TTDL-ZABTER-15-BA-035

From Dudjom Wiki
Revision as of 15:01, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-035
Wylie title TTDL-ZABTER-15-BA-035.pdf
Location bdud 'joms gling pa zab gter
Volume 15, Text 35, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་སྒྱུ་འཕྲུལ་དྲྭ་བ་ལས༔ གཏུམ་མོའི་མེ་དབང་བདེ་དྲོད་རབ་སྐྱེད་དབང་བྱིན་དངོས་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༩༠མ་འོངས་རྗེས་འཇུག་དོན་ཆེད་དུ༔ ཕྱི་ནང་རྟེན་འབྲེལ་མཐུ་གཅིག་ཕྱིར༔ མེ་དབང་ཟབ་མོ་ལ་བརྟེན་ནས༔ ནང་གི་བདེ་དྲོད་རབ་འབར་ཐབས༔ པདྨ་བདག་གིས་ཡི་གེར་བཀོད༔ རྣལ་འབྱོར་གྲངས་ཀྱི་མེ་ཏིང་སྒྲོན༔ རུས་གོང་ཙམ་པ་མི་ཞུན་གྱིས༔ གཏམས་ཏེ་རྒྱལ་བ་སྲས་བཅས་ཀྱི༔ གསུང་གི་དབང་བྱིན་བསྡུས་ཏེ་བསྟིམ༔ སྐྱེ་མེད་ཡི་གེ་བརྒྱ་རྩ་བརྒྱད༔ བརྗོད་དེ་བྱིན་གྱིས་བརླབས་པར་བྱ༔ དེ་ནས་རྣལ་འབྱོར་ཐམས་ཅད་ཀུན༔ རླུང་ཆས་ལེགས་བསྒྲིགས་གོས་བགོས་ནས༔ རྣམ་སྣང་ཆོས་ཀྱིས་སྡོད་པར་བྱ༔ དང་པོ་གསོལ་བ་གདབ་པ་ནི༔ ཀྱེ་ཀྱེ་བླ་མ་རྡོ་རྗེ་འཆང་༔ བདག་ཅག་ལས་ལྡན་སློབ་བུ་ལ༔ ཟབ་ལམ་གཏུམ་མོ་མེ་ཡི་དབང་༔ བསྐུར་ཞིང་གནང་བར་མཛད་དུ་གསོལ༔ ཕྱི་ནང་རླུང་བཅུ་ལས་སུ་རུང་༔ གཟུང་འཛིན་གཉིས་སྣང་དབུ་མར་ཟོས༔ ཡེ་ཤེས་བཅུ་དྲུག་མཐར་ཕྱིན་ནས༔ ལྷན་སྐྱེས་འོད་གསལ་བསྐྱེད་མཛད་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཀྱཻ་མ་སྐལ་ལྡན་སློབ་བུ་རྣམས༔ གསང་སྔགས་འཕྲད་པ་སྐལ་བ་བཟང་༔ ཚོགས་སྨོན་འབྲས་བུ་སྟོབས་ཀྱིས་བསྐྱེད༔ ཟབ་ལམ་དབང་གིས་སྨིན་གྲོལ་བགྱི༔ ཀྱཻ༔ སྐལ་ལྡན་གྱི་སློབ་མ་དམ་ཚིག་མཆོག་དང་ལྡན་པ་རྣམས་ཉོན་ཅིག༔ ཁྱེད་ཅག་རང་ལུས་གདོད་ནས་ཡེ་ཤེས་ལྷ་ཡི་ངོ་བོར་གནས་ཀྱང་༔ མ་རིག་གཟུང་འཛིན་གྱི་དབང་གིས་ལུས་ངག་ཡིད་གསུམ་དུ་བསྐྱེད་པ་ཉིད༔ བདག་ཉིད་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་མཚན་མ་མེད་པ་དབྱིངས་ཀྱི་བྱིན་རླབས་ཡི་གེ་རཾཿགྱི་རྣམས་པར་བྱུང་ནས་ཁྱེད་རང་གི་རོ་མའི་ལམ་བརྒྱུད་དེ་ལྟེ་བར་ཐོན་པ་ན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་མ་དག་པའི་སྒོ་གསུམ་དབྱིངས་གསུམ་ཆོས་ཉིད་ཀྱི་འཁོར་ལོར་སྦྱངས་ཏེ་སྟོང་པར་གྱུར༔ སྟོང་པའི་ངང་ལས་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་དུར་ཁྲོད་མེ་རི་འབར་བའི་དབུས་སུ་པདྨ་དང་ཉི་མ་ཟླ་བའི་གདན་ལ་བཅོམ་ལྡན་འདས་དཔལ་ཆེན་བཛྲ་ཀུ་མཱ་ར་མཐིང་ནག་བཻ་ཌཱཪྻའི་མདོག་ལྟ་བུ་འོད་དང་འོད་ཟེར་འབར་བ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱར་ཞིང་༔ གཡོན་ལྕགས་བསྲེགས་ཀྱི་ཕུར་པ་ས་ལ་གཟིར་བ༔ ཤིན་ཏུ་ཁྲོ་ཞིང་གཏུམ་པ༔ གཟི་བརྗིད་བལྟར་མི་བཟོད་པ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་འཁྱིལ་ཞིང་༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ༔ དར་སྣ་ལྔ་ཡི་ཅོད་པན་དང་ཉི་མ་ཟླ་བའི་སྙན་རྒྱན་མཛེས་པ༔ ཞབས་གཉིས་བརྒྱད་ཀྱི་འདོར་སྟབས་སུ་བསྒྲད་པ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་ཁྲོ་བོའི་གར་དགུས་བརྗིད་པར་འགྱིང་བའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྔོ་སྐྱ་ཨུཏྤལ་དང་དུང་ཁྲག་སྟོབ་པ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་གཡས་བརྐྱངས་པས་པད་ཟླའི་གདན་ལ་བརྫས་པ༔ དབུ་སྐྲ་དམར་སེར་རྒྱབ་ཏུ་འཕྱང་ཞིང་ཡབ་ཡུམ་ཞལ་གསང་མཉམ་པར་སྦྱོར་བས་བདེ་དང་སྟོང་པའི་ཡེ་ཤེས་འབར་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་ཤིང་བཞུགས་པར་གསལ་བའི་སྐུ་དབྱིངས་དྭངས་གསལ་རྒྱ་མཚོ་ལྟ་བུའི་ཀློང་དུ་རྩ་གསུམ་འཁོར་ལོ་ལྔ་ལྡན་བསྒོམ་པའི་སྐྱེད་བྱེད་དང་བདེ་བ་ཆེན་པོའི་འཁོར་ལོར་ཡི་གེ་ཨ་ཧཾ་བཀྲག་འབར་བའི་རྣམ་པར་གནས་པ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་དག་སྨིན་རྫོགས་པར་གྱུར༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་ཕེཾ་ཛ་ཛཿཞེས་ལན་གསུམ་གྱིས་བྱིན་དབབ་ཅིང་༔ ཏིཥྠ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་ཏིང་སྒྲོན་ལ་མེ་སྦར་ཏེ༔ ཧོཿརང་རིག་སེམས་ཀྱི་ཀོང་བུ་རུཿདྲི་མེད་འོད་གསལ་སྡོང་བུ་བཙིག༔ ཆོས་ཉིད་འགྱུར་མེད་མར་ཁུས་གཏམས༔ ཤེས་རབ་ཡེ་ཤེས་སྒྲོན་མེ་སྦར༔ བརྡ་རྟགས་རྫོགས་པ་དོན་གྱི་དབང་༔ དོན་དམ་རྡོ་རྗེ་ཕག་མོ་ཉིད༔ ལམ་སྣང་ཟ་བྱེད་གཏུམ་མོར་ཤར༔ འབར་བ་མེ་ཡི་དབང་བསྐུར་བས༔ སྣང་གསུམ་བག་ཆགས་དྲི་མ་བཅོམ༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ སྟོང་བཞིའི་འོད་གསལ་མཐའ་རུ་ཕྱིན༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ རིག་སྟོང་རྡོ་རྗེ་གཞོན་ནུ་དང་༔ འཁོར་ལོ་རྒྱས་འདེབས་སྐུར་སད་ནས༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ ཨ་ཧཾ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་དེ་གཏད་པས་ཞལ་ཆོས་ཉིད་ཀྱི་དབྱིངས་སུ་ཏིང་སྒྲོན་རིག་པའི་ཡེ་ཤེས་སུ་བསྒོམ་པ་མཉམ་པར་སྦྱར་བས་བདེ་སྟོང་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་པར་བསམ་ལ་རོལ༔ མེ་ཡི་དྭངས་མ་རྒྱ་སྲན་ཙམ་དུ་གྱུར་པ་རྐྱང་མའི་ལམ་བརྒྱུད་ཨ་ཤད་ལ་ཐིམ་པས༔ ཡེ་ཤེས་ཀྱི་མེ་ལྷབ་ཀྱིས་འབར་ཏེ་གནས་ལྔར་ཁྱབ་པས་དུག་ལྔའི་རྟོག་པ་བསྲེགས༔ སྤྱི་བོའི་ཧཾཿཡིག་དང་རེག་པ་འཕྲོད་པས་བདུད་རྩིར་ཞུབ་གནས་ལྔར་ལུགས་འབྱུང་དུ་ཁྱབ་པས་གནས་དེར་བཞུགས་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཆོད་ཐུགས་བདེ་སྟོང་གི་རོལ་ཚིམས་དབང་བཞིའི་ཡེ་ཤེས་དང་དགའ་བཞི་སྟོང་བཞིའི་འོད་གསལ་མངོན་དུ་གྱུར་ནས་འཁྲུལ་སྣང་ཆོས་ཉིད་དུ་སད་པར་བསམ་པ་དང་༔ བདུད་རྩི་གཏུམ་མོ་དང་འཕྲད་པ་མེ་ཆེར་འབར་ཏེ་ཕྱི་ནང་སྣོད་བཅུད་ཐམས་ཅད་དབྱིངས་གསུམ་ཆོས་ཉིད་ཀྱི་འཁོར་ལོར་སད་པར་བསམ་མོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཏུམ་མོ་ཡེ་ཤེས་མེ་འབར་བས༔ གནས་ལྔའི་འཁོར་ལོ་རྫོགས་པར་ཁྱབ༔ སྣང་གསུམ་འདྲེས་པ་གཞིའི་བག་ཆགས༔ སྒོ་གསུམ་ལས་ཉོན་ལས་གྱི་སྒྲིབ༔ མ་དག་རྩ་རླུང་ཐིག་ལེའི་ཁམས༔ ཡོངས་སྦྱངས་ཧཾ༔ དང་མཉམ་པར་སྦྱོར༔ འབར་བས་བཞུས་པའི་བདུད་རྩིའི་རྒྱུན༔ བདེ་ཆེན་འཁོར་ལོར་ཡོངས་ཁྱབ་སྟེ༔ ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་མཆོད༔ དགའ་དང་སྟོང་པའི་འོད་གསལ་དང་༔ སྣང་སྟོང་དབྱེར་མེད་ཡེ་ཤེས་མཆོག༔ མངོན་གྱུར་དང་པོའི་ས་མཆོག་ཐོབ༔ མགྲིན་པར་བབ་ཅིང་འཁོར་ལོ་གང་༔ རིག་འཛིན་བླ་མའི་ལྷ་ཚོགས་མཆོད༔ མཆོག་དགའ་སྟོང་ཆེན་འོད་གསལ་དང་༔ གསལ་སྟོང་དབྱེར་མེད་ཡེ་ཤེས་མཆོག༔ མངོན་གྱུར་བརྒྱད་པའི་ས་མཆོག་ཐོབ༔ སྙིང་གར་བབ་ཅིང་འཁོར་ལོ་གང་༔ ཞི་བ་རྡོར་དབྱིངས་དཀྱིལ་འཁོར་མཆོད༔ ཁྱད་པར་དགའ་དང་ཐམས་ཅད་སྟོང་༔ བདེ་སྟོང་དབྱེར་མེད་ཡེ་ཤེས་མཆོག༔ མངོན་གྱུར་བཅུ་པའི་ས་མཆོག་ཐོབ༔ ལྟེ་བར་བབ་པས་འཁོར་ལོ་གང་༔ གནས་གསུམ་མཁའ་འགྲོའི་ལྷ་ཚོགས་མཆོད༔ ལྷན་སྐྱེས་ཤིན་ཏུ་སྟོང་པ་ཆེ༔ རིག་སྟོང་དབྱེར་མེད་ཡེ་ཤེས་མཆོག༔ མངོན་གྱུར་ཀུན་ཏུ་འོད་ཀྱི་ས༔ ཐོབ་ཅིང་ཟུང་འཇུག་སྐུ་རུ་སྨིན༔ རིམ་བཞིན་ལྟེ་བ་སྙིང་ག་དང་༔ མགྲིན་པ་སྤྱི་བོའི་ཧཾཿལ་ལྡོག༔ ཤེས་རབ་སྟོང་དང་དགའ་བ་མཆོག༔ མངོན་གྱུར་མ་ཆགས་པདྨ་ཅན༔ རྡོ་རྗེ་འཛིན་རྒྱལ་བདེ་བ་ཆེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་ས༔ ཡེ་ཤེས་བླ་མའི་ས་མཆོག་ཐོབ༔ དོན་གཉིས་མཐར་ཕྱིན་རྡོ་རྗེ་འཛིན༔ ཀུན་བཟང་ཆོས་ཀྱི་སྐུ་ཐོབ་ཤོག༔ ཨ་ནུ་རཱ་ག་སརྦ་ཡ་མེ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་དམིགས་མེད་རང་ངོ་བསྐྱངས༔ བཀྲ་ཤིས་སྨོན་ལམ་མཐུན་འགྱུར་གདབ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར༔ དབང་འདི་ལན་གཅིག་ཐོབ་ནས་སླར༔ རྩ་རླུང་ཐིག་ལེའི་གནད་བསྣུན་ན༔ གནས་སྐབས་གཏུམ་མོའི་བདེ་དྲོད་འབར༔ ཟས་དང་སྐོམ་གྱི་གདུང་བ་ཆོད༔ གྲུབ་པ་བརྒྱད་ལ་མངའ་དབང་འབྱོར༔ མཐར་ཐུག་དགའ་དང་སྟོང་པ་ཡི༔ ཡེ་ཤེས་འོད་གསལ་ཐབས་ཤེས་རབ༔ སུམ་ཅུ་རྩ་གཉིས་མཐར་ཕྱིན་ཏེ༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བཀའ་འདི་གནོད་སྦྱིན་ཆེན་པོར་གཉེར༔ ལས་ལྡན་བུ་ལ་དར་རྒྱས་མཛོད༔ ལོག་ལྟ་ཅན་ལ་ཨྠིྀ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱིས།།རིག་པ་མི་འགྱུར་བྲག་ནས་བཏོན།བདེ་བསྐྱེད་སུ་ཁ་བཛྲ་ངོར།།སྣང་ཆ་འགགས་མེད་ཤོག་བུར་བཀོད།།དོན་གཉིས་གསོས་སུ་འདི་འགྱུར་ཤོག།དགེའོ༔ དགེའོཿདགེའོཿལེགས་སོཿསརྦ་མངྒ་ལམཿལེགས་པར་ཞུས་སོ༔