TTDL-ZABTER-13-PA-067

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-13-PA-067
Wylie title TTDL-ZABTER-13-PA-067.pdf
Location bdud 'joms gling pa zab gter
Volume 13, Text 67, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་མ་ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་ཡིད་བཞིན་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༥༩ལོངས་སྤྱོད་དཔལ་གྱིས་ཕྱུག་པའི་ཕྱིར༔ དཔལ་གྱི་ལྷ་མོའི་བསྒོམ་བཟླས་བྱ༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་ལ༔ སྔགས་དང་ཏིང་ངེ་འཛིན་གྱིས་བརླབས༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་མཁར་རིན་ཆེན་ཁྲི་ཡི་ཁར༔ པདྨ་ཟླ་རྒྱས་གདན་སྟེང་དུ༔ འདོད་རྒུའི་དཔལ་སྟེར་ལྷ་མོ་ནི༔ སྐུ་མདོག་སེར་ལྗང་འོད་ཕུང་འབར༔ ཕྱག་གཡས་ནོར་བུ་བསམ་འཕེལ་དང་༔ གཡོན་པས་གཏེར་གྱི་བུམ་པ་བསྣམས༔ ཞི་འཛུམ་ཞབས་གཉིས་རོལ་སྟབས་ཅན༔ གཞོན་ཚུལ་མཚན་དཔེའི་ལང་ཚོས་མཛེས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ འཇའ་ཚོན་འོད་ལྔའི་གུར་ཁང་འཁྲིགས༔ དྭངས་གསལ་སྐུ་ཡི་ཀློང་དཀྱིལ་དུ༔ རྒྱ་མཚོའི་ནང་གི་གཟའ་སྐར་བཞིན༔ ནོར་བདག་ལྷ་མོ་མ་རྒྱུད་རྣམས༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དཔལ་གྱི་ལྷ་མོ་དང་༔ ནོར་ལྷ་གཏེར་བདག་མ་ལུས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་དཔལ་ཆེན་མོ༔ བརྩེ་དང་ཐུགས་རྗེས་བདག་ལ་དགོངས༔ རྫུ་འཕྲུལ་སྟོབས་དང་ཤུགས་ཀྱིས་བྱོན༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ཕྱག་འཚལ་ནི༔ ཛཿདཔལ་ཆེན་ལྷ་མོ་འཁོར་དང་བཅས༔ མཐོ་ཞིང་ཡངས་པའི་གདན་ལ་བཞུགས༔ སྒྱུ་མ་འཕྲུལ་གྱི་རྣམ་རོལ་པས༔ དད་ཅིང་གུས་པས་ཕྱག་འཚལ་ལོ༔ བཛྲ་ས་མ་ཡ་སྟྭཾ་ན་མོ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཕྱི་ནང་གསང་མཆོད་འདོད་རྒུའི་གཏེར༔ ནོར་བདག་ལྷ་མོའི་ཚོགས་ལ་འབུལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་ག་ཎ་པཱུ་ཛ་བ་ལིཾ་ཏ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ གདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ ལྷུན་གྲུབ་ཡོན་ཏན་དུ་མའི་སྐུར་སྣང་བ༔ ཐུགས་རྗེའི་རོལ་པ་འགྲོ་བའི་དཔལ་དུ་ངོམས༔ ནོར་བདག་དཔལ་གྱི་ལྷ་མོ་ཁྱོད་ལ་བསྟོད༔ དེ་ནས་འབོད་སྔགས་ལ༔ ཨོཾ་དཱེ་ཝི་ཤྲཱི་མ་ཧཱ་ས་མ་ཡ་ཛཿདེ་ནས་དངོས་གྲུབ་བསྒྲུབ་པ་ནི༔ ཨོཾ་དཱེ་ཝི་ཤྲཱི་མ་ཧཱ་སརྦ་རཏྣ་བ་སུ་ཁ་དྷེ་སིདྡྷི་ཕ་ལ་ཧོཿདེ་ནས་ལས་ལ་སྦྱོར་བ་ནི༔ ཨོཾ་དཱེ་ཝི་ཤྲཱི་མ་ཧཱ་ས་མ་ཡ་ནྲྀཿཏྲི་ཨ་ཀཪྴ་ཡ་ཛ་སརྦ་སིདྡྷི་ཕ་ལ་ཧོཿདེ་ལྟར་བསྒོམ་བཟླས་གནད་ལྡན་པས༔ ལྷ་མོ་ལུས་དང་གྲིབ་བཞིན་འཁོར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་རྣལ་འབྱོར་མདོ་སྔགས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ལྷ་མོའི་བསྐང་གསོལ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ནམ་མཁའ་མཛོད་སྔགས་མཐར༔ ཀྱཻ༔ དད་དང་དམ་ཚིག་དཔང་བཙུགས་ཏེ༔ དཔལ་གྱི་ལྷ་མོ་འཁོར་བཅས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བདག་གིས་བརྟེན་པའི་ལྷ་རུ་བཞུགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་མི་ཟད་གཏེར་ཆེན་པོས༔ དཔལ་ཆེན་ལྷ་མོའི་ཐུགས་དམ་བསྐང་༔ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཀུན་བཤགས༔ བསོད་ནམས་དཔལ་དང་ཡོན་ཏན་བསྐྱེད༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སྣང་སྲིད་ཕྱྭ་གཡང་དབང་བསྡུས་ལ༔ བདག་གི་ཕྱྭ་དང་གཡང་དུ་སྩོལ༔ མི་ཕྱུགས་ནད་རིམས་གོད་ཡམས་ཐུལ༔ མུ་གེའི་བསྐལ་པ་དབྱིངས་སུ་བཟློག༔ དམ་ཚིག་ཐུགས་རྗེའི་དུས་ལ་བབ༔ དེ་ཡིས་བསམ་དོན་ཡིད་བཞིན་འགྲུབ༔ དགེ་ལེགས་དཔལ་གྱི་ཕྱུག་པར་འགྱུར༔ ས་མ་ཡ༔ ཞེས་པ་འདི་ཡང་ཨ་བོ་བླ་མ་མདོ་སྔགས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།།།