TTDL-ZABTER-15-BA-020

From Dudjom Wiki
Revision as of 14:57, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-020
Wylie title TTDL-ZABTER-15-BA-020.pdf
Location bdud 'joms gling pa zab gter
Volume 15, Text 20, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྱག་རྒྱ་འཁོར་ལོའི་དབང་ཕྱུགས་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༨༥ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ བདུད་དང་དམ་སྲི་ཁ་དར་ནས༔ སྐྱེ་འགྲོའི་ཤེས་རྒྱུད་བརླབས་གྱུར་ནས༔ ནག་པོ་སྡིག་སྤྱོད་ཆོས་པ་བསླུ༔ ཨར་ཇག་རྐུན་མས་ཡུལ་སྡེ་དཀྲུགས༔ རྒྱལ་གཉན་མ་མོས་འགྱེད་པ་ཡི༔ ནད་རིགས་མི་གཅིག་སྣ་ཚོགས་དར༔ མཐའ་མི་དབུས་སུ་རྡིབ་པའི་དུས༔ ལྷ་ལས་ལྷ་མཆོག་འདི་མིན་པས༔ ལྔ་བརྒྱའི་སེམས་ཅན་སུ་ཡིས་སྐྱོབ༔ དེ་ཕྱིར་ཁ་ཙམ་མ་ཡིན་པར༔ བསྐྱེད་རིམ་གནད་ཀྱིས་འདིར་འཇུག་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་སྟོང་པར་གྱུར༔ ཀུན་ཁྱབ་ཐུགས་རྗེའི་རང་རྩལ་ཧཱུྃ་ཡིག་མཐིང་ནག་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་སུ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་རྒྱལ་བསེན་ཕོ་མོ་དང་བཅས་པ་བསྣོལ་ཞིང་བརྩེགས་པའི་ཁྲིའི་སྟེང་དུ་པདྨ་དང་ཉི་མ་བདུད་བཞི་ཕོ་མོ་བསྣོལ་བའི་སྟེང་དུ༔ རང་གི་རིག་པ་ཧཱུྃ་མཐིང་ནག་བབ་པ་ལས་འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་བཅས་པ་ཚུར་འདུས་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཆོས་དབྱིངས་འཁྲུལ་མི་ཤེས་པའི་ས་རུ་བསྒྲལ་ཞིང་བརྡལ་བར་བྱས༔ དེ་དག་གི་ཚེ་བསོད་འབྱུང་ལྔའི་དྭངས་བཅུད་དང་བཅས་པ་ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་སྲིན་པོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ༔ གཡས་ཞལ་དཀར་ཞིང་གཡོན་ཞལ་དམར་བ་སྤྱན་དགུ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུགས་པ༔ ཞལ་གདང་པ་མཆེ་བ་ཟླ་ལྟར་གཙིགས་ཤིང་གློག་དམར་ལྟ་བུའི་ལྗགས་འདྲིལ་བ༔ ཆུའི་གཉེར་མ་ལྟ་བུའི་ཁྲོ་གཉེར་སྡུད་ཅིང་སྨ་ར་ལས་མེ་འབར་བ༔ སྨིན་མ་ལས་ཐོག་མདའི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམས་ནག་གྱེན་དུ་འབར་ཞིང་ཐོད་སྐམ་ལྔའི་དབུ་རྒྱན་དར་སྣ་ལྔའི་ཅོད་པན་གྱིས་བཅིང་བ༔ ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་རྩེ་དགུ་གནམ་ལ་ཕྱར་ཞིང་བར་མས་རྡོ་རྗེ་རྩེ་ལྔ་བར་སྣང་གི་ཁམས་སུ་གདེངས་པ༔ དེ་བཞིན་དུ་གཡོན་གཉིས་ཁ་ཊྭཱྃ་དང་མེ་དཔུང་བསྣམས་པ༔ ཐ་མ་གཉིས་ན་རི་རབ་ཀྱི་ཕུར་པ་འདྲིལ་བ༔ ཞབས་བཞིས་བདུད་ནག་ཕོ་མོ་བསྣོལ་ཐབས་སུ་གནོན་པའོ༔ སྤྱི་བོར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་ཚོས་ལ་རཀྟའི་ཐིག་ལེ༔ ཞལ་ལ་ཞག་གི་ཟོ་རིས༔ སྦྲུལ་རིག་ལྔའི་དོ་ཤལ༔ ཐོད་པ་ཚར་གསུམ་གྱི་ཕྲེང་བ༔ སྦྲུལ་རྒྱལ་རིགས་སྔོན་པོས་ཐོད་བཅིངས༔ རྗེའུ་རིགས་དཀར་པོས་གཡས་ཀྱི་གདུ་བུ༔ དམངས་རིགས་སེར་པོས་གཡོན་གདུབ་བྱས་ཤིང་༔ བྲམ་ཟེ་དམར་པོས་ཞབས་གཡས་དང་༔ གདོལ་པ་ནག་པོས་ཞབས་གཡོན་གྱི་གདུ་བུ་བྱས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་༔ སྐེད་པར་མི་ལྤགས་ཀྱི་གཡང་གཞི༔ སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བའོ༔ དེའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་སྐྱ་ཁ་ཊྭཱྃ་དང་ཐོད་ཁྲག་བསྣམས་ནས་ཞབས་གཡས་ཡབ་ཀྱི་རྐེད་ལ་འཁྱུད་ཅིང་གཡོན་པས་བསེན་མོའི་གདོན་ཐམས་ཅད་གནོན་པ༔ སྐུ་ལ་མི་ལྤགས་ཀྱི་གཡང་གཞི་དང་གཟིགས་ཤམ་གསོལ་བ༔ སྦྲུལ་དང་ཐོད་ཕྲང་རྒྱན་དུ་འཆང་ཞིང་༔ རལ་པ་དམར་སེར་སྐུ་རྒྱབ་ཏུ་འཕྱང་བ༔ ཡབ་ཡུམ་གཉིས་ཀ་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་དུ་བསྐྱེད་དོ༔ ཟ་བྱེད་ལས་ཀྱི་ཕོ་ཉ་བྱ་ཁྱུང་དང་ལྕགས་སྡིག་ཕག་ནག་མགོ་དགུ་པའི་ཚྭ་ཚྭ་སྐར་ལྟར་འཁྲིགས་ཤིང་སེར་ལྟར་འབེབས་པའོ༔ དེ་ལྟར་གསལ་བའི་སྤྱི་བོར་འཁོར་ལོ་ལ་ཨོཾ་དཀར་པོ༔ མགྲིན་པར་པདྨ་ལ་ཨཱ༔ དམར་པོ༔ ཐུགས་ཀར་ཉི་མ་ལ་ཧཱུྃ་མཐིང་ནག་དེ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་སྤྱན་དྲངས་ལ་བསྟིམ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་སྤྲུལ་པ་སྲས་འཁོར་བཅས༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ཕྱག་འཚལ་ལ༔ ཧཱུྃ༔ གདོད་ནས་དམ་ཚིག་ཡེ་ཤེས་པ༔ གཉིས་མེད་མངོན་གྱུར་ཆེན་པོར་བཞུགས༔ དུས་གསུམ་འདུ་འབྲལ་མེད་པའི་ངང་༔ རང་བྱུང་རིག་པས་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྠ་ལྷན༔ ན་མོ་ན་མ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཡུལ་དྲུག་སྟོང་ཉིད་ཕྱག་རྒྱ་ཆེ༔ འདོད་ཡོན་རང་བྱུང་རྒྱན་དུ་ཤར༔ ཡེ་ཤེས་རོལ་པའི་ལྷ་ལ་འབུལ༔ འཁོར་འདས་དག་མཉམ་ཆེན་པོར་རོལ༔ མ་ཧཱ་ག་ཎ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ དོན་དམ་མི་ཤིགས་རྡོ་རྗེ་ཆོས་ཀྱི་སྐུ༔ ལྷུན་གྲུབ་གཞོན་ནུ་བུམ་སྐུ་སྤྲོས་མཐའ་བྲལ༔ ཐུགས་རྗེས་ཁམས་གསུམ་འཁོར་བ་དབྱིངས་སུ་འབིགས༔ ཐོགས་མེད་རྡོ་རྗེ་ཕུར་པའི་ལྷ་ལ་བསྟོད༔ དེ་ནས་འཛབ་དམིགས་ལ༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔ མཐིང་ནག་རྡོར་དྲིལ་བསྣོལ་ཐབས་འཛིན༔ གཅེར་བུ་རྒྱན་མེད་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་རྡོ་རྗེ་རྩེ་དགུའི་ལྟེར༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་འཕྲོ་འདུ་ལས༔ རབ་འབྱམས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལུ་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་ནས་སྒྲུབ་དང་ལས་སྦྱོར་ལ༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ མེ་དཔུང་ཐུན་མཚོན་ཁྱུང་སྡིག་པའི༔ ཚྭ་ཚྭ་སེར་རླུང་ལྟར་འཕྲོས་པས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ བསྲེགས་གཏུབ་ཧབ་ཧབ་ཟོས་པ་ཡི༔ རྗེས་ལྷག་མེད་པར་བརླག་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ བསྙེན་པ་འབུམ་ཕྲག་དགུ་བཞི་དང་༔ སྒྲུབ་སྔགས་དེའི་ཕྱེད་ཆ་དང་༔ ལས་སྔགས་དེ་བཞིན་དེའི་ཕྱེད་བཟླས༔ དེ་ཡང་དམ་རྒྱས་གནད་ལྡན་བྱ༔ བསྐྱེད་དང་བསྒོམ་པའི་གནད་ལྡན་ན༔ ཟླ་བ་དྲུག་ནས་དངོས་གྲུབ་ཐོབ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ནི་ཤྲཱི་ན་ཐས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པ་ནི་སེམས་ཉིད་རྡོ་རྗེའོ།།དགེའོ།དགེའོ།།དགེའོ།།