TTDL-ZABTER-13-PA-019

From Dudjom Wiki
Revision as of 09:38, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-13-PA-019
Wylie title TTDL-ZABTER-13-PA-019.pdf
Location bdud 'joms gling pa zab gter
Volume 13, Text 19, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་ཕྲིན་ལས་ཀྱི་གར་མཁན་སྤྱང་ཞོན་ལྷ་མོ་མཆེད་གསུམ་གྱི་ཕྱག་རྒྱ་ཕྱོགས་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༦༥དབྱིངས་ཀྱི་རྗེ་མོ་བསྒྲུབ་པ་ཡི༔ སྔགས་འཆང་དམ་པའི་མངོན་སྤྱོད་ལས༔ བསྒྲུབ་ཕྱིར་འདི་ལ་འབད་པ་གལ༔ ཟངས་ལྕགས་སྣོད་དུ་གཏོར་མ་ནི༔ གཙོ་ལ་ཁྱུད་གང་འཁོར་སོར་ལྔ༔ ཁྲག་རྐོང་སྐྱུ་གུ་བ་ལིང་དང་༔ དྲག་པོ་རྣམ་ལྔ་དག་གིས་བསྐོར༔ རང་ཉིད་སྤྱི་དཔལ་ཆེན་པོར་བསྒོམ༔ མདུན་དུ་དུར་ཁྲོད་ཁྲག་མཚོའི་དབུས༔ མེ་རླུང་སྐྱིན་ཐང་འཁྲིགས་པའི་ཀློང་༔ དབྱིངས་ཀྱི་རྗེ་མོའི་ཕྲིན་ལས་ཀྱི༔ དབང་ཕྱུག་ལས་ཀྱི་གར་མཁན་མོ༔ བུད་མེད་ནག་མོ་ལྕགས་སྤྱང་མགོ་དགུ་ཆིབས༔ གཡས་པས་སྤུ་གྲི་གཡོན་པས་བདུད་ཞགས་འཕེན༔ གཡས་སུ་གསོད་བྱེད་ཁྲག་གི་རལ་པ་ཅན༔ བུད་མེད་དམར་མོ་མཚལ་སྟག་མགོ་དགུ་ཆིབས༔ གཡས་པས་གྲི་ཁུག་གཡོན་པས་གློ་སྙིང་འདྲེན༔ གཡོན་དུ་སྒྲོལ་བྱེད་ལས་ཀྱི་ཕོ་ཉ་མོ༔ བུད་མེད་ལྗང་མོ་ཟངས་འཕར་མགོ་དགུ་ཆིབས༔ ཕྱག་གཡས་གྲི་གུག་གཡོན་པས་ལྕགས་ཀྱུ་བསྣམས༔ གསུམ་ཀ་གཅེར་བུ་རལ་པ་ས་ལ་དྲུད༔ ནད་རྐྱལ་མཆན་བཅུག་འཇིགས་པའི་ང་རོ་སྒྲོགས༔ རང་འདྲའི་མ་མོ་འབུམ་སྡེ་ལས་ལ་འགྱེད༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པར་བྱེད༔ རྒྱལ་བའི་ཞིང་དང་འབྱུང་བ་ལྔའི་དབྱིངས་ནས༔ དབྱིངས་ཕྱུག་ཁ་བ་བབས་ལྟར་སྤྱན་དྲགས་བསྟིམ༔ མ་བྷྱོ་ཛ་ཧྲཱིང་དཱེ་ཝི་ཀ་ལི་ཡཀྨོ་རཀྨོ་རུ་མོ་ཕེམ་ཛ༔ ཞེས་མི་ཚིག་གིས་བར་མི་གཅོད་ཅིང་སྟན་གྱི་དྲོད་མི་ཡལ་བར་ཤེས་པ་ཡེངས་མེད་ཀྱི་ངང་ནས་འབོད་པ་འདི་ལ་རྟགས་མ་བྱུང་བར་དུ་འབད་པར་བྱའོ༔ འདི་ནི་འགྲུབ་རྟགས་མ་ཐོན་བར༔ བསྒྲུབ་པའི་སྐྱེས་བུ་སུ་ཡང་རུང་༔ མངོན་སྤྱོད་ལས་ཀུན་ཐོགས་མེད་འགྲུབ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ དགྲ་བགེགས་གདུག་པ་ཀུན་སྒྲོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་ངག་གི་དབང་པོས་བསྐུར་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།།།