TTDL-ZABTER-13-PA-088

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-13-PA-088
Wylie title TTDL-ZABTER-13-PA-088.pdf
Location bdud 'joms gling pa zab gter
Volume 13, Text 88, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་བཙན་རྒོད་ཆེན་པོའི་མིག་འཕྲུལ་ཕུང་བྱེད་ནག་པོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མིག་འཕྲུལ་ཕུང་བྱེད་བྱ་ཐབས་ལ༔ བཙན་རྒོད་གྲུབ་འབྲས་མངོན་གྱུར་ནས༔ ལས་འདིར་བཀོལ་ན་བསམ་དོན་འགྲུབ༔ དེ་ལ་ཁྱི་དམར་རྟ་དམར་དང་༔ ར་དམར་སྲེ་མོ་ཏེ་ལོ་ཡི༔ ཤ་ཁྲག་བསྲེས་ཏེ་བག་ཟན་ལ༔ ཤ་བ་ཡི་ནི་གཟུགས་བྱས་ལ༔ རྔ་མ་སྦྲུལ་ལ་སྒལ་སྟེང་དུ༔ མི་དམར་ཁ་སྦུབས་ཡོད་པར་བཅའ༔ དེ་ཡི་ལྟོ་བར་ཤོག་བུ་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཙ་རུ་ཤུ་ལ་ཏྲི་བཛྲ་ས་མ་ཡ་སྡང་བའི་དགྲ་བོ་ཆེ་གེ་མོའི་མིག་བསླུས་ཤིག༔ ཤེས་པ་འཕྲུལ་ཅིག༔ ཤ་བ་སྦྲུལ་འཇུག་མི་ཁུར་གྱི་གཟུགས་སྟོན་ཅིག༔ ཐན་ཆོས༔ ཐན་རྒྱུག༔ ཐན་བྷྱོ༔ ཐན་ཕོབ༔ ཙཀྵུ་ག་ན་ས་པ་ཏྲ་པཱུ་ཏྲ་ཕཊ༔ ཅེས་དྲིལ་ཏེ་བཅུག༔ དེ་ནས་དགྲ་བོའི་ཁྱིམ་དུ་བསྒོམ་སྟེ་རེ་བའམ་བྲུབ་ཁུང་གང་ཡང་རུང་བའི་ནང་དུ་བཞག་ལ༔ བཙན་རྒོད་སྒྲུབ་པའི་ཁོག་ཕུབ༔ བསྐང་གསོལ་མང་དུ་བྱས་མཐར༔ མདུན་དུ་གནོད་སྦྱིན་བཙན་རྒོད་ཆེན་པོ་གསལ་བའི་ཐུགས་ཀ་ནས་ཡི་གེ་ཏྲིཿདམར་ནག་འོད་དང་བཅས་པ་ཆད་དེ་མདུན་གྱི་ཤ་གཟུགས་ལ་ཐིམ༔ དེ་ཉིད་གནས་གྱུར་ཏེ་བཙན་གྱི་ཤ་བ་དམར་པོ་སྦྲུལ་གྱི་མཇུག་མ་ཅན་ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བ་མིག་ནས་གློག་ཞགས་བརྡེབ་པ་སྒལ་སྟེང་དུ་མི་དམར་ཁ་སྦུབས་སུ་ཞོན་པ་འཇིགས་སུ་རུང་བ་བལྟར་མི་ཕོད་པ་ཞིག་ཏུ་གྱུར༔ དེ་ལས་འོད་འཕྲོས་པས་བཙན་རྒོད་ཆེན་པོའི་ཐུགས་ཀར་ཕོག་པས་དམ་ཚིག་དབང་གིས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་དེའི་ཐུགས་ཀའི་འོད་ཟེར་གྱིས་དམ་ཅན་རྡོ་རྗེ་ལེགས་པ་ཐེའུ་རང་མོན་པ་སྟོང་སྡེ་དང་བཅས་པ་བཙན་འགོང་ཡོངས་ཀྱི་རྒྱལ་པོ་ཐན་ལྟས་ངན་གྱི་བདག་པོ་སྤྱན་དྲངས་ཏེ་ཤ་བའི་གཟུགས་ལ་ཐིམ་པར་གྱུར༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ བཙན་གྱི་ཡུལ་ནས་གཤེགས་སུ་གསོལ༔ རྒྱལ་པོའི་ཡུལ་ནས་གཤེགས་སུ་གསོལ༔ དཀོར་ཁང་དག་ནས་གཤེགས་སུ་གསོལ༔ ཆོས་འཁོར་ཀུན་ནས་གཤེགས་སུ་གསོལ༔ ཁྱོད་ཀྱི་སྟོབས་དང་ཤུགས་ཕྱུང་ལ༔ ལྟས་ངན་ཐན་གྱི་བདག་པོ་རྣམས༔ ཐན་གཟུགས་འདི་ལ་བསྟིམ་པར་མཛོད༔ བདག་ལ་སྡང་བའི་དགྲ་བོ་ལ༔ ཤ་བ་སྦྲུལ་མཇུག་མི་ཁུར་སོགས༔ ལྟས་ངན་ཐན་གྱི་ཆར་པ་ཕོབ༔ ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛ་ཕེཾ་ཕེཾ་ཨ་ཝེ་ཤ་ཡ་ཨཱཿཞེས་འབྱུང་བ་ལྔའི་ཁམས་ནས་བཙན་འགོང་ཐེའུ་རང་ཐམས་ཅད་ཤ་བ་དམར་པོ་སྦྲུལ་མཇུག་རོ་ཁུར་གྱི་རྣམ་པར་ཐན་གཟུགས་ལ་རྒྱུན་མི་འཆད་པར་ཐིམ་པར་བསམ་ལ༔ ར་ཙ་ཤུ་ལ་ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཕེཾ་ཕེཾ་ཛཿཞེས་བར་མ་ཆད་པར་ཆུ་རྒྱུན་བཞིན་དུ་བཟླ༔ རྟགས་ནི་ཐོག་འཚེགས་འུར་ཆེན་འབྱུང་༔ རླུང་དམར་གཡོ་བ༔ ཤ་འགུལ་རྒྱུག་པ༔ རྡུལ་དང་རྡོ་ཆར་འབེབས་པ༔ མེ་སྟག་མཆེད་པ༔ གཟུགས་ལ་འོད་ཤར་བ༔ གཟུགས་མི་སྡུག་པ་མཐོང་བ༔ དགྲ་ཡུལ་དུ་དམག་ཆས་པ་རྣམས་དངོས་སམ་ཉམས་རྨི་ལམ་དུ་བྱུང་ན་རྦད་རན་པའི་རྟགས་ཏེ་ཐན་གཟུགས་ཀྱི་ཁ་དགྲ་ཡུལ་དུ་བསྐོར་ཏེ༔ ཏྲི་ར་ཙ་ཤུ་ལ་ཏྲི་བཛྲ་སཱ་དྷུ་ས་མ་ཡ༔ ཆེ་གེ་མོའི་མིག་འཕྲུལ་ཅིག༔ ཡིད་འཕྲུལ་ཅིག༔ དྲན་པ་འཕྲོག་ཅིག༔ ལྟས་ངན་གྱི་ཆར་པ་ཕོབ་ཡ་ཕོབ་ཡ༔ སྟོན་ཡ༔ སྟོན་ཡ༔ ཛཿཧཱུྃ་བཾ་ཧོཿདེ་ནས་ཐུན་གྱིས་བྲབ་སྟེ༔ ཤུ་ལ་ཏྲི་བཛྲ་སཱ་དྷུ་ས་མ་ཡ༔ ཆོ་ཡ༔ ཆོ་ཡ༔ རྒྱུག་ཡ༔ རྒྱུག་ཡ༔ དགྲ་བོ་ཆེ་གེ་མོའི་གནས་ཁང་ནོར་རྫས་ཀུན་ཏུ་ལྟས་ངན་ཐན་གྱི་ཆར་ཆེན་པོ་ཕོབ་ཅིག༔ ཅེས་མང་དུ་བཟླས་ཚེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་དམག་དཔོན་གྱིས་དམག་དེད་པ་བཞིན་དུ་ཤ་བ་སྦྲུལ་འཇུག་མི་ཁུར་ལ་སོགས་པའི་ཐན་རིགས་རྣམ་པ་སྣ་ཚོགས་འུར་ཆེམ་གྱི་སྒྲ་དང་བཅས་ཏེ་དགྲ་བོའི་ཡུལ་དུ་དེད་ནས་འགྲོ་བར་བསམ༔ ཞག་བདུན་དུ་བཟླས་མཐར་དགྲ་བོའི་ཁྱིམ་དུ་བསྒོམ་ལ༔ དགྲ་ཕྱོགས་ཀྱི་རི་བོ་ལ་དོང་གཅིག་བྲུས་པའི་ནང་དུ་བཞག་པས་དགྲ་ལ་ཐན་དང་ལྟས་ངན་རྒྱུན་མི་འཆད་པར་འབྱུང་ངོ་༔ འདུམ་བྱུང་ན་གཏང་རག་བསྐང་གསོལ་ཟ་ངུ་མཁོན་སྦྱངས་ལ་སོགས་པ་ལ་འབད་པ་གནད་དུ་ཤེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་འཇིགས་མེད་བརྩོན་འགྲུས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།