལྷ་ཁྱོད་སྒྲུབ་པའི་དོན་མ་ཆུང་༔ གལ་ཏེ་ཁྱོད་ཀྱིས་ང་བསླུ་ན༔ དམ་ཚིག་གཉན་པོའི་ཁྲིམས་དང་འགལ༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ དེ་བས་མ་འདའ་ས་མ་ཡ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་མཆོད་འབུལ་བ་ནི༔ ཧཱུྃ༔ རིག་འཛིན་རྒྱལ་པོ་པདྨ་འབྱུང་༔ གསང་སྔགས་བདག་པོ་རྡོ་རྗེ་ཆོས༔ འཁོར་དང་བཅས་པ་ཐམས་ཅད་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ དྲང་སྲོང་ལྷ་ཡི་བླ་མ་ཆེ༔ དབང་ཕྱུག་ཆེ་དང་ཚོགས་ཀྱི་བདག༔ འདོད་རྒྱལ་ཡབ་ཡུམ་སྲས་འཁོར་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ སརྦ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་རྩ་གསུམ་བདག་ཉིད་དང་༔ དབང་ཕྱུག་ཚོགས་བདག་སྤྱན་སྔ་རུ༔ སྡོམ་དང་དམ་ཚིག་ཉམས་པ་ཀུན༔ མི་འཆབ་མི་སྦེད་ཚོགས་ཀྱིས་བཤགས༔ ཨོཾ་བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དེ་ནས་བསྒྲལ་ལས་བྱ་བ་ལ༔ ཧཱུྃ༔ མ་རིག་གཟུང་འཛིན་རྐྱེན་སྣང་གི༔ བདུད་དང་རཱུ་ཏྲ་ལོག་འདྲེན་ཀུན༔ བླ་མ་མཆོག་གི་ཡོན་ཏན་དང་༔ དབང་ཕྱུག་ཆེན་པོའི་སྟོབས་ཀྱིས་སོད༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བདག་ལྟའི་རཱུ་ཏྲ་བསྒྲལ་བ་ཡི༔ ཤ་ཁྲག་དྲོད་དབུགས་ཕུང་པོ་ཁམས༔ བླ་མ་མཆོག་དང་དབང་ཕྱུག་གི༔ ཞལ་དུ་བསྟབས་པོ་ལྷག་མེད་རོལ༔ མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཨོཾ་ཨཱཿཧཱུྃ༔ འགྲོ་བ་དྲུག་དང་ལམ་རྒྱུད་ལྔ༔ ཁམས་གསུམ་ལ་གནས་སེམས་ཅན་ལ༔ འདོད་ཡོན་ལྷག་མའི་བཤལ་ཆུ་འབུལ༔ སོ་སོའི་ཡིད་མཐུན་འབྱུང་གྱུར་ཅིག༔ ས་མ་ཡ་ཨུཙྪིཥྚ་བ་ལིང་ཏ་ཁཱ་ཧི༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་འདིས༔ དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ བགེགས་རིགས་ཐམས་ཅད་གྲོལ་གྱུར་ཅིག༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཅིག༔ སྒྲིབ་གཉིས་བག་ཆགས་བྱང་གྱུར་ཅིག༔ ལྷ་ལ་ཉེས་འགལ་མེད་པར་ཤོག༔ འགྲོ་དོན་ཕྱོགས་མེད་འབྱུང་གྱུར་ཅིག༔ ལན་ཆགས་བུ་ལོན་སོད་གྱུར་ཅིག༔ ཤ་མཁོན་རྩོད་པ་ཞི་གྱུར་ཅིག༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ ཐམས་ཅད་དགའ་བདེའི་དཔལ་ཐོབ་ཤོག༔ ཅེས་སྨོན་ལམ་གདབ་བོ༔ འདི་ཡིས་ཉམས་པ་སོར་ཆུད་ནས༔ སྙིང་ཉེ་བྱམས་བརྩེ་དང་ལྡན་འགྱུར༔ དེ་མཐུས་འདོད་དོན་ཀུན་ཡང་འགྲུབ༔ ལོངས་སྤྱོད་སྤེལ་ལ་འདི་གལ་ཆེ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་སློབ་མའི་མཆོག་གྱུར་འཇིགས་མེད་བློ་གྲོས་དབང་པོ་དང་བསོད་ནམས་བཀྲ་ཤིས་གཉིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྡོ་རྗེའོ།།དགེའོ།།།།