TTDL-ZABTER-13-PA-056

From Dudjom Wiki
Revision as of 10:41, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-056
Wylie title TTDL-ZABTER-13-PA-056.pdf
Location bdud 'joms gling pa zab gter
Volume 13, Text 56, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་རྒྱལ་པོ་དྲག་བསྐུལ་སྤུ་གྲིའི་འཁོར་ལོ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༡༥ཤ་ཁྲག་གཏོར་མ་སྐྱེམས་བཤོས་བཤམས༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱི༔ འབྲུ་གསུམ་ནུས་པས་བྱིན་རླབས་ནས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཛཿསྟེང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ ཚངས་པའི་ཡུལ་ལ་མངའ་དབང་བསྒྱུར༔ དུར་ཁྲོད་མེ་འབར་གཞལ་ཡས་ནས༔ སྐྱེ་འགྲོའི་སྲོག་ལ་མངའ་དབང་བསྒྱུར༔ ཕྱག་ན་རྡོ་རྗེའི་བཀའ་ཉན་ཅན༔ ཁྲོས་མ་ནག་མོའི་ཕོ་ཉ་བ༔ ཨེ་ཀ་ཙ་ཏིའི་ལས་མཁན་ཆེ༔ དུག་ཁྲག་འདྲེས་པའི་རྒྱ་མཚོ་ན༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ དབུ་དགུའི་སྟེང་དུ་བྱ་རོག་གདོང་༔ དུད་ཁ་མགོ་ལུས་མིག་གིས་ཁེངས༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔ ལྟོ་བའི་ཞལ་གྱིས་སྟོང་གསུམ་ཟ༔ སྤྲུལ་པ་གཟའ་བརྒྱད་ལས་ལ་འགྱེད༔ གདོང་མོ་མཆེད་བཞིས་དགྱེས་པ་སྐོང་༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔ སྲོག་གཅོད་ལས་ཀྱི་ཤན་པ་འགྱེད༔ སྨོན་ལམ་སྟོབས་ཀྱི་མཐུ་རྩལ་ཅན༔ རྡོ་རྗེ་ཐེག་པའི་བསྟན་སྲུང་བ༔ ཁྱོད་ནི་དམ་ཚིག་སྲོག་འཛིན་པ༔ ནམ་མཁའ་ལྷ་ཡི་ཁམས་ནས་བསྐུལ༔ བར་སྣང་གཉན་གྱི་ཁམས་ནས་བསྐུལ༔ ས་གཞི་ཀླུ་ཡི་ཁམས་ནས༴དུར་ཁྲོད་ཆེན་པོ་བརྒྱད་ནས༴ཡབ་ནི་གདོང་དམར་སྲིན་པོ༴ཡུམ་ནི་གཏུམ་འབར་ཀླུ་མོ༴སྲས་ནི་གཟའ་མཆོག་ཆེན་པོ༴སྤྲུལ་པའི་གཟའ་བརྒྱད་འཁོར་བཅས༴སྡོང་ཟླ་གདོང་མོ་མཆེད་བཞི༴ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད༴འཁོར་གྱི་རྒྱུ་སྐར་ཉེར་བརྒྱད༴དཔལ་ཆེན་ཧེ་རུའི་བཀའ་ཡིས༴རྡོ་རྗེ་ཅན་གྱི་ཐ་ཚིག༴རིག་འཛིན་པདྨའི་དམ་གྱིས་བསྐུལ༔ དགུ་ལྡན་བླ་མའི་བཀའ་དམ་གྱིས༔ བསྐུལ་ལོ་བདག་ཀྱང་དེའི་རྗེས་ཟིན༔ ད་ལྟ་མངོན་སྤྱོད་ལས་ལ་བསྐུལ༔ བདག་དང་དམ་ཚིག་རྗེས་དགོངས་ལ༔ མྱུར་མགྱོགས་དྲག་རྩལ་སྟོབས་ཤུགས་ཕྱུངས༔ ཐ་ཚིག་དཔང་དུ་མི་འཇོག་རྒྱུ༔ བརྒྱུད་པ་གོང་མའི་ཁྲིམས་ལམ་བཞིན༔ སྲུང་མ་གཉན་པོ་མི་བསྐུལ་རྒྱུ༔ དཔུང་གཉེན་དཀོན་མཆོག་གསུམ་པོ་ཁུར༔ ལས་ཀ་མཐུ་ལ་མི་བརྩོན་རྒྱུ༔ སྔགས་ཀྱི་རྣལ་འབྱོར་ལས་སུ་བསྔགས༔ དེ་རིང་སྲུང་མ་མི་བསྐུལ་རྒྱུ༔ མ་ཉེས་རྣལ་འབྱོར་ཆད་པས་མནར༔ སྡང་བའི་དགྲ་བོས་ཕོད་བཙུགས་ཀྱི༔ ར་མདར་དྲང་སྲོང་ཆེན་པོ་སྦྲན༔ ནམ་མཁར་ཁྲག་སྤྲིན་དམར་པོ་སྡུད༔ བར་སྣང་གློག་དམར་འཁྱུགས་འཁྱུགས་སོང་༔ ས་གཞིར་ཐོག་ལྟར་ཕོབ་ལ་སོང་༔ སྒྲ་འོད་མེ་དུད་གཡོ་ཞིང་སོང་༔ དུག་རླུང་ནད་རླུང་འཚུབས་ཤིང་སོང་༔ དགྲ་བོའི་གནས་ཡུལ་འོད་ཀྱིས་ཁོངས༔ མི་ནོར་སྒོ་ཁྱི་བཅས་པ་ཀུན༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ མ་ཐུབ་བར་དུ་ཚིམས་མ་བྱེད༔ མ་ཟད་བར་དུ་ཡིད་མ་མགུ༔ མ་སྟོངས་བར་དུ་སླར་མ་འོངས༔ ནུས་མཐུ་དྲག་ཁྲོ་ཚུར་མ་སྟོན༔ གདུག་པའི་དབལ་ཁ་སླར་མ་ལྡོག༔ སྡུག་ཡུས་ཕྱིར་མིག་མ་ལྟ་ཞིག༔ བཀའ་དང་དམ་ཚིག་དཔང་ལ་ཡོད༔ རྡོ་རྗེ་ཅན་ལ་བརྙས་མ་བཙུག༔ ནཱ་ག་རཀྴ་ཧ་ལ་ཀ་ལ་རཱ་ཧུ་ལ་བཛྲ་ས་མ་ཡ༔ དགྲ་བོ་ཆེ་གེ་མོར་ཆོ་ཆོ་རྒྱུག་རྒྱུག་རྦད་རྦད་བྷྱོ་བྷྱོ་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མ་འོངས་ལས་ཅན་སྐལ་ལྡན་ལ༔ ཕ་ལམ་རྡོ་རྗེའི་དུག་མདའ་འདི༔ བགོ་སྐལ་ས་ར་ཧ་པས་བཞག༔ གང་ལ་བྱས་ཀྱང་ཐོག་དང་འདྲ༔ རྣལ་འབྱོར་རང་གི་དཔུང་ལས་མིན༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཟའ་བདུན་དུག་གི་སྤུ་གྲིས་སྲུངས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་བརྡའ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་དབྱིངས་སྐྱེ་མེད་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།བསྟན་དགྲ་མ་ལུས་ཚར་གཅོད་ནུས་ཐོབ་ཤོག།མངྒ་ལཾ།།།།