TTDL-ZABTER-15-BA-082

From Dudjom Wiki
Revision as of 15:12, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-082
Wylie title TTDL-ZABTER-15-BA-082.pdf
Location bdud 'joms gling pa zab gter
Volume 15, Text 82, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཀའ་སྲུང་མ་ལྷ་ཤན་གསུམ་གྱི་བསྐང་གསོལ་འདོད་རྒུའི་གཏེར་མཛོད་བཞུགས་སོ༔ ན་མོ་གུ་རུ་ཝེ༔ བཀའ་སྲུང་གཉན་པོ་བསྒྲུབ་པའི་ཚེ༔ འབྱོར་ཚོགས་བཤམས་པའི་དངོས་པོ་ལ༔ སྔགས་དང་ཏིང་འཛིན་སྟོབས་ཀྱིས་སྤེལ༔ ཀྱཻ༔ དུས་གསུམ་སངས་རྒྱས་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ བཀའ་སྲུང་ཕོ་མོ་སྤྱན་འདྲེན་ནོ༔ ཨེ་ཀ་ཙ་ཏི་གཤེགས་སུ་གསོལ༔ མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་མཆོད་འདོད་རྒུའི་གཏེར༔ སྲུང་མ་གཉན་པོ་བསྐང་ཕྱིར་འབུལ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ནོངས་པ་བཤགས༔ དངོས་གྲུབ་སྩོལ་ལ་བར་ཆད་བཟློག༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ མྱུར་མགྱོགས་མཐུ་དང་སྟོབས་ཀྱིས་སོད༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ འདི་ནི་གྲངས་ལྡན་བརྗོད་གྱུར་ན༔ ཕྱི་ནང་བར་ཆད་ཀུན་སེལ་ཞིང་༔ ཚེ་བསོད་དཔལ་ཡོན་གོང་འཕེལ་རྒྱས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ དགྲ་བགེགས་གདུག་པ་ཆོམ་ལ་འབེབས༔ རྣོ་ནུས་བྱིན་རླབས་དཔག་ཏུ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བུ་མོ་པདྨ་གསལ་གྱིས་བསྐུལ་ངོར་ཁྲག་འཐུང་འདུད་འཇོམས་རྡོ་རྗེས་ཕབ་པའི་ཡེ་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།།།