TTDL-ZABTER-15-BA-084

From Dudjom Wiki
Revision as of 15:12, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-084
Wylie title TTDL-ZABTER-15-BA-084.pdf
Location bdud 'joms gling pa zab gter
Volume 15, Text 84, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཀའ་སྲུང་དྲེགས་པའི་གསོལ་མཆོད་རིན་པོ་ཆེའི་དོ་ཤལ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ དཀར་དམར་གསེར་སྐྱེབས་གཏོར་མ་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཧཱུྃ༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོའི་ཚོགས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམ༔ སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམས་གསུལ་ལ༔ བདུད་རྩི་ཕུད་དང་གཏོར་མའི་མཆོད་པ་འབུལ༔ ཚོགས་གཉིས་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ༔ དཔལ་ལྡན་མགོན་པོ་ཕྱག་བཞི་ཕྱག་དྲུག་དང་༔ ལེགས་ལྡན་ཚོགས་བདག་གུར་མགོན་ཞལ་བཞི་པ༔ འཁོར་གྱི་དཔལ་མགོན་བདུན་ཅུ་རྩ་ལྔར་བཅས༔ འདིར་བྱོན་བདུད་རྩི་སྐྱེམས་གཏོར་མཆོད་འབུལ་བཞེས༔ ཨེ་ཀ་ཙ་ཏི་དཔལ་ལྡན་རེ་མ་ཏཱི༔ འབྱུང་དུས་སྲིད་པ་ལེགས་ཉེས་དབང་ཕྱུག་མ༔ ཡེ་ཤེས་འཇིག་རྟེན་མ་མོ་མཁའ་འགྲོའི་ཚོགས༔ འདིར་གཤེགས་བདུད་རྩི་སྐྱེམས་གཏོར་མཆོད་འབུལ་བཞེས༔ གནོད་སྦྱིན་ཤན་དམར་ཞིང་སྐྱོང་སེངྒེའི་གདོང་༔ དབང་ཕྱུག་ཚོགས་བདག་གཟའ་བདུད་འཁོར་དང་བཅས༔ འདིར་གཤེགས་བདུད་རྩི༴རྣམ་སྲས་རྡོར་ལེགས་བཙན་རྒོད་གཉན་ཐང་ལྷ༔ མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་༔ མདོ་ཁམས་སྒང་དྲུག་གཞི་བདག་སྲུང་མའི་ཚོགས༔ འདིར་གཤེགས་བདུད་རྩི༴ཁྱད་པར་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ༔ བརྟེན་སྒྲུབ་ལྷ་དང་མ་བསྒྲུབ་རང་འཁོར་གྱི༔ ལྷ་སྲུང་གཞི་བདག་དགྲ་བླ་གཉན་པོའི་ཚོགས༔ འདིར་གཤེགས་བདུད་རྩི༴དཀོན་མཆོག་སྐྱབས་སུ་བསྟེན་ནས་གསོལ་མཆོད་མཐུས༔ ལུགས་གཉིས་ཚུལ་ལ་མཁས་པའི་བློ་ཤེས་རབ༔ ཕ་རོལ་རྒོལ་བ་འཇོམས་པའི་མཐུ་ནུས་སྩོལ༔ ཟས་ནོར་ལོངས་སྤྱོད་བཀྲ་ཤིས་སྙན་གྲགས་དང་༔ དཔའ་སྐྱེན་རྩལ་ཤུགས་འཛོམ་པའི་དངོས་གྲུབ་སྩོལ༔ དགྲ་ཇག་ཆོམ་རྐུན་བྱད་ཁ་དམོད་སྣ་དང་༔ མི་ཕྱུགས་ནད་ཡམས་གོད་ཁ་མཐའ་དག་བཟློག༔ སྡང་དགྲ་གནོད་བྱེད་བསམ་སྦྱོར་ངན་པ་ཀུན༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ མཐུ་རྩལ་ནུས་པའི་སྟོབས་ཀྱིས་བརླག་པར་མཛོད༔ བཀའ་དང་དམ་ལ་མ་འདས་ས་མ་ཡ༔ འདི་ལྟར་དཀོན་མཆོག་ཡིད་ལ་བྱས་ནས་སུ༔ རྟག་ཏུ་དད་གུས་མོས་པའི་གདུང་ཤུགས་ཀྱིས༔ རྒྱུན་དུ་གསོལ་མཆོད་བྱེད་པའི་སྐྱེས་བུ་ཡི༔ བསམ་པའི་དོན་ཀུན་ངེས་པར་འགྲུབ་འགྱུར་རོ༔ ས་མ་ས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཁྲག་འཐུང་བདུད་འཇོམས་དཔའ་བོའི་སྣང་ཉམས་སོ།།དགེའོ།།སརྦ་མངྒ་ལཾ༔