TTDL-ZABTER-13-PA-027

From Dudjom Wiki
Revision as of 10:36, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-027
Wylie title TTDL-ZABTER-13-PA-027.pdf
Location bdud 'joms gling pa zab gter
Volume 13, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་མོ་ཨུ་མ་དཱེ་ཝིའི་སྒོས་སྒྲུབ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴འབྱུང་བ་རིམ་བརྩེགས་རི་རབ་བཅས་པའི་སྟེང་༔ བྷྲཱུྃཿལས་རྡོ་རྗེའི་ས་གཞི་སྐྱེད་མོས་ཚལ༔ དེ་དབུས་པདྨ་རཱ་གའི་གཞལ་ཡས་དབུས༔ པདྨ་ཉི་མ་བམ་ཆེན་བསྣོལ་བའི་སྟེང་༔ ལྕགས་ཀྱུ་དམར་པོ་ཛཿཡིག་མཚན་པ་ལས༔ འོད་འཕྲོས་རྒྱལ་དང་རྒྱལ་སྲས་ཐམས་ཅད་དང་༔ སྣོད་བཅུད་དཔལ་ཡོན་མ་ལུས་བསྡུས་ཏེ་བསྟིམ༔ སྐད་ཅིག་གནས་འགྱུར་ཨུ་མ་དཱེ་ཝི་དམར༔ གཅེར་བུ་ནུ་མ་འབུར་ཞིང་བྷ་ག་རྒྱས༔ མཐོང་བས་ཡིད་འཕྲོག་དྲན་པས་བདེ་ཆེན་སྦར༔ ཞི་མ་ཁྲོ་འཛུམ་གཞོན་ནུའི་ལང་ཚོ་རྒྱས༔ ཕྱག་གཡས་ལྕགས་ཀྱུས་ཁམས་གསུམ་དབང་དུ་སྡུད༔ གཡོན་པས་ཞགས་པས་སྣང་སྲིད་བྲན་དུ་བཅིང་༔ རིན་ཆེན་དང་ནི་པདྨའི་ཕྲེང་བས་སྤྲས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བསྒྲད༔ འོད་དམར་རབ་འཁྲིགས་སྐྱེ་འགྲོའི་བློ་ཡིད་འཕྲོག༔ ཞལ་ནས་ཛཿདང་ཧྲཱིང་གི་སྒྲ་སྒྲོགས་པས༔ ཤར་དུ་དཔྱིད་ཀྱི་རྒྱལ་མོ་ཤ་བ་ཞོན༔ ཕྱག་གཡས་མེ་ལོང་དང་ནི་ལྕགས་ཀྱུ་བསྣམས༔ གཡོན་པས་དུང་ཕོར་རྒུན་ཆང་གྱིས་བཀང་བསྣམས༔ རླུང་ནག་ར་བ་འཚུབས་མའི་ཀློང་དུ་བསྐྱེད༔ ལྷོ་རུ་དབྱར་གྱི་རྒྱལ་མོ་གཡུ་འབྲུག་ཞོན༔ སེར་གསལ་ཕྱག་གཡས་ཤིང་སྣའི་ཆུན་པོ་དང་༔ གཡོན་པས་དངུལ་སྐྱོགས་ཞོ་ཡིས་བཀང་བ་བསྣམས༔ ཆར་སྤྲིན་མཐིང་ནག་འཁྲིགས་པའི་ཀློང་དུ་འགྱིང་༔ ནུབ་ཏུ་དགུན་གྱི་རྒྱལ་མོ་འབྲོང་བུ་ཞོན༔ ལྗང་ནག་གཡས་པས་རལ་གྲི་དྲིལ་བུ་དང་༔ གཡོན་པས་སྲིན་ཐོད་ཁྲག་གིས་བཀང་བ་བསྣམས༔ མེ་དཔུང་དམར་ནག་འཁྲུག་པའི་ཀློང་དུ་བསྐྱེད༔ བྱང་དུ་སྟོན་གྱི་རྒྱལ་མོ་རྒྱ་སྟག་ཆིབས༔ གཡས་སུ་མདའ་དར་དང་ནི་ལྕགས་སྒྲོག་ཐོགས༔ གཡོན་དུ་མཁར་གཞོང་འབྲུ་ཡིས་བཀང་བ་བསྣམས༔ འཇའ་ཚོན་འོད་ལྔ་འཁྲིགས་པའི་ཀློང་དུ་བསྐྱེད༔ ཀུན་ཀྱང་གཙོ་མོའི་རྣམ་རོལ་ཇི་བཞིན་དུ༔ རིན་ཆེན་སྣ་ཚོགས་ཕྲེང་བའི་དྲྭ་ཕྱེད་དང་༔ ཨུཏྤལ་དམར་པོའི་ཐོད་དང་དོ་ཤལ་བརྒྱན༔ སྣང་སྲིད་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྡེ་བརྒྱད་ལ་སོགས་དྲེགས་པ་ཅན་རྣམས་ཀྱིས༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུས་བསྐོར་བར་བསམ༔ གནས་གསུམ་འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ འཁོར་འདས་ཡོངས་ནས་དཔག་མེད་སྤྱན་དྲངས་བསྟིམ༔ དེ་ནས་ལས་གཞུང་ཆ་ལག་བཅས༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ འབྱུང་ལྔའི་དབང་མོ༴དུས་བཞིའི་རྒྱལ་མོ༴འཁོར་དང་བཅས་པ༴དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ནས་འབོད་པ་ལ༔ ཨོཾ་ཨུ་མ་དཱེ་ཝི་ཧཿརིཿནིཿསཿས་མ་ཡ་ཧྲཱིང་ཧྲཱིང་ཛ་ཛཿདེ་ནས་བསྒྲུབ་སྔགས་ལ༔ ཨོཾ་ཨུ་མ་དཱེ་ཝི་ཧ་རི་ནི་ས་ས་མ་ཡ་ཨ་ནྲྀཿཨ་ཀཪྴ་ཡ་ཛ་ཛཿམི་སྙིང་བསྒུལ་བསྒུལ༔ བྲེང་བྲེང་དུང་དུང་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་དངོས་གྲུབ་བསྡུ་བ་ལ༔ ཨོཾ་ཨུ་མ་དཱེ་ཝི་ཧ་རི་ནི་ས་སརྦ་རཏྣ་བ་སུ་ཁ་དྷེ་བསྡུས་བསྡུས་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཤེས་པ་གཞན་དུ་མི་ཡེངས་ཤིང༔ སྟན་གྱི་དྲོད་མི་ཡལ་བ་དང༔ མི་ཚིག་དག་གིས་བར་མི་གཅོད༔ རྩེ་གཅིག་བསྒྲུབ་ལ་བརྩོན་པའི་མིས༔ ཞག་གྲངས་ལྔ་བཅུ་རྩ་གསུམ་ནས༔ གྲུབ་པའི་ལྟས་མཚན་མངོན་དུ་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།།།