TTDL-ZABTER-15-BA-002

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-002
Wylie title TTDL-ZABTER-15-BA-002.pdf
Location bdud 'joms gling pa zab gter
Volume 15, Text 2, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མ་སྒྲུབ་པའི་གསང་ཆེན་བྱིན་རླབས་གཏེར་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥ངེས་གསང་སྙིང་པོའི་རྣལ་འབྱོར་པས་རང་རིག་བླ་མར་མངོན་གྱུར་ཕྱིར༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་༔ བླ་མེད་གསང་བའི་ཡང་ཐིག་འདི༔ རྟག་ཏུ་ཉམས་ལེན་མཆོག་ཏུ་ཟུངས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ཧོཿསྤྲོས་བྲལ་ཆོས་སྐུའི་བླ་མ་ལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ མ་བཅོས་རིག་པ་བྱང་ཆུབ་སེམས༔ བསྐྱེད་དུ་མེད་དེ་ཡེ་ནས་ཡིན༔ དེ་ནས་འགེགས་བསྐྲད་མཚམས་གཅོད་ནི༔ ཧཱུྃ༔ རིག་སྟོང་རྡོ་རྗེ་རྣོན་པོ་ཡིས༔ ཁམས་གསུམ་འཁོར་བའི་བདག་རྟོག་བཤིག༔ བདག་མེད་ཤེས་རབ་ཡེ་ཤེས་ལས༔ ཆོས་ཉིད་རོལ་པའི་འཁོར་ཡུག་གྱིས༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃཿནམ་མཁའ་རྣམ་པར་དག་པའི་དབྱིངས༔ ལྷུན་གྲུབ་བདེ་ཆེན་ཀློང་མཛོད་ནས༔ སྐུ་དང་ཡེ་ཤེས་དབང་བྱིན་ཕོབ༔ མཆོག་གི་དངོས་གྲུབ་ཐོབ་པར་སྩོལ༔ བཛྲ་ས་མ་ཏི་ཨ་ཝེ་ཤ་ཡ་ཨ་ཨཱཿདེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་རྟེན་འབྱུང་སྒྱུ་མའི་འཕྲུལ༔ ཡུལ་དྲུག་འདོད་ཡོན་ནམ་མཁའ་མཛོད༔ མ་བཙལ་རང་བྱུང་ཟད་མི་ཤེས༔ རང་བྱུང་རང་ཤར་མཆོད་པ་ཆེ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྣོད་བཅུད་སྣང་བ་ཐམས་ཅད་ཀུན༔ རྨི་ལམ་དབྱིངས་སུ་སད་པ་བཞིན༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ བདེ་ཆེན་དག་པ་མཁའ་སྤྱོད་ཞིང་༔ ལྷུན་གྲུབ་བཀོད་པ་རབ་རྫོགས་དབུས༔ ཆོས་དབྱིངས་ལྷུན་འབྱམས་གཞལ་ཡས་སུ༔ མ་ཆགས་པདྨ་ཉི་ཟླའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ དཀར་དམར་ཞི་འཛུམ་མཚན་དཔེས་སྤྲས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱེལ་ཀྲུང་བཞུགས༔ ཕྱག་གཉིས་ས་གནོན་ཕྱག་རྒྱ་མཛད༔ སྤྱན་ཟུང་ནམ་མཁའི་དབྱིངས་ལ་གཟིགས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ ཐུགས་ཀར་ཀུན་བཟང་མཐིང་ནག་གི༔ ཐུགས་གསང་ཉི་ཟླའི་གྭའུ་རུ༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲུལ་པ་དཔག་མེད་ཀྱིས༔ ནམ་མཁའི་གར་ཁྱབ་ཡོངས་གང་ནས༔ ཁམས་གསུམ་སྐུ་གསུང་ཐུགས་སུ་བསྒྲལ༔ ཡེ་གནས་ཡེ་ཤེས་མངོན་དུ་བྱ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ གདོད་མ་གཞི་ཡི་སངས་རྒྱས་ཉིད༔ གཤེགས་བྱོན་མེད་དེ་མངོན་གྱུར་དུ༔ དབྱིངས་དང་ཡེ་ཤེས་མཉམ་བརྡལ་མཛོད༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདན་གསུམ་ཚང་བའི་ངོ་བོ་རུ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ གཉིས་སུ་མེད་པར་བརྟན་བཞུགས་ནས༔ མཁྱེན་གཟིགས་ཡེ་ཤེས་རང་ཞལ་སྤྲོད༔ བཛྲ་ས་མ་ཡ་སྟྭཾ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ འཁོར་འདས་དག་མཉམ་བྱང་ཆུབ་སེམས༔ ཀུན་ཁྱབ་ཀུན་གཟིགས་ཀུན་མཁྱེན་ལྷ༔ མ་བྱུང་མ་སྐྱེས་ཡེ་རྫོགས་ལྷར༔ འདུ་འབྲལ་མེད་པར་ཕྱག་འགྱིའོ༔ ན་མོ་ཛྙཱ་ན་གུ་རུ་ཡེ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་འདོད་ཡོན་ལོངས་སྤྱོད་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོའི་ཚོགས༔ མ་བཙལ་རང་བྱུང་མཆོད་པ་ཆེ༔ རང་སྣང་ཉིད་དུ་རིག་པས་མཆོད༔ མ་ཧཱ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་ཉིད་ཆགས་པ་བྲལ་བའི་དབྱིངས༔ གཞི་ལམ་འབྲས་བུའི་མཛོད་དུ་ཤར༔ བླ་མེད་བླ་མ་མཆོག་ཁྱོད་ལ༔ མི་ཕྱེད་དད་པས་འདུད་ཅིང་བསྟོད༔ དེ་ནས་འཛབ་བཟླས་ནི༔ ཨཱོཾ་གུ་རུ་ཧ་རི་ནི་ས་ཛྙཱ་ན་གུ་ཎ་སརྦ་སིདྡྷི་ཧཱུྃ༔ གསལ་བ་ཆེན་པོའི་ངང་ཉིད་ལས༔ མི་འདའ་ཟླ་དྲུག་བསྒྲུབ་བྱས་ན༔ རྡོ་རྗེ་འཆང་གི་དགོངས་དོན་རྟོགས༔ འདི་ནི་རྡོ་རྗེའི་གཏན་ཚིག་གོ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་འོད་གསལ་གསང་བ་ཆེན་པོའི་རྣལ་འབྱོར་པ་ཕྲིན་ལས་འགྲོ་འདུལ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡེ་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།།།