TTDL-ZABTER-15-BA-075

From Dudjom Wiki
Revision as of 15:12, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-075
Wylie title TTDL-ZABTER-15-BA-075.pdf
Location bdud 'joms gling pa zab gter
Volume 15, Text 75, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསང་མཆོད་འདོད་རྒུའི་དཔལ་སྟེར་བཞུགས་སོ༔ དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཞབས་ཀྱི་པདྨོ་ལ་རལ་བའི་ཅོད་པན་གྱིས་གཏུགས་ཏེ་འདུད་དོ༔ ༠༠༠༠བརྡ་ཡིག༣༡༩དབང་དྲག་འབར་བའི་སྐུར་སྟོན་པའི༔ གནོད་སྦྱིན་ཡོངས་ཀྱི་མཆོག་གྱུར་པ༔ སྐྱེས་བུ་རྣམས་ཀྱིས་དུས་རྟག་ཏུ༔ བསང་མཆོད་འབུལ་བའི་ལས་བརྩོན་ན༔ བཟང་ཤིང་རྣམ་པ་སྣ་ཚོགས་དང་༔ ཕྱེ་མར་གཙང་མའི་ཟས་བསྲེགས་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་མཆེད་གཞི་བྱས༔ ནམ་མཁའ་མཛོད་ཀྱི་སྔགས་བཟླས་པས༔ འདོད་རྒུའི་དཔལ་དུ་སྤེལ་ཞིང་བསྒྱུར༔ རང་ཉིད་ལྷག་པའི་ལྷ་མཆོག་གི༔ ཏིང་འཛིན་གསལ་པའི་གཟེར་ལྡན་པས༔ ཀྱཻ༔ ལྷ་དང་སྲུང་མ་དགྱེས་པའི་ཕྱིར༔ བཟང་ཤིང་སྨན་སྤོས་དྲི་བཟང་དང་༔ རོ་ལྡན་ཞལ་ཟས་སྣ་ཚོགས་པའི༔ དུད་སྤྲིན་འདོད་རྒུའི་དཔལ་ཡོན་གཏེར༔ མི་ཟད་ནམ་མཁའི་མཛོད་ཆེན་པོར༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ བདེ་སྟོང་ཟག་མེད་བདུད་རྩི་ལ༔ རྣམ་པ་མཁའ་ཁྱབ་དུད་སྤྲིན་འདིས༔ སྐྱབས་གནས་དཀོན་མཆོག་རྣམ་གསུམ་བསང་༔ གནས་གསུམ་དཔའ་བོ་མཁའ་འགྲོ་བསང་༔ གནོད་སྦྱིན་ཤན་པ་དམར་ནག་བསང་༔ ཡུམ་མཆོག་གསོད་བྱེད་དམར་མོ་བསང་༔ ཤར་ཕྱོགས་རྒྱལ་པོ་སྟག་མགོ་ཅན༔ དྲི་ཟའི་འཁོར་ཚོགས་དང་བཅས་བསང་༔ ལྷོ་ཕྱོགས་གཤིན་རྗེ་གཟིག་མགོ་ཅན༔ གཤིན་རྗེའི་འཁོར་ཚོགས་དང་བཅས་བསང་༔ ནུབ་ཕྱོགས་བཙན་རྗེ་དོམ་མགོ་ཅན༔ ཆུ་ལྷའི་འཁོར་ཚོགས་དང་བཅས་བསང་༔ བྱང་ཕྱོགས་བདུད་རྗེ་འབྲོང་མགོ་ཅན༔ གནོད་སྦྱིན་འཁོར་ཚོགས་དང་བཅས་བསང་༔ ཤར་ལྷོ་སྲིན་པོ་ནེ་ཙོའི་གདོང་༔ མེ་ལྷའི་འཁོར་ཚོགས་དང་བཅས་བསང་༔ ལྷོ་ནུབ་ལྷ་མོ་རྨ་བྱའི་གདོང་༔ སྲིན་པོའི་འཁོར་ཚོགས་དང་བཅས་བསང་༔ ནུབ་བྱང་གཟའ་བདུད་ཤང་ཤང་གདོང་༔ རླུང་ལྷའི་འཁོར་ཚོགས་དང་བཅས་བསང་༔ བྱང་ཤར་ཀླུ་བདུད་ཉ་མོའི་གདོང་༔ དབང་ལྡན་འཁོར་ཚོགས་དང་བཅས་བསང་༔ ཁྱོད་ཀྱི་བཀའ་སྡོད་ལས་བྱེད་པའི༔ དཀར་པོ་ལྷ་ཡི་སྡེ་ཚོགས་བསང་༔ དམར་པོ་བཙན་གྱི་སྡེ་ཚོགས་བསང་༔ དྲག་གཏུམ་གཤིན་རྗེའི་སྡེ་ཚོགས་བསང་༔ སྲོག་བདག་རྒྱལ་པོའི་སྡེ་ཚོགས་བསང་༔ སྲིད་པ་མ་མོའི་སྡེ་ཚོགས་བསང་༔ མི་སྲུན་གནོད་སྦྱིན་སྡེ་ཚོགས་བསང་༔ ནག་པོ་བདུད་ཀྱི་སྡེ་ཚོགས་བསང་༔ ཕྱུག་པོ་ཀླུ་ཡི་སྡེ་ཚོགས་བསང་༔ གཞན་ཡང་གནོད་སྦྱིན་ཆེན་པོའི་འཁོར༔ སྣང་སྲིད་དྲེགས་པའི་ཚོགས་རྣམས་བསང་༔ སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་རྒྱུར་ཅིག༔ ཐུགས་ཀྱི་རྨུགས་འཐིབས་སངས་གྱུར་ཅིག༔ མཐུ་སྟོབས་ནུས་རྩལ་རྒྱས་གྱུར་ཅིག༔ དེ་ལྟར་བསང་མཆོད་ཕུལ་བའི་མཐུས༔ ལྷ་ཚོགས་དགྱེས་ཚིམས་བྱམས་བརྩེ་ཡི༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཀུན་བསྒྲལ་སོགས༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱི༔ བཀའ་དམ་གཉན་པོ་དབང་བཙུག་སྟེ༔ དམ་ཅན་ཁྱོད་ལ་བཅོལ་བའི་ལས༔ མ་ལུས་རྟག་ཏུ་འགྲུབ་པར་མཛོད༔ བདག་ཅག་ལྷ་མི་འཁོར་བཅས་ཀུན༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ ལེགས་པའི་ཡོན་ཏན་ཀུན་ལྡན་ཤོག༔ ས་མ་ཡ༔ རྫོགས་ཆེན་བཀའ་ཡི་སྲུང་མ་ཆེ༔ ཁམས་གསུམ་དབང་སྡུད་རྒྱལ་པོ་ཉིད༔ བསྒྲུབ་ཅིང་བརྟེན་པའི་སྐྱེས་བུ་ཡིས༔ རྨུགས་སངས་མཁོན་པ་བསྡུམ་པའི་ཕྱིར༔ བསང་མཆོད་གནད་འདིར་བརྩོན་པ་ཡིས་༔ ཉེས་པའི་སྐྱོན་རྣམས་ཀུན་ལས་གྲོལ༔ ལེགས་པའི་ཡོན་ཏན་ཀུན་འགྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་རིགས་སྲས་དྲི་མེད་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་གཏན་པ་ཕབ་པའོ།།དགེའོ།།དགེའོ།།དགེའོ།སརྦ་མངྒ་ལཾ།།།།