TTDL-ZABTER-15-BA-107

From Dudjom Wiki
Revision as of 09:39, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-15-BA-107
Wylie title TTDL-ZABTER-15-BA-107.pdf
Location bdud 'joms gling pa zab gter
Volume 15, Text 107, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལྷ་སྲུང་གཉན་པོའི་སྤྱི་གསོལ་འདོད་འབྱུང་ཡིད་བཞིན་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༤༤༧རང་དང་ལྷ་དང་སྲུང་མ་སོགས༔ སྲུང་མ་གཉན་པོ་ཐམས་ཅད་ཀུན༔ བསྐང་གསོལ་གྲོགས་སུ་བསྐུལ་བ་དང་༔ ཕྲིན་ལས་བཅོལ་སོགས་གཅིག་ཆར་དུ༔ གྲུབ་པར་འདོད་ན་འདི་བཞིན་བྱ༔ གཏོར་མ་འབྲུ་སྣ་ཤ་དུམ་དང་༔ སྐྱེམས་སོགས་བ་ལིང་རིགས་བྱེད་རྣམས༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་སྔགས་ཨ་ཀཱ་རོ༔ རྟེན་འབྲེལ་སྙིང་པོ་དང་བཅས་པས༔ འདོད་རྒུའི་དཔལ་ཡོན་རྫོགས་པར་སྤེལ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདན་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བདེན་གཉིས་བསླུ་བ་མེད་པའི་མཐུས༔ བདག་ལ་སྔོན་ལས་འཕྲལ་རྐྱེན་གྱི༔ རྒྱུ་རྐྱེན་རྟེན་འབྲེལ་གྱིས་བསྐྱེད་པས༔ ཕ་ལྷ་མ་ལྷ་ཞང་ལྷ་དང་༔ ཕྲག་ལྷ་ཕུག་ལྷ་ལ་སོགས་པའི༔ ཚེ་རབས་ལས་ཀྱི་སྲུང་མ་དང་༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བསྙེན་སྒྲུབ་བསྐང་གསོལ་མཆོད་པ་ཡི༔ ལྷ་དང་སྲུང་མ་མ་ལུས་པ༔ མི་དང་མི་ཉིད་འགྲོགས་པ་བཞིན༔ མངོན་སུམ་མིག་གི་མཐོང་ཡུལ་ཏུ༔ འགྲུབ་ཅིང་མངོན་སུམ་མཆིས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ མཆོད་སྤྲིན་འདོད་རྒུ་ཕུན་ཚོགས་འདིས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་ལ༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ འདོད་ཡོན་ཕུན་སུམ་ཚོགས་པ་ཡིས༔ སྐྱེས་བུ་རང་གི་ལྷ་སྲུང་མ༔ འགོ་བའི་ལྷ་དང་སྐྱོབ་པའི་ལྷ༔ བསྙེན་ཅིང་བསྒྲུབ་པས་འཁོར་བ་དང་༔ མ་བསྒྲུབ་རང་འཁོར་ལྷ་སྲུང་ཚོགས༔ མ་ལུས་ལུས་པ་མེད་པ་ལ༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་༔ ཁྱིམ་ལྷ་ཐབ་ལྷ་ཕྲག་ལྷ་དང་༔ རྟ་དང་ནག་ཕྱུགས་ལུག་གི་ལྷ༔ ཚོང་ལྷ་མགྲོན་ལྷ་ལམ་ལྷ་དང་༔ ཁ་རྗེ་དབང་ཐང་བསྐྱེད་པའི་ལྷ༔ དགྲ་ལྷ་གཉད་པོའི་སྡེ་ཚོགས་ལ༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་༔ ལྷ་དང་གཤིན་རྗེ་མ་མོ་དང་༔ བདུད་དང་བཙན་དང་རྒྱལ་པོ་དང་༔ གནོད་སྦྱིན་ཀླུ་ཡི་སྡེ་ཚོགས་ཀུན༔ མ་ལུས་ལུས་པ་མེད་པ་ལ༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་༔ ཕ་མྱེས་རྒྱུད་ཀྱི་སྲུང་མ་དང་༔ སྐྱེས་བུ་རང་ལ་འཁོར་བ་ཡི༔ ལས་ཀྱི་ལྷ་སྲུང་གཞི་བདག་ཚོགས༔ མ་ལུས་ལུས་པ་མེད་པ་ལ༔ གསོལ་ལོ་མཆོད་དོ་མཉེས་ཚིམ་ནས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ མཐུ་དང་ནུས་སྟོབས་དྲག་ཤུལ་དཔལ༔ རབ་ཏུ་རྒྱས་ཤིང་འཕེལ་གྱུར་ཅིག༔ ཟག་མེད་བདེ་བ་ཆེན་པོ་ཡིས༔ རྟག་ཏུ་དགའ་བདེའི་དཔལ་ཐོབ་ཤོག༔ བདག་ཅག་འཁོར་དང་བཅས་པ་རྣམས༔ གཞི་བྱེས་ལམ་གསུམ་ཐམས་ཅད་དུ༔ ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་༔ ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་དང་༔ སྡོང་ཟླ་དཔུང་གྲོགས་གཉེན་བཤེས་མཛོད༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ ཕྲིན་ལས་རབ་འབྱམས་གང་བརྩམས་ཀུན༔ འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔ ཀོ་ལོང་རུ་ང་ཕྲག་དོག་དང་༔ འཁུ་ལྡོག་གདུག་རྩུབ་མ་མཛད་པར༔ ཕ་མའི་བུ་སྡུག་བཞིན་བརྩེས་སྐྱོངས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ དམ་ཅན་ཁྱེད་ལ་བཅོལ་བའི་ལས༔ མ་ལུས་འགྲུབ་པའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ལྟར་རྟག་ཏུ་མཆོད་གསོལ་ན༔ ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་༔ ཕྱི་ནང་བར་ཆད་གེགས་སེལ་ཏེ༔ ལས་ཀུན་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྐྱེས་བུ་ཆོས་རབ་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བགྱིས་པ་ཐོག་མཐའ་བར་གསུམ་ཀུན་ཏུ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།