TTDL-ZABTER-15-BA-038

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-038
Wylie title TTDL-ZABTER-15-BA-038.pdf
Location bdud 'joms gling pa zab gter
Volume 15, Text 38, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཆི་མེད་ཚེ་ཡི་བཅུད་ལེན་དངོས་གྲུབ་གཏེར་གྱི་འབྱུང་གནས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༠༣ཚེ་ཡི་བཅུད་ལེན་དངོས་གྲུབ་འབྱུང་གནས་འདི༔ མ་འོངས་རྩོད་ལྡན་དུས་ཀྱི་སྙིགས་མའི་ཚེ༔ པདྨ་བདག་གི་བརྒྱུད་འཛིན་དོན་དུ་གདམས༔ དང་པོ་གནས་ལ་རྐྱེན་མེད་དབེན་པའི་སར༔ ཕྱིན་ནས་གནས་དང་ས་ཡི་བདག་པོ་ལ༔ གཏོར་མ་བཏང་སྟེ་མཐུན་རྐྱེན་གྲོགས་སུ་བཅོལ༔ བར་ཆད་བགེགས་ལ་གླུད་དང་འབྲས་ཆན་བཏང་༔ ལྷར་གསལ་བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་དངོས་གཞི་ལ་འཇུག་པ་ནི༔ དང་པོ་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ནས་དུག་གསུམ་གྱི་ལས་རླུང་ལན་དགུར་ཕྱིར་བསལ་ཏེ༔ བླ་མ་སྤྱི་བོར་བསྒོམ་སྟེ་གསོལ་འདེབས་ཅི་མང་བརྗོད༔ མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་འོད་ནག་པོའི་རྣམ་པར་ཕྱིའི་ནམ་མཁའ་ལ་ཐིམ་པར་བསམ༔ དེ་ནས་པདྨ་དང་ཟླ་བའི་གདན་ལ་རང་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཚེ་ཡི་བུམ་པ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆས་ཐམས་ཅན་རྫོགས་ཤིང་འཇའ་ཚོན་འོད་ལྔའི་ཀློང་དུ་འཇའ་ལུས་སྒྱུ་མའི་སྐུར་བསྒོམ་པའི་གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་ཏེ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མགོན་པོ་ཚེ་དཔག་མེད་ཀྱི་རྣམ་པར་རྒྱ་མཚོ་ལ་ཁ་ཆར་བབ་པ་ལྟར་བདག་དམ་ཚིག་སེམས་དཔའ་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོས་ཤིང་སྨིན་པར་བསམ༔ དེ་ནས་ཁམས་གསུམ་གྱི་ནམ་མཁའ་ཐམས་ཅད་སྔོ་མེ་རེ་རེ་རང་གི་ཁ་ནས་ཞུགས་ཏེ་ལུས་ཐམས་ཅད་སྔོ་མེར་གྱིས་གང་བར་བསམ་ལ༔ རླུང་ཁམས་བརྒྱའམ་སྟོང་ལ་སོགས་པ་བཟའ་བ་ལག་ལེན་ནོ༔ ནངས་པར་བཏུང་བ་ཕོར་པ་གང་ཙམ་དང་ཉིན་གུང་དང་དགུང་མོ་དེ་བཞིན་དུ་བཏུང་བ་དང་༔ བཟའ་བ་ཉིན་གུང་ཞུན་མར་གྱི་རིལ་བུའམ་ཟན་གྱི་རིལ་བུ་སྣུམ་ཚོམ་བྱས་པ་དྲོད་མ་ཡལ་བ་བདུན་ཟ༔ བཟའ་བཏུང་རིམ་བཞིན་ཚད་དང་བསྟུན་ལ་ཇེ་ཉུང་དུ་བྱ༔ སྐོམ་ཚད་བྱུང་དུས་མདུན་གྱི་ནམ་མཁར་ཚེ་དཔག་མེད་སྔར་ལྟར་གསལ་བའི་གདན་ཟླ་བའི་དཀྱིལ་འཁོར་དང་ཚོམ་བུའི་ནང་ནས་བདུད་རྩི་སྐྱ་མེར་མེར་བྱུང་སྟེ་རང་གི་ཁ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་སྐྱ་མེར་གྱིས་གང་ནས་བ་སྤུའི་བུ་ག་ཐམས་ཅད་ནས་ཟིལ་པ་ཁྲོམ་མེ་ཡོད་པར་བསྒོམ་ཞིང་༔ ཧུབ་འདེབས་ཀྱི་ཚུལ་དུ་སྐོམ་གདུང་མ་ཞི་བར་དུ་བཏུང་༔ རྒྱུན་དུ་ཕོ་བའི་རླུང་མི་དོར་བ་གནད་དུ་ཤེས་པར་བྱའོ༔ སྨྲ་བརྗོད་མང་ན་རླུང་གི་གནད་འཆོལ་སྲིད་པས་ཉུང་ངུ་ལ་བསླབ༔ མཚན་མོ་ཡང་རླུང་གི་གནད་མི་དོར་བའི་ཕྱིར་ཙོག་པུར་སྡོད་པ་ཡིན༔ བཟའ་བཏུང་མང་དྲག་ན་རླུང་གནད་དུ་མི་ཆུན་པ་དང་སྣོད་མེད་དུ་འགྲོ་བས་ཅུང་ཟད་ཙམ་ལ་བསྟེན༔ བཟའ་བཏུང་ཅུང་ཟད་ཙམ་ལ་མ་བསྟེན་ན་ལས་དང་པོ་པས་བློ་སུན་ནས་ཡུན་རིང་དུ་སྦྱངས་མི་ནུས་པའི་སྐྱོན་ཡོད་དེ་བཟའ་བཏུང་གི་ཉེར་ལེན་ཇེ་ཆུང་དུ་སོང་ཚེ་ཟས་ཀྱང་དེ་ལྟར་ཇེ་ཉུང་བྱ་བ་ལག་ལེན་ནོ༔ མཐར་ཟས་གོས་གཉིས་ཀ་རླུང་གཅིག་པུ་ལས་མི་དགོས་པའི་དུས་འབྱུང་བ་ནི་སྦྱངས་པའི་ཡོན་ཏན་མངོན་དུ་གྱུར་པ་ཡིན་ནོ༔ འདི་ཡི་ཡོན་ཏན་ནི་ཚེ་རིང་ཞིང་ནད་མེད་པ་དང་༔ ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་མངའ་བརྙེས་པ་འབྱུང་ཞིང་༔ མཆོག་གི་དངོས་གྲུབ་རྩ་ཐིག་རླུང་གསུམ་གནས་སུ་དག་ཅིང་ཡོན་ཏན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར་ཏེ་མི་སློབ་པའི་འབྲས་བུ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀཞེས་པ་འདི་རང་སློབ་དམ་པ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།དགེའོ།།།།