TTDL-ZABTER-15-BA-078

From Dudjom Wiki
Revision as of 15:12, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-078
Wylie title TTDL-ZABTER-15-BA-078.pdf
Location bdud 'joms gling pa zab gter
Volume 15, Text 78, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ནོར་གྱི་བདག་པོའི་བསྐང་བ་འདོད་འབྱུང་ནོར་བུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ནོར་བདག་སྒྲུབ་པའི་རྣལ་འབྱོར་གྱིས༔ རྟག་ཏུ་ཐུགས་དམ་བསྐང་བ་ཡི༔ ཐབས་ལ་བརྩོན་པ་མཆོག་ཏུ་གལ༔ དེ་ལ་དཀར་དམར་གཏོར་མ་དང་༔ ཆང་སྐྱེམས་འོ་སྐྱེམས་འབྲས་ཆན་རིགས༔ མདོར་ན་བཟའ་བཏུང་འོས་པའི་ཚོགས༔ མཆོད་པའི་རྫས་སུ་རུང་བ་སྟེ༔ སྭ་བྷཱ་ཝ་ཡིས་སྦྱང་ནས་སུ༔ ཨ་མྲི་ཏ་ཡིས་བདུད་རྩིར་བསྒྱུར༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་འཕྲོས་རྒྱལ་བ་སྲས་བཅས་བསྐུལ༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་བཅུད༔ ཡིག་འབྲུ་གསུམ་གྱི་རྣམ་པར་བསྡུས༔ མཆོད་པའི་རྫས་དང་དབྱེར་མེད་བསྟིམ༔ བརྡལ་ཁྱབ་སྟོང་པ་ཉིད་དུ་ཞིག༔ རིན་ཆེན་སྣ་ཚོགས་ས་གཞི་ལས༔ བཤམས་པའི་རྫས་དང་སྣང་སྲིད་བཅུད༔ ཚུར་འདུས་ཕྱི་ནང་གསང་མཆོད་སྤྲིན༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་ལན་གསུམ་མརྗོད༔ ཨོཾ་ཨཱཿཧཱུྃ༔ ཏིང་འཛིན་སྒྱུ་མར་རོལ་པའི་ཆོ་འཕྲུལ་ལས༔ ཕྱི་མཆོད་ཉེར་སྤྱོད་བདུན་དང་རིན་ཆེན་དཀོར༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་༔ རིན་ཆེན་སྣ་བདུན་ལྷ་ཀླུ་མི་ཡི་ནོར༔ ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ གསང་མཆོད་སྨན་གཏོར་རཀྟའི་རི་རྒྱ་མཚོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཡོན་མི་ཟད་ནམ་མཁའི་གཏེར་ཆེན་འདིས༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང་༔ ཡུམ་མཆོག་དཔལ་གྱི་ལྷ་མོའི་ཐུགས་དམ་བསྐང་༔ བཀའ་སྡོད་ཛམ་ལྷ་རིགས་བཞི་ཐུགས་དམ་བསྐང་༔ སྤྲུལ་པའི་ཕོ་ཉ་བརྒྱད་ཀྱི་ཐུགས་དམ་བསྐང་༔ འཁོར་འབངས་སྡེ་རིས་ཚོགས་ཀྱི་ཐུགས་དམ་བསྐང་༔ ཐུགས་ཀྱི་མི་བཞེད་འགལ་བའི་ལས་ཀུན་བཤགས༔ ཁྱེད་ནི་དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ༔ ཡེ་ནས་རྫོགས་སངས་རྒྱས་ཏེ་སྲིད་ལས་འདས༔ འགྲོ་བ་མགོན་མེད་སྐྱོབ་པའི་ཐབས་མཆོག་དང་༔ དབུལ་ཕོངས་འབྱོར་རྒུད་སེལ་བའི་དངོས་གྲུབ་བདག༔ དགྱེས་པར་དགོངས་ལ་བརྩེ་བའི་ཐུགས་རྗེ་ཡིས༔ མི་མཐུན་ཕྱོགས་དང་མི་འདོད་ཉེར་འཚེའི་ཚོགས༔ དགྲ་བགེགས་གནོད་བྱེད་མ་ལུས་རྡུལ་དུ་རློགས༔ འདོད་རྒུ་དཔལ་གྱི་དངོས་གྲུབ་མྱུར་སྩོལ་ལ༔ མི་ཟད་གཏེར་དུ་བསྒྱུར་ཅིང་སྤེལ་བར་མཛོད༔ རང་དམ་གཉན་པོ་དཔང་དུ་བཙུག་བྱས་ཏེ༔ རྣལ་འབྱོར་བདག་གིས་བཅོལ་བའི་ལས་དེ་དག༔ འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཆེ་མཆོག་གི་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་ཕབ་པ་ཡོངས་སུ་དགེ་བར་གྱུར་ཅིག།།དགེའོ།།།།