TTDL-ZABTER-09-TA-021

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-021
Wylie title TTDL-ZABTER-09-TA-021.pdf
Location bdud 'joms gling pa zab gter
Volume 9, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༡༥༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཏེར་བདག་ཡིད་བཞིན་འཁོར་ལོ་ཨ་པ་རའི་སྲོག་དབང་སྣང་སྲིད་དབང་བྱེད་བཞུགས་སོ༔ ༠༠༠༠བརྡ་ཡིག༡༦༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིགཁམས་གསུམ་དབང་བྱེད་དབང་ཆོག་ནི༔ ལག་ཏུ་ལེན་པའི་རིམ་པ་ལ༔ སྣོད་དུ་མི་རུང་བག་ཆགས་གྲིབ༔ དག་བྱེད་ཆུ་ཡིས་སྦྱངས་བྱས་ཏེ༔ གསང་བ་བཅུད་ལ་མི་དབང་བའི༔ བར་ཆད་བགེགས་ཚོགས་གཏོར་མས་རྫོངས༔ དྲག་པོའི་དམིགས་གནད་འཁྲུལ་འཁོར་གྱིས༔ བསྐྲད་ཅིང་བསྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་མ་དག་སྒོ་གསུམ་པོ༔ དག་པ་ཡེ་ཤེས་སྒྱུ་མའི་སྐུར༔ བསྒོམ་པས་སྣོད་དུ་རུང་བར་བྱ༔ དབང་ཡོན་གསེར་གྱི་མཎྜལ་ཕུལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱཻ༔ སྨིན་གྲོལ་ཀློང་མཛོད་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ གནོད་སྦྱིན་གཏེར་བདག་ཨ་པ་རའི༔ སྲོག་གི་དབང་མཆོག་སྩལ་དུ་གསོལ༔ ལན་གསུམ་བརྗོད༔ དེ་ནས་ལན་བཏབ་པ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ སྒྲུབ་མཆོད་བསྙེན་སྒྲུབ་ལ་བརྩོན་ན༔ དབུལ་འཕོང་འབྱོར་རྒུད་སྐྱོབ་པའི་ཕྱིར༔ གནོད་སྦྱིན་འདུས་པའི་དབང་བསྐུར་བྱ༔ ཞེས་གནང་བ་སྦྱིན༔ དེ་ནས་གཏོར་མ་ལྷར་གསལ་ཞིང་སྤྱན་འདྲེན་པ་ནི༔ མདུན་གྱི་གཏོར་མ་མི་དམིགས་པའི་ངང་ལས་ནོར་བདག་ཆེན་པོ་ཁྲོ་བོའི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ་ཕྱག་གཡས་ནོར་བུ་རིན་པོ་ཆེ་འབར་བ་ལས་འདོད་རྒུའི་ཆར་དུ་འབེབས་པ༔ གཡོན་པས་ནེའུ་ལེའི་ཁ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་ལྷའི་ལོངས་སྤྱོད་ལྟ་བུར་རྒྱུན་མི་ཆད་པར་འབྱུང་བ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ནོར་བུ་དབང་རྒྱལ་དམར་པོའི་ཕྲེང་བས་སེ་རལ་ཁར་ཐོགས་པའི་འོད་ཀྱིས་སྣང་སྲིད་དབང་དུ་བྱེད་པའི་གནས་ལྔར་རྣམ་སྲས་ཛམ་ལྷ་རིགས་ལྔ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་དང་༔ རང་ཉིད་རྡོ་རྗེ་གཏུམ་པོའི་ཐུགས་ཀའི་འོད་ཟེར་གྱིས་དབྱིངས་བཞུགས་ཀྱི་ཡེ་ཤེས་པ་རྣམས་སྤྱན་དྲངས་ལ་བསྟིམ་མོ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོ༔ དེ་ནས་དམ་ཚིག་གི་བདུད་རྩི་དེ་ལ་དབྱིངས་ནས་རྡོ་རྗེ་ཁྲོ་བོ་གནོད་སྦྱིན་དང་གསང་བདག་ཕྱག་ན་རྡོ་རྗེ་གཉིས་ཀ་འོད་མཐིང་གའི་རྣམ་པར་བསྟིམ་པས་གཉིས་སུ་མེད་པར་འདྲེས་པར་བསམ༔ དམ་ཆུ་དེ་ལྷ་མི་གཉིས་ལྕེ་ལ་བཞག་པར་བསམ་ལ༔ ཀྱཻ༔ ནོར་བདག་ཨ་པར་དཀར་པོ་དང་༔ སྐལ་ལྡན་རིགས་ཀྱི་སློབ་མ་རྣམས༔ མནའ་ཐོ་བྱའོ་མནའ་མ་ཟ༔ དམ་ཚིག་བསྲེའོ་དམ་མ་ཉམས༔ དུས་གསུམ་རྒྱལ་བ་དཔང་བཙུགས་ཏེ༔ རྡོ་རྗེའི་དམ་ཚིག་ཆུ་འདི་འཐུང་༔ མི་འདའ་སྲོག་གི་གཏའ་རུ་ཟུངས༔ ཞེས་ལྷ་མི་གཉིས་ཀྱིས་མཉམ་དུ་འདི་ལྟར་ཁས་བླངས་པར་བསམ༔ ཀྱཻ༔ རྡོ་རྗེ་བླ་མའི་སྤྱན་སྔ་རུ༔ ཇི་ལྟར་བསྒོ་བ་དེ་བཞིན་དུ༔ མི་འདའ་རྡོ་རྗེའི་དམ་ཚིག་ཡིན༔ ས་མ་ཡ་ན་ར་ཀན༔ ཞེས་སྔགས་ལན་གསུམ་བསྐྱར་ཏེ་སློབ་མའི་ལྕེ་ལ་བཞག་ཅིང་གཏོར་མ་ལ་ཡང་བྲན་ཏེ༔ དམ་ཚིག་གི་བདུད་རྩི་དེ་འོད་ཕུང་དཀར་སྔོན་ཞིག་ཏུ་གྱུར་ནས་ལྷ་མི་གཉིས་ཀྱི་སྙིང་གི་དཀྱིལ་དུ་སོང་བ་ཙིཏྟ་མཆོང་གུར་སྨུག་པོ་ལྟ་བུའི་ཀློང་དུ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོའི་ངོ་བོ་རྡོ་རྗེ་སྔོན་པོ་རྭ་གདེངས་པ་གྱེན་བསླང་དུ་ཡོད་པའི་ལྟེ་བར་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་ཧཱུྃ་གིས་མཚན་པ་ཅན་ཞིག་ཏུ་གྱུར་དེ་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསྒོམ༔ དེ་ནས་གཏོར་མ་སློབ་མའི་སྤྱི་བོར་བཞག་པས་ནོར་བདག་ཆེན་པོ་སློབ་མ་ལ་ཐིམ་པར་བསམ་སྟེ༔ སློབ་མ་ནོར་བདག་ཆེན་པོའི་སྐུ་ཇི་ལྟ་བ་བཞིན་དུ་བསྐྱེད་དེ་ཡེ་ཤེས་པ་དབབ་ཅིང་༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ དེ་ནས་ནོར་བདག་ཨ་པར་དཀར་པོའི་སྐུ་གཏད་ལ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་སྤྲུལ་པའི་གར༔ ནོར་བདག་ཨ་པར་ཙིཏྟ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨ་པ་ར་ཙིཏྟ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ནོར་བདག་དཀར་པོ་སློབ་མ་ལ་ཐིམ་པས་སྐུ་ཡིད་ལ་དྲན་པ་ཙམ་གྱིས་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་རྣམ་སྲས་ཛམ་ལྷ་རིགས་ལྔའི་སྐུ་གཏད་ལ༔ ཧཱུྃ༔ ནོར་བདག་རྒྱལ་པོ་ཨ་པ་རའི༔ རང་བྱུང་ཡེ་ཤེས་ཕྲིན་ལས་གར༔ རྣམ་སྲས་ཛམ་ལྷ་རིགས་ལྔ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གནོད་སྦྱིན་ཡོངས་ལ་དབང་ཐོབ་ནས༔ མི་ཟད་གཏེར་ལ་སྤྱོད་པར་ཤོག༔ ཨོཾ་བཻ་ཤྲ་མ་ཎ་བུདྡྷཱ་བཛྲ་རཏྣ་པདྨ་ཀརྨ་ཛམ་བྷ་ལ་སརྦ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་ནོར་བདག་གི་སྔགས་གསུམ་ཐོགས་ལ༔ ཧཱུྃ༔ ནོར་བདག་ཨ་པར་དཀར་པོ་ཡི༔ གསུང་གི་གསང་བ་འདུས་པའི་སྔགས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པར་བཞག༔ གནོད་སྦྱིན་ནོར་གྱི་བདག་པོ་ཡི༔ གསུང་གསང་སྔགས་ཀྱི་དབང་ཐོབ་སྟེ༔ བཟླས་པ་ཙམ་གྱིས་འགྲུབ་གྱུར་ཅིག༔ ཨ་པ་ར་ཙིཏྟ་ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ནོར་བདག་ཨ་པ་ར་ཙིཏྟའི་གསུང་གི་སྙིང་པོ་སྔགས་གསུམ་འོད་དཀར་དང་བཅས་པ་སློབ་མའི་མགྲིན་པར་ཐིམ་པས་བཟླས་པ་ཙམ་གྱིས་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཨ་པ་ར་ཙིཏྟའི་སྲོག་ཡིག་ཏྲིཿདང་ཤཿདང་ཨ་ཡིག་རྣམས་གཏད་ལ༔ ཧཱུྃ༔ གནོད་སྦྱིན་ཨ་པར་ཙིཏྟ་ཡི༔ སྲོག་གི་སྙིང་པོ་འདི་གཏད་པས༔ གནོད་སྦྱིན་སྲོག་ལ་དབང་ཐོབ་ནས༔ ལོངས་སྤྱོད་གཏེར་ལ་དབང་འབྱོར་ཤོག༔ ཨ་པ་ར་ཙིཏྟ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནོར་བུ་དང་ནེའུ་ལེ་གཏད་ལ༔ ཧཱུྃ༔ རྒྱལ་བའི་ཡོན་ཏན་ཕྲིན་ལས་གཏེར༔ འདོད་རྒུ་འབྱུང་བའི་ནེའུ་ལེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གནོད་སྦྱིན་ཨ་པར་ཙིཏྟ་ཡི༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨ་པ་ར་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཨ་པ་རའི་བླ་རྡོ་གཏད་ལ༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་ཨ་པ་རའི༔ སྒྲུབ་རྟེན་བླ་རྡོ་འདི་གཏད་པས༔ ནོར་བདག་ཨ་པར་དཀར་པོ་དང་༔ གནོད་སྦྱིན་གཏེར་བདག་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ ཨ་པ་ར་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབྱིངས་ནས་གནོད་སྦྱིན་གཏེར་བདག་ནོར་ལྷ་ཐམས་ཅད་ཨ་པ་ར་ཙིཏྟ་དཀར་པོ་ཁྲོ་བོའི་ཆ་བྱད་ཅན་གཡས་ནོར་བུ་འབར་བ་དང་གཡོན་ནེའུ་ལེ་བསྣམས་པ་ཞིག་ཏུ་གྱུར་ཏེ་སློབ་བུ་ལ་ཐིམ་པས་གནོད་སྦྱིན་ཡོངས་ཀྱི་སྲོག་ལ་དབང་ཐོབ་པར་བསམ༔ མཐའ་རྟེན་རྣམས་སྤྱི་ལྟར་རོ༔ ཞེས་དབང་རྫས་རྣམས་མགོ་ཐོག་བཏེགས་ཏེ་དབང་ཐོབ་པ་དང་བསྒྲུབ་པ་ཙམ་གྱིས་འགྲུབ་པའི་སྨོན་ལམ་བཏབ༔ སྨོན་ལམ་འགྲུབ་པའི་སྔགས་དང་བདེན་བརྗོད་པའི་རིགས་དཔོན་སློབ་ཀུན་གྱིས་ལན་བདུན་རེ་བརྗོད༔ དེ་ལྟར་དབང་འདི་ཐོབ་ནས་སླར༔ བླ་མར་དམ་ཚིག་བསྲུང་བ་དང་༔ བསྒྲུབ་མཆོད་རྟགས་ཐོན་བར་དུ་བྱ༔ རྟག་ཏུ་བསྐང་གསོལ་རྒྱུན་མི་འཆད༔ མཆོད་ཡུལ་ཞིང་དུ་འབྱོར་ཚོགས་ཀྱིས༔ མཆོད་པའི་རིགས་མང་འབུལ་བ་དང་༔ སྦྱིན་པའི་ཡུལ་གྱུར་གར་རུང་ལ༔ ལེན་དང་རྣམ་སྨིན་མི་རེ་བས༔ སྦྱིན་པ་ཅི་མང་གཏོང་བྱུང་ན༔ འབྱོར་པ་རྒྱས་ཤིང་མངའ་ཐང་འཕེལ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་གདོང་དཔོན་ལྷུན་གྲུབ་རྡོ་རྗེ་དང་དགེ་ལེགས་དཔལ་བཟང་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་རྣམས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ཆོས་ཀྱི་གྲགས་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།