ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་གསལ་བའི་ཨ་དཪྴ་བཞུགས་སོ༔

From Dudjom Wiki
Revision as of 08:04, 28 July 2024 by Mort (talk | contribs)

TTDL-ZABTER-01-KA-001
Wylie title zab gsang mkha' 'gro'i snying thig gi kha byang gsal ba'i a dar+sha TTDL-ZABTER-01-KA-001.pdf
Location bdud 'joms gling pa zab gter
Volume 1, Text 1, Pages 1-21 (Folios 1a1 to 11a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig gi kha byang gsal ba'i a dar+sha. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 1-21. Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Treasure Inventory - kha byang
Colophon

།ཞེས་ཟབ་ཆོས་གསང་བ་སྐོར་གསུམ་གྱི་ཁ་བྱང་འདི་ཉིད་སློབ་བུའི་དམ་པ་ཀུན་བཟང་ཆོས་གྲགས་དང་།ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པས་ཡོངས་སུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།། དགེའོ། །དགེའོ། །སརྦ་མངྒ་ལཾ།།

/zhes zab chos gsang ba skor gsum gyi kha byang 'di nyid slob bu'i dam pa kun bzang chos grags dang / ngag dbang phrin las gnyis kyis bskul ngor/khrag 'thung bdud 'joms rdo rjes gtan la phab pas yongs su dge zhing bkra shis par gyur cig /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་གསལ་བའི་ཨ་དཪྴ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ས་ཕོ་རྟའི་ལོར་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ནུབ་མོ་རྨི་ལམ་གྱི་སྣང་བ་ལ༔ ཡུལ་ཡངས་པ་ཆེན་པོ་རིས་མེད་པའི་ཐང་པོ་ཆེ་མདོག་དམར་ལ་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་ཁེབས་པ་འཇའ་དང་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲིས་པ༔ ནམ་མཁའ་ལ་འཇའ་ཡི་འཕན་གདུགས་དང་༔ རྒྱལ་མཚན་དང་༔ དར་འཕྱང་དང་༔ བླ་བྲེ་དང་༔ གནམ་ཡོལ་སོགས་དར་སྣ་ཚོགས་པའི་ལྷབ་ལྷུབ་ཀྱིས་མཛེས་པར་བྱས་པ༔ བར་སྣང་ལས་མེ་ཏོག་གི་ཆར་པ་ལང་ལོང་འབེབས་ཤིང་༔ དཔའ་བོ་དང་དཔའ་མོ་མང་པོས་སྐུ་མཛེས་པའི་གར་བསྒྱུར་ཞིང་ཕྱག་ནས་མཆོད་པའི་སྤྲིན་སྤེལ་བ༔ ས་གཞིར་དཔག་བསམ་གྱི་ཤིང་ལས་འདོད་རྒུའི་ལོངས་སྤྱོད་འབེབས་པ༔ ཕྱོགས་མཚམས་རྣམས་སུ་མཚོ་ཡན་ལག་བརྒྱད་དང་ལྡན་པའི་འགྲམ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་པ་དང་༔ གཡུའི་ནེའུ་སིང་དང་༔ གསེར་གྱི་བྱེ་མ་བརྡལ་བ༔ གནས་དེར་བྱའི་ཚོགས་དུང་ལྟར་དཀར་བ༔ གསེར་ལྟར་སེར་བ༔ བྱི་རུ་ལྟར་དམར་བ༔ ཨིནྡྲ་ནི་ལ་ལྟར་ལྗང་བ༔ འཇའི་ཁ་དོག་ལྟར་ཁྲ་བོ་ལ་སོགས་པའི་མཛེས་པའི་གཟུགས་ངོམས་ཤིང་ཆོས་ཀྱི་སྒྲ་སྒྲོགས་པ༔ རི་དྭགས་རྣམ་པ་སྣ་ཚོགས་པས་མཛེས་པའི་གཟུགས་ངོམས་ཤིང་རྩེད་འཇོ་སྣ་ཚོགས་རོལ་བ༔ གཞན་ཡང་ངོ་མཚར་བའི་བཀོད་པ་ཕུན་སུམ་ཚོགས་པ་རང་བྱུང་བའི་གནས་དེར༔ གཞལ་ཡས་ཁང་རྒྱ་ཆེ་ལ་དཔངས་མཐོ་བ་བཀོད་ལེགས་ཤིང་དབྱིབས་མཛེས་པ༔ མཐོང་བ་ཙམ་གྱིས་ཡིད་ལ་དགའ་བདེ་ཆེན་པོ་བསྐྱེད་པར་བྱེད་པ༔ གཞལ་ཡས་ཁང་དེའི་ནང་དུ་རིན་པོ་ཆེའི་ཁྲི་མཛེས་ཤིང་ལྟ་ན་སྡུག་པའི་སྟེང་དུ་དཔལ་ཆེན་པོ་འཇའ་ལུས་སྒྱུ་མའི་སྐུ་མཆོག་གཟི་བརྗིད་འོད་ཕུང་འབར་བ་ལ༔ རིག་འཛིན་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་འདུད་དེ་ཆོས་ཉན་ནས་ཡོད་པ་ལས༔ དེར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་འདི་སྐད་ཅེས་གསུངས་ཏེ༔ རིགས་ཀྱི་བུ་ཁྱོད་ཀྱིས་གནས་འདི་ཤེས་སམ་མི་ཤེས༔ ཞེས་གསུངས་པ་དེ་ལ་བདག་གིས་འདི་སྐད་སྨྲས༔ ཡུལ་འདི་ངོ་མ་ཤེས་ཏེ་འདི་འཇིག་རྟེན་མིའི་ཡུལ་ནི་མ་ཡིན་ཞིང་ཁམས་ཞིག་ཨེ་ཡིན་སྙམ་སྨྲས་པ་དང་༔ མཁའ་འགྲོ་མའི་ཞལ་ནས༔ རིགས་ཀྱི་བུ་འདི་འཇིག་རྟེན་མིའི་གནས་ནི་མ་ཡིན༔ མིའི་སྣང་བ་དབྱིངས་སུ་ཡལ་ཏེ་རྨི་ལམ་དག་པའི་སྣང་བར་རང་སྣང་དོན་གྱི་འོག་མིན་ཞེས་བྱ་བ་དེ་མཆེད་པ་ཡིན་ཅེས་གསུངས་ཚེ༔ དེ་ནས་བདག་གིས་གུས་པས་ཕྱག་འཚལ་ཏེ་མེ་ཏོག་སྣ་ཚོགས་པའི་མཆོད་པ་ཕུལ་བ་ན༔ རིག་འཛིན་གྱི་རྒྱལ་པོ་ཆོས་དཔལ་ཞེས་བྱ་བས༔ ཨེ་ཨེ་ཁྱེའུ་ཆུང་ལོ་ཙཱ་བ་འདིར་ལྷགས་ཞེས་ཟེར༔ མཁའ་འགྲོ་མ་སུ་ཁ་སིདྡྷི་ན་རེ༔ བདུད་འདུལ་རྡོ་རྗེ་ཉིད་ལགས་ཞེས་ཟེར༔ ཨོ་རྒྱན་ཆེན་པོས་ཁྱོད་དང་འཕྲད་པ་རྟེན་འབྲེལ་ཤིན་ཏུ་ལེགས་གསུང་ཚེ༔ བདག་གིས་ཁྱབ་བདག་འགྲོ་བའི་མགོན་པོ་ལགས༔ དེང་སང་དུས་ངན་པའི་དབང་དང་བདུད་དང་དུག་ལྔ་སྟོབས་བཙན་པའི་དབང་གིས་སེམས་ཅན་དམུ་རྒོད་ཅིང་དུག་ལྔ་རགས་པ་ལ་ཕན་པ་མི་འབྱུང་བའི་ཁར༔ བདག་ཀྱང་ལས་ངན་གྱི་དབང་དུ་གྱུར་ཏེ་འཁོར་བ་མཐའ་མེད་དུ་ཁ་འཁྱོལ་བ་ལས་འོས་མེད་པ་ཡིན་ནམ་སྙམ་ལགས་ཞེས་ཞུས་ཚེ༔ ཨོ་རྒྱན་ཆེན་པོས་སྤྱན་ནམ་མཁའ་ལ་ཧྲིག་གེར་གཟིགས་ནས༔ ཀྱཻ་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་དང་༔ ངས་མ་འོངས་པའི་ལུང་བསྟན་ཚིགས་སུ་བཅད་པ་འགའ་ཁྱོད་ལ་གདམ་མོ༔ ཞེས་གསུངས་ཏེ༔ ཀྱེ་ཧོཿསྐྱེ་བ་དུ་མར་སྦྱངས་སྟོབས་ཅན༔ ཁྱོད་ནི་འཁོར་བར་འཁྱམ་དུ་མེད༔ རྣལ་འབྱོར་ནུས་ལྡན་རྡོ་རྗེ་ཡི༔ ཐུགས་བསྐྱེད་སྨོན་ལམ་རྣམ་དག་མཐུས༔ སངས་རྒྱས་སྟོང་གི་བསྟན་པ་ལ༔ གང་འདུལ་ཐབས་དང་ཕྲིན་ལས་ཀྱིས༔ གདུལ་བྱ་འདུལ་བར་དམ་བཅས་ཤིང་༔ འགྲོ་དོན་རྒྱ་ཆེན་འབྱུང་འགྱུར་གྱི༔ སྨོན་ལམ་རྣམ་དག་བཏབ་པའི་མཐུས༔ སྔོན་ཚེ་འགྲོ་དོན་དཔག་ཏུ་མེད༔ ད་རེས་ཚེ་འདིའི་སྨད་ཆ་རུ༔ རྫོགས་པ་ཆེན་པོའི་བསྟན་པ་དང་༔ འགྲོ་བ་མང་ལ་ཕན་ཆེར་ཐོགས༔ དེང་སང་གངས་ཅན་བོད་ཡུལ་ན༔ མཁས་པར་རློམ་ཞིང་ཆོས་འཆད་པའི༔ སྐྱེས་བུ་མང་ཞིག་མཆིས་ལགས་ཏེ༔ ང་དང་བོ་དྷི་སཏྭ་དང་༔ བི་མ་ལ་སོགས་བྱུང་ཚུལ་དང་༔ མཁས་ཁྱད་ཡོད་ཅེས་གླེང་ན་ཡང་༔ མཁན་སློབ་ཡེ་ཤེས་སྒྱུ་མའི་སྐུ༔ ཡེ་ནས་ཡེ་སངས་རྒྱས་པ་ལ༔ མཁས་ཁྱད་འཆད་པ་ཤིན་ཏུ་བླུན༔ ང་ཉིད་ཡེ་ཤེས་སྒྱུ་མའི་སྐུས༔ གདུལ་བྱའི་ལྷག་མ་སྐྱོང་བའི་ཆེད༔ ཇོ་བོ་ཨ་ཏི་ཤ་རུ་བྱུང་༔ གདུལ་བྱ་ཐེར་འབུམ་རྣམ་གྲོལ་གྱི༔ ས་རུ་བཀོད་ཅིང་ང་རུ་བསྡུས༔ བོད་ཀྱི་སྐྱེས་བུ་འགའ་ཞིག་གིས༔ ཆོས་འཆད་མདོ་རྒྱུད་མང་དུ་གླེང་༔ གདུལ་བྱའི་རྒྱུད་ལ་ཕན་ཐོགས་པའི༔ ནུས་པ་མེད་ཅིང་ཁ་བཤད་ཀྱིས༔ ཉོན་མོངས་ཆགས་སྡང་ནར་སོན་བྱེད༔ ངེས་པར་གདུལ་བྱ་འདུལ་བ་ཡི༔ ཆོས་ནི་སེམས་རྒྱུད་ཐུལ་བ་དང་༔ ཚེ་གཅིག་སྒྲུབ་པ་ལྷུར་ལེན་པའི༔ གནད་ནི་སྟོན་མཁན་ཤིན་ཏུ་དཀོན༔ ཁྱད་པར་ལྔ་བརྒྱའི་སྙིགས་དུས་འདིར༔ ཁ་བཤད་རྒྱུད་ལ་ཁེལ་བ་དཀོན༔ ཆོས་ཉིད་རྫོགས་པ་ཆེན་པོ་ཡིས༔ གདུལ་བྱ་ཕལ་ཆེར་རྣམ་གྲོལ་བྱེད༔ ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིས༔ ངེས་མེད་རི་ལ་སྒྲུབ་ཚུགས་ཟིན༔ མྱུར་ལམ་འོད་གསལ་ཐོད་རྒལ་གྱིས༔ ཚེ་འདིར་རིག་འཛིན་ས་རུ་སྐྱོལ༔ གཅོད་ཡུལ་འཆད་པ་གྲངས་མང་ཡང་༔ ཁ་དང་ལག་པ་དལ་མེད་པའི༔ སྤྱོད་པ་བྱེད་ཅིང་རྣམ་པར་རྟོག༔ བདུད་བཞི་གཅོད་པ་ཤིན་ཏུ་དཀོན༔ བདག་གིས་བསྟན་པའི་བདུད་གཅོད་ལམ༔ ཤེས་རྒྱུད་འདུལ་ཞིང་རེ་དོགས་ཡུལ༔ ཡུལ་མེད་ཆེན་པོར་གཅོད་པའི་ཐབས༔ རྫོགས་པ་ཆེན་པོའི་ཟབ་གནད་ཡིན༔ དེ་ལྟར་རྫོགས་ཆེན་མ་བུ་གསུམ༔ འཆད་པའི་སྟོན་པར་ཁྱོད་བསྔགས་ཏེ༔ ང་ཡི་རྒྱལ་ཚབ་མཆོག་མངའ་གསོལ༔ ཁྱོད་ཀྱི་ཕྲིན་ལས་བྱེད་པ་པོ༔ སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི༔ བྱང་ཆུབ་སེམས་དཔའ་འདི་ལྟར་འབྱུང་༔ གནས་འདིའི་མི་རིང་ཉེ་བ་ནས༔ སྐྱེས་བུ་སྤུ་ཡི་མིང་ཅན་འབྱུང་༔ དེ་ཡིས་བསྟན་ལ་ཕན་ཆེར་འདོགས༔ གནས་འདིའི་མི་རིང་ཉེ་བ་ནས༔ སྐྱེས་བུ་བསོད་ནམས་མིང་ཅན་འབྱུང་༔ སྙིང་པོའི་སྒྲུབ་ལ་མངའ་བརྙེས་ཤིང་༔ དངོས་མེད་ལྷ་འདྲེའི་འགྲོ་དོན་འབྱུང་༔ གནས་འདིའི་མི་རིང་ཉེ་བ་ནས༔ སྐྱེས་བུ་ཀི་ཡི་མིང་ཅན་འབྱུང་༔ བདུད་དང་དམ་སྲིས་མ་བསླུས་ན༔ ཁྱོད་ཀྱི་བསྟན་ལ་ཕན་ཆེར་འདོགས༔ འགྲོ་བའི་དོན་ཡང་རྒྱ་ཆེན་འགྲུབ༔ གྲོགས་དང་ཞབས་ཏོག་མཐུན་རྐྱེན་གྱི༔ སྐྱེས་བུ་དྲག་གི་མིང་ཅན་འབྱུང་༔ རྒྱལ་པོ་ཛཿཡི་རྣམ་རོལ་བ༔ སྤྲུལ་པའི་སྐུ་མཆོག་པུཎྱེ་འབྱུང་༔ ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག༔ ཡང་སྲིད་འཛམ་གླིང་དབང་རྒྱན་འབྱུང་༔ ལྷ་ཆེན་ཚངས་པ་དཀར་པོ་ཡི༔ ཡང་སྲིད་པདྨའི་མིང་ཅན་འབྱུང་༔ ལང་གྲོ་ལོ་ཙཱའི་ཡང་སྲིད་པ༔ བུ་ཆུང་མི་ཕམ་རྡོ་རྗེར་བཞེངས༔ རིག་འཛིན་གཡུ་སྒྲ་སྙིང་པོ་ཡི༔ སྤྲུལ་པ་དྲི་མེད་འོད་ཟེར་འབྱུང་༔ ལོ་ཆེན་བཻ་རོའི་རྣམ་འཕྲུལ་ནི༔ སྐྱེས་བུ་ལྷ་ཡི་མིང་དུ་གྲགས༔ རྒྱལ་པོའི་སྲས་མོ་ལྷ་ཡི་ལྕམ༔ སྐྱེས་བུ་ནམ་མཁའ་འཇིགས་མེད་པ༔ པཎ་ཆེན་བི་མ་མི་ཏྲ་ཡི༔ སྤྲུལ་པ་ཡེ་ཤེས་རྡོ་རྗེར་གྲགས༔ དེ་ལ་ང་ཡིས་མཚན་གསོལ་ལོ༔ དེ་དག་ཁྱོད་ཀྱི་བསྟན་འཛིན་ལགས༔ འབྲེལ་ཚད་འགྲོ་བ་ཐར་ལམ་གཟུད༔ སྨར་གྱི་སྦ་གཏེར་བྲག་འདི་ནི༔ བཻ་རོའི་སྦ་མཁར་སྦ་བའི་གནས༔ གཤོང་ཕྲན་མདའ་ཡི་སྲུབ་ཟུར་དུ༔ བྲག་དམར་དཀྱིལ་དུ་དཀར་པོ་བཀྲ༔ སྲུབ་ཀྱི་ནང་དུ་ས་བྲུས་ན༔ ཁ་བྱང་མཛོད་ཀྱི་ལྡེའུ་མིག་དང་༔ བྱེ་མ་ཨ་ཀྲོང་ལས་གྲུབ་པའི༔ འཕགས་མ་སྒྲོལ་མའི་སྐུ་གཟུགས་དང་༔ ས་ར་ཧ་པའི་ཕྱག་ཕྲེང་ཡོད༔ དབྱར་ཟླ་ར་བའི་ཚེ་བཅུའི་ཉིན༔ པད་འབྱུང་བདག་ལ་གསོལ་བ་ཐོབ༔ གཏེར་སྲུང་ཀླུ་སྨན་དབང་མོ་ལ༔ དར་དཀར་ཡུག་དང་འབྲུ་སྣ་ཕུལ༔ ཐ་ཚིགས་སྒྲོགས་ལ་དེ་ལོངས་ཤིག༔ སྨར་གྱི་དངུལ་རྒོད་ཉིན་ངོས་སུ༔ བྲག་ཆེན་དཀྱིལ་དུ་བྲག་ཆུང་ནི༔ ཐང་དཀར་གཤོག་པ་བརྐྱང་འདྲ་ཡོད༔ ལྟོ་བའི་བྲག་གི་ཕུག་པ་རུ༔ ཁ་བྱང་གསལ་བའི་མེ་ལོང་ཡོད༔ དེ་ཡི་ནང་བཞིན་བསྒྲུབ་མཛོད་དང་༔ འགྲོ་དོན་གདུལ་བྱ་དཔག་མེད་འབྱུང་༔ ཞེས་གསུང་ཞིང་མི་སྣང་བར་ཡལ༔ དེ་ནས་དབྱར་ཟླ་ར་བའི་ཚེས་བཅུའི་ཉིན་འབྲུ་སྣ་དང་དར་ཡུག་ཐོགས་ནས་སློབ་བུ་ངག་དབང་རྒྱ་མཚོ་དང་ལྷན་ཅིག་ཏུ་བྲག་དེ་ཉིད་ཚོལ་དུ་སོང་བས་མ་རྙེད་པར་ཡུན་ཅིག་ངལ་གསོས་ནས་ཡོད་པའི་མོད་ལ་བྲག་སྲུབ་ཅིག་ནས་རྡོ་ཆུང་ངུ་ཞིག་ཆད་དེ་འདྲིལ་སོང་བས༔ དེར་ཕྱིན་ནས་བྲག་སྲུབ་དེའི་ནང་བྲུས་པས་ལག་པ་ཤོང་ཙམ་ཡོད་པའི་ནང་ནས་ལ་ཅའི་སྒྲོམ་བུ་ཞིག་བཏོན་ཏེ༔ དེའི་ནང་དུ་ཤོག་དྲིལ་གཅིག་དང་༔ དེའི་གཡས་སུ་ཕྲེང་བ་ཟད་པོ་ཡིད་དུ་མི་འོང་བ་བརྡར་ན་ཙནྡན་དཀར་པོའི་དྲི་མནམ་པ་ཞིག་དང་༔ རྒྱབ་ཏུ་སྒྲོལ་མའི་འདག་སྐུ་གསེར་གྱིས་བྱུགས་པ་གཅིག་བཅས་འདུག་པ་བླངས་ཏེ༔ ཚབས་སུ་འབྲུ་སྣ་དང་དར་བཅུག་ནས་སྔར་བཞིན་འདག་པས་སྲུབ་འདན་པར་བྱས་ནས་བཞག༔ ཤོག་དྲིལ་ལ་ཞེང་སོར་ལྔ་པ་རིང་ཐུང་འདོམས་དོ་ཙམ་ཡོད་པའི་ཡི་གེ་ངོས་ནས་བལྟས་ཚེ་ནག་པོ་དང་༔ རྒྱབ་ནས་བལྟས་ན་དམར་པོ་རིས་སུ་དོད་པ་སྤུས་བྲིས་པ་ཙམ་འདུག་པ་ལ༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྡོ་རྗེ་སེམས་དཔའ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ མཁས་གྲུབ་ཀྱི་མཆོག་ཤྲཱི་སེང་ཧ་རྣམས་ལ་མི་ཕྱེད་དད་པའི་སྒོ་ནས་འདུད་ཅིང་གཏན་གྱི་སྐྱབས་གནས་སུ་བསྟེན་ནོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ ལྔ་བརྒྱའི་འགྲོ་བ་མཐའ་དག་ལ༔ རྗེས་ཆགས་སྙིང་རྗེའི་བསམ་པ་ཡིས༔ འཛམ་གླིང་ས་གནས་ཐམས་ཅད་དུ༔ གཏེར་ཁ་སྟོང་དང་རྩ་བཞི་སྦས༔ དེང་སང་སྙིགས་མའི་མར་གཤམ་འདིར༔ སེམས་ཅན་ལས་ངན་རྨུ་རྒོད་པས༔ ཤེས་རྒྱུད་འདུལ་བར་དཀའ་མོད་ཀྱང་༔ སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི༔ གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར༔ ཁྱོད་ནི་ཕྲིན་ལས་བདག་པོར་བསྐོས༔ ས་མོ་ལུག་གི་ལོ་ཁྱིམ་གྱི༔ དགུན་ཟླ་ར་བའི་ཉེར་ལྔ་ལ༔ གསེར་སྨད་རྔ་ལ་སྟག་རྩེ་ཞེས༔ འཕགས་མ་སྒྲོལ་མའི་གནས་མཆོག་སྟེ༔ དེ་ཡི་གཡས་ཕྱོགས་ལོགས་ཆ་ན༔ རྒྱལ་པོ་གཡུ་ཕྲེང་ཅན་གྱི་མགུལ༔ རྡོ་རྗེའི་བྲག་ཅེས་བྱ་བ་ཡོད༔ ཁང་སྒོ་ལྟ་བུའི་རི་མོ་བཀྲ༔ བྲག་ནི་སྲུབ་ཀྱིས་འཁོར་བ་ལ༔ སྒོ་ནི་མཐོ་ཡིས་འཁོར་ཙམ་ཡོད༔ དེ་ཉིད་ལྕགས་ཀྱི་གཟོང་གིས་བརྐོས༔ འབྱེད་ཚེ་ཕོ་རོག་སྟོང་ཐུབ་ཀྱི༔ དབུས་ན་ངང་པ་ཁྲི་ཐུབ་ཀྱིས༔ གཡོགས་པའི་སྒྲོམ་བུ་བདུན་ཕྲག་ཡོད༔ གཏེར་སྲུང་རྒྱལ་པོ་གཡུ་ཕྲེང་ཅན༔ ཤ་དང་ཁྲག་གི་སྐྱེམས་ཀྱིས་མཆོད༔ ཚབས་སུ་གཏེར་བུམ་བཟང་པོ་དང་༔ དར་ཚོན་སྣ་ལྔ་ཕུལ་ནས་ཞོག༔ ཟབ་ཆོས་གསང་བ་སྐོར་གསུམ་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་ནི༔ བདུད་རྒྱལ་སེ་ཕུང་ནག་པོ་ཡིས༔ རྒྱལ་ཁམས་ཁ་ལོ་བསྒྱུར་བའི་ཚེ༔ དེ་ཡི་དབང་པོ་བསྣུབ་པའི་ཕྱིར༔ ཤིང་མོ་གླང་གི་ལོ་རུ་ཕོབ༔ མཁའ་འགྲོ་གསང་བ་ཡེ་ཤེས་ནི༔ མེ་སྟག་ལོ་ཡི་དབྱར་ར་བར༔ སྐྱེས་བུ་སོ་ཡི་མིང་མཐའ་ཅན༔ ཡང་ཅིག་ནི་ཡི་མིང་མཐའ་ཅན༔ འབྱུང་ཚེ་ཡི་གེར་ཕབ་པ་ནི༔ དེ་ཡི་རྟེན་འབྲེལ་དུས་ཚིགས་ལགས༔ ཡང་ཁྲོས་མ་ཧཱ་ཀཱ་ལ་ནི༔ ལྕགས་མོ་ལུག་གི་ལོ་ཁྱིམ་དུ༔ སྐྱེས་བུ་བཅུ་ཡི་མིང་མཐའ་ཅན༔ འབྱུང་ཚེ་རྟེན་འབྲེལ་དུས་ཚིགས་ལགས༔ གསང་བདག་རྡོ་རྗེའི་སྒྲུབ་པ་ནི༔ སྐྱེས་བུ་ལི་ཡི་མིང་མཐའ་ཅན༔ བྱི་བའི་ལོ་རུ་ལྷགས་པའི་ཚེ༔ དེ་ཡི་རྟེན་འབྲེལ་དུས་ཚིགས་ལགས༔ རྡོ་རྗེ་ཕུར་པའི་ཆ་ལག་རྣམས༔ སྨོན་ལམ་ལས་ཀྱིས་བསྐུལ་བ་ཡི༔ སྣོད་ལྡན་སློབ་མ་རིམ་བཞིན་དུ༔ འབྱུང་ཚེ་རྟེན་འབྲེལ་དུས་ཚིགས་ལགས༔ བསྐལ་པ་ཕག་གི་ལོ་ཁྱིམ་གྱི༔ དབྱར་ཟླ་ར་བ་ལ་བབས་ཚེ༔ སྐྱེས་བུ་ཤྲཱིའི་མིང་མཐའ་ཅན༔ བསྐུལ་བ་པོ་རུ་ལྷགས་པའི་ཚེ༔ ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་རྣམས༔ འབེབ་པའི་རྟེན་འབྲེལ་དུས་ཚིགས་ལགས༔ སྟག་གི་ལོ་ཁྱིམ་ལ་བབས་ཚེ༔ སྐྱེས་བུ་སེམས་ཀྱི་མིང་མཐའ་ཅན༔ བསྐུལ་བ་པོ་རུ་ལྷགས་པའི་ཚེ༔ འཆོལ་བ་རྡོ་རྗེ་ཁྲོ་བོ་ལོད༔ གཏན་ལ་དབབ་པའི་དུས་ཚིགས་ཏེ༔ ཡོས་བུའི་ལོ་ཁྱིམ་ལ་བབས་ཚེ༔ སྐྱེས་བུ་རང་ཤར་མིང་མཐའ་ཅན༔ བསྐུལ་བ་པོ་རུ་ལྷགས་པའི་ཚེ༔ སྒྲོལ་མའི་སྒྲུབ་ཐབས་གཏན་ལ་ཕོབ༔ རྟ་ཡི་ལོ་ཁྱིམ་ལ་བབས་ཚེ༔ སྐྱེས་བུ་རང་གྲོལ་མིང་མཐའ་ཅན༔ འབྱུང་ཚེ་མཚོ་རྒྱལ་སྒྲུབ་པ་ཉིད༔ གཏན་ལ་དབབ་པའི་དུས་ཚིགས་ཡིན༔ གཞན་ཡང་གསང་བ་སྐོར་གསུམ་གྱི༔ ཆ་ལག་ཡན་ལག་ཐམས་ཅད་ནི༔ བཀའ་བབ་ཆོས་བདག་རེ་རེ་ཡིས༔ བསྐུལ་ཞིང་གཏན་ལ་འབེབ་པར་འགྱུར༔ རྫོགས་རིམ་མ་བུ་སྐོར་གསུམ་ནི༔ དག་སྣང་དགོངས་གཏེར་ཚུལ་དུ་འབྱུང་༔ རྔ་ལ་སྟག་རྩེའི་ལྟེ་བ་རུ༔ ཡང་ཟབ་རྡོ་རྗེའི་སྙིང་པོ་ཡོད༔ གཡུང་དྲུང་ལྕགས་རྩེའི་ནང་མཛོད་དུ༔ འོད་གསལ་སྒྱུ་འཕྲུལ་དྲྭ་བ་ཡོད༔ ལྕགས་རི་ཅན་གྱི་གནས་དེ་རུ༔ མ་མོ་བདེ་བའི་རྒྱང་གླུ་ཡོད༔ ཨ་མྱེ་དྲིལ་དཀར་ཐོར་ཚུགས་སུ༔ མགོན་པོ་ནག་པོའི་གསང་རྒྱུད་ཡོད༔ རྨ་ཡུལ་ཨོ་རྒྱན་པད་ཞྭ་རུ༔ བདེ་མཆོག་འཁོར་ལོའི་སྒྲུབ་སྐོར་ཡོད༔ བྲག་དཀར་སྤྲེལ་རྫོང་གནས་མཆོག་ཏུ༔ མཁའ་འགྲོ་གསང་བའི་ཐེམ་ཡིག་ཡོད༔ དྭགས་རི་གསང་བ་གཉན་པོ་རུ༔ སྦས་ཡུལ་བདུན་གྱི་ཁ་བྱང་ཡོད༔ ཀོང་པོའི་ལ་སྒང་གཡས་ལོགས་སུ༔ པདྨ་བཀོད་ཀྱི་ལྡེའུ་མིག་ཡོད༔ སྤུ་རུ་དག་རྫོང་ཕུག་པ་རུ༔ ལུང་གསུམ་ལྗོངས་ཀྱི་ལྡེའུ་མིག་ཡོད༔ ལྷ་རི་ཐོད་དཀར་བྱ་བ་རུ༔ འབྲས་མོ་ལྗོངས་ཀྱི་ལྡེའུ་མིག་ཡོད༔ བསམ་ཡས་མཆོད་རྟེན་དཀར་པོ་རུ༔ ཡུ་པོ་ལུང་གི་ལྡེའུ་མིག་ཡོད༔ གཙང་གི་ཆུ་ལུང་བྲག་དམར་ན༔ མཁན་པ་ལུང་གི་ལྡེའུ་མིག་ཡོད༔ དེང་དུས་མཐའ་དམག་དབུས་སུ་གཏིབ༔ དུ་རུ་ཀ་ཡི་ཡོ་ལང་འཕྱོ༔ སྐྱེ་འགྲོ་མི་ཡི་ཤེས་རྒྱུད་བརླབ༔ པདྨ་ང་དང་འབྲེལ་བའི་བུ༔ ལས་ཅན་སྐྱེས་བུ་མཐའ་དག་ཀུན༔ སྦས་པའི་ཡུལ་དུ་ཡིབ་པ་ལ༔ ས་མཁན་བཀའ་བབ་ཁྱོད་ལགས་ཀྱང་༔ རྟེན་འབྲེལ་སྣ་ཁ་ལོག་པ་ཡིས༔ རྟགས་དང་ལྟས་མཚན་སྣ་ཚོགས་འབྱུང་༔ འབྲོང་ལྗོངས་རྡོ་རྗེ་ཕག་མོ་དང་༔ གངས་ལའི་དབང་ཕྱུག་ཆེན་པོ་ཉིད༔ མ་འབྱིན་བར་དུ་སྒོ་མི་འབྱེད༔ མེ་བྱའི་ལོ་ལ་བབ་པའི་ཚེ༔ རྩ་རླུང་རྡོ་རྗེ་གཏུམ་མོ་ཡི༔ སྟོབས་ཀྱིས་དབུ་མའི་རྩ་ཁ་འབྱེད༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་གཏེར༔ རྡོལ་ཚེ་ལས་འབྲེལ་བུ་སློབ་སྐྱོང་༔ པདྨའི་རྒྱལ་ཚབ་སྐྱེས་བུ་ཁྱོད༔ ལྷ་འདྲེ་མི་གསུམ་ཆོ་འཕྲུལ་གྱིས༔ ལེགས་ཉེས་གར་གྱི་རྣམ་འགྱུར་མཐོང་༔ རང་དབང་རྒྱལ་པོའི་བཙན་ས་ཟུངས༔ ལོ་ཁྱིམ་དྲུག་ཅུ་རྩ་བཞི་ནས༔ ཆོས་བརྒྱད་སྒྲུབ་བློའི་བྱ་བ་སྤོངས༔ བློ་སྣ་པདྨ་ང་ལ་གཏོད༔ སྣང་སྲིད་པདྨ་འོད་དུ་སྦྱོངས༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་འགྱུར༔ ཞེས་པའི་བཀའ་བཞིན་དུ་དངུལ་རྒོད་ཀྱི་ནང་དུ་ཕྱིན་ཚེ་རྟ་ནག་རྟིང་དཀར་ལ་ཞོན་པའི་མི་སེང་གེའི་མགོ་ཅན་ཞིག་བྱུང་ནས༔ ཀྭིའི་ཀྭིའི༔ གཡུང་དྲུང་ལྕགས་རྩེའི་བཙུན་མོ་དངུལ་བཟང་མ་ཁྱོད་ཚུར་ཤོག་ཟེར༔ དེ་མ་ཐག་ཏུ་གཡུའི་ཁ་དོག་དང་བཞིན་མདངས་འབར་བའི་བུ་མོ་ཞིག་བྱུང་ནས་བྲག་ལ་ཁུ་ཚུར་གྱིས་བསྣུན་པའི་མོད་ལ་བྲག་མི་མགོ་ཙམ་ཞིག་སྒར་གྱིས་འཕར་འབྱུང་༔ དེའི་ནང་དུ་རྩྭའི་པ་ཊ་བྱས་པའི་གོང་བུ་ཕོར་པ་ཙམ་གྱི་ནང་དུ་ཤོག་དྲིལ་ཆེན་པོ་ཞིག་འདུག་པ་བླངས་ཏེ་གཏེར་ཚབ་བཅུག་ནས་སྒོ་སྔར་བཞིན་བསྡམས་ཏེ་བཞག༔ སྨར་མདོ་རུ་ཕྱིན་ཏེ་ཤོག་སེར་ཁ་ཕྱེས་ནས་བལྟས་པའི་ངོས་ལ༔ འཁོར་འདས་ཡོངས་ཁྱབ་འཁོར་འདས་ཀྱི༔ དབང་ཕྱུག་བྱེད་པོ་ཀུན་ཏུ་བཟང་༔ མངོན་གྱུར་ཆེན་པོར་བཞུགས་ནས་ཀྱང་༔ གདོད་མའི་ཡེ་གཞི་ནམ་མཁའ་ཆེར༔ རང་གྲོལ་འབྲས་བུ་ཐོབ་ཕྱག་འཚལ༔ བསྐལ་པ་མང་པོའི་གོང་རོལ་ནས༔ ཚོགས་དང་སྨོན་ལམ་སྟོབས་འབྱོར་ཏེ༔ ཐུགས་བསྐྱེད་རྣམ་དག་གདིང་ལྡན་པའི༔ སྐྱེས་བུ་ཁྱོད་ཉིད་འདིར་ལྟོས་དང་༔ ཁྱོད་ལ་ཉེར་མཁོའི་ལམ་ཞིག་གདའ༔ བསྐལ་པ་བྱ་ཡི་ལོ་ཁྱིམ་དུ༔ སྨར་གྱི་འབྲོས་ཕུག་རབ་དབེན་ཚལ༔ ལོ་ཁྱིམ་དྲུག་ཏུ་སྒྲུབ་པ་མཛོད༔ སྣོད་ལྡན་དང་ནི་སྣོད་མིན་པའི༔ སློབ་མ་བཅུ་ཕྲག་བཞི་རུ་འབྱུང་༔ བདུད་ཀྱིས་སྨོན་ལོག་ལ་ཡོག་འདོར༔ དེ་འོག་གྲོང་ཆུང་གནས་ཟུངས་ལ༔ ལོ་གསུམ་བར་དུ་རྟེན་ཆོས་ཤིག༔ དེ་མཐར་ཉ་མང་ལུང་ཆུང་དུ༔ ཟླ་བ་བཅུ་རུ་རྟེན་ཆོས་ལ༔ གནས་པོས་བརྡ་རྟགས་བྱུང་བའི་ཚེ༔ སྨར་མདོར་ལོ་དགུར་རྟེན་ཆོས་ཤིག༔ འཁོར་སློབ་བཅུ་ཕྲག་བཅུ་གཉིས་འབྱུང་༔ མཚོ་རྒྱལ་སྤྲུལ་པ་རྡོ་རྗེའི་མིང་༔ གང་ལྷ་པདྨའི་མིང་ཅན་དང་༔ སྤྲེལ་ཆུང་རྒྱལ་གྱི་མིང་མཐའ་ཅན༔ མཆོག་དབྱངས་དགེ་བའི་མིང་ཅན་གཉིས༔ འབྱུང་ཚེ་གསེར་གྱི་ཡུལ་དུ་སྤོས༔ དེ་ཚེ་སྨད་ཀྱི་ཕྱོགས་ཆ་ནས༔ བུ་སློབ་བཅུ་ཕྲག་བརྒྱད་དུ་འབྱུང་༔ དེ་ལས་མ་འཛི་མདའ་རུ་མཆོག༔ ཀ་ཡི་མིང་དང་བཛྲ་མིང་༔ བཱིདྱ་དང་ནི་ཛྙཱ་ན་པ༔ མཐོང་བའི་ལམ་དང་ལྔ་ཕྲག་འབྱུང་༔ དེ་དག་རྒྱ་གར་འཕགས་ཡུལ་ནས༔ པདྨ་ང་དང་འབྲེལ་བའི་བུ༔ རྫོགས་པ་ཆེན་པོའི་ཆོས་སྒོ་དང་༔ སྤྲོད་དང་མཆོག་གི་དངོས་གྲུབ་འཐོབ༔ ལྷོ་ནས་རྒྱ་མཚོའི་མིང་མཐའ་ཅན༔ ཚེ་འདིར་གཞོན་ནུ་བུམ་སྐུར་གྲོལ༔ ལྷོ་ནུབ་མཚམས་ནས་གྲོལ་གྱི་མིང་༔ རྫོགས་པ་ཆེན་པོའི་ཆོས་སྒོ་དང་༔ འཕྲད་ན་ཡང་དག་སངས་རྒྱས་འཐོབ༔ སྐྱེས་བུ་པདྨ་བསོད་ནམས་ཞེས༔ མོན་བུ་དབང་རྒྱལ་སྐྱེ་བའི་མཐའ༔ ཕྱི་མ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ ཤར་ནས་རལ་ཁུར་ཅན་གྱི་ཁྱུའི༔ མཆོག་གྱུར་མཁྱེན་པའི་མིང་མཐའ་ཅན༔ ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ༔ ཤར་ལྷོ་མཚམས་ནས་འབྱུང་འགྱུར་ནི༔ སྔོན་ཚེ་ང་ཡི་འབངས་གྱུར་པ༔ ནམ་མཁའ་ཡེ་ཤེས་སྐྱེ་བརྒྱུད་ནི༔ སྐྱེས་བུ་ངག་གི་མིང་ཅན་འབྱུང་༔ བདུད་དང་དམ་སྲིས་མ་བསླུས་ན༔ འོད་གསལ་མྱུར་ལམ་ཟབ་མོ་དང་༔ མ་དང་མཁའ་འགྲོའི་སྒྲུབ་སྐོར་གྱིས༔ ཚེ་གཅིག་མཁའ་སྤྱོད་དག་པའི་དབྱིངས༔ མ་དང་མཁའ་འགྲོའི་ཚོགས་དཔོན་བྱེད༔ ནུབ་ནས་སེམས་ཀྱི་མིང་མཐའ་ཅན༔ རྨ་ཐོག་རིན་ཆེན་སྤྲུལ་པ་སྟེ༔ མི་ལོ་བཅུ་གཉིས་བར་མེད་དུ༔ གསང་ཆེན་མྱུར་ལམ་སྙིང་པོ་རུ༔ བརྟེན་ན་འཇའ་ལུས་འཕོ་ཆེན་འགྲུབ༔ སེ་ལུང་ཡ་མའི་སྐྱེ་བརྒྱུད་དེ༔ སྐྱེས་བུ་ལྡན་གྱི་མིང་མཐའ་ཅན༔ མི་ལོ་བཅུ་དྲུག་བར་མེད་དུ༔ འོད་གསལ་ཐོད་རྒལ་ལ་བརྟེན་པས༔ འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་འགྱུར༔ ནུབ་བྱང་མཚམས་ནས་འབྱུང་འགྱུར་ནི༔ ལས་ཅན་སློབ་མ་བརྒྱ་ཕྲག་ལས༔ ཆུང་འཕེལ་སེང་གི་མིང་མཐའ་ཅན༔ པདྨ་ང་དང་འབྲེལ་བའི་བུ༔ རྫོགས་པ་ཆེན་པོའི་སྒོ་འདི་དང་༔ འཕྲད་ན་མངོན་སངས་རྒྱ་འགྱུར་རོ༔ གཙང་ནས་འབྲོག་མིའི་སྤྲུལ་པ་འབྱུང་༔ སྟོང་ནས་དཔལ་རྡོར་སྤྲུལ་པ་འབྱུང་༔ གདོང་ལས་ཐང་སྟོང་རྒྱལ་པོ་འབྱུང་༔ དེ་སོགས་ཁྱོད་ཀྱི་འཁོར་ཚོགས་ལ༔ བརྒྱ་ཕྲག་བཅུ་ཕྲག་བཅུ་གསུམ་འབྱུང་༔ སྙིང་པོའི་སྒྲུབ་པ་ལ་གཞོལ་བས༔ སྐྱེས་བུ་འགའ་ཞིག་མངོན་སངས་རྒྱ༔ ལོག་པ་བདུད་ཀྱིས་མ་བསླད་ན༔ ཕལ་ཆེར་བྱང་ཕྱོགས་ཤམྦྷ་ལར༔ ཕ་རོལ་དཔུང་འཇོམས་གྲལ་འཁོད་དེ༔ ལོག་པ་བདུད་ཀྱི་བསྟན་པ་བསྣུབ༔ ཟླ་རྒྱལ་དཔའ་བོའི་ཉེ་འདབས་སུ༔ སྐྱེས་བུ་ག་གའི་མིང་ཅན་འབྱུང་༔ གནས་དེར་ཚེ་དང་སྐྱབས་ཞེས་པའི༔ མིང་མཐའ་ཟུང་ཞིག་འབྱུང་བ་དང་༔ ནི་གེར་ཞེས་བྱའི་ཉེ་ས་རུ༔ སྐྱེས་བུ་དགའ་བའི་མིང་ཅན་དང་༔ གཞན་ཡང་རི་ཁྲོད་ངེས་མེད་དུ༔ བཙན་ས་འཛིན་པའི་སྐྱེ་བུ་ལྔ༔ ཚེ་འདིར་ཐར་པའི་གྲོང་འཕོ་ཞིང་༔ འབྲེལ་ཚད་སྲིད་ལས་སྒྲོལ་འགྱུར་རོ༔ ཡོས་བུའི་ལོ་ཁྱིམ་ལ་བབས་ཚེ༔ གནས་ཡུལ་གཞན་དུ་འཕོས་ནས་སུ༔ ལི་ཞེས་བྱ་བའི་སྟོད་ཀྱི་ཆ༔ དེ་རུ་གནས་རྟེན་བཅས་གྱུར་ན༔ རྟེན་འབྲེལ་དང་མཐུན་གནས་གཞི་འཛུགས༔ སྐྱེས་བུ་ཁྱོད་ཀྱི་འབངས་གྱུར་པའི༔ བསྟན་འཛིན་སྐྱེས་བུ་ཐམས་ཅད་ཀྱིས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ གནོད་སྦྱིན་ཤན་པ་གྲོགས་སུ་བསྟེན༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས༔ འདོད་རྒུར་དབང་བསྒྱུར་ལྕགས་ཀྱུ་ལགས༔ གཟའ་རྒོད་དུག་གི་སྤུ་གྲི་ནི༔ བསྟན་དགྲ་འདུལ་བའི་གཉེན་དུ་ཆེ༔ སྒོ་གསུམ་ལྷ་རུ་སྦྱོང་བ་ནི༔ བར་ཆད་སེལ་བའི་མཆོག་ཏུ་ཤེས༔ འོད་གསལ་རྫོགས་པ་ཆེན་པོ་ཡི༔ སྟོན་དང་བསྟན་པ་ཉི་ཞུར་ཙམ༔ ཤེས་པར་གྱིས་ལ་བཀའ་བབ་རྣམས༔ ཆོས་བརྒྱད་ལས་དབེན་རི་སུལ་དུ༔ རྩེ་གཅིག་སྙིང་པོའི་སྒྲུབ་ལ་བརྩོན༔ སྲིད་པ་སྡུག་བསྔལ་རྒྱ་མཚོ་ལས༔ ཐར་པ་ཐོབ་པར་གདོན་མི་ཟ༔ ང་སྤྲུལ་ང་གཏེར་དང་འཕྲད་པའི༔ སྐལ་བ་བཟང་པོའི་སྐྱེས་བུ་རྣམས༔ ཚེ་གཅིག་གྲོང་ཆོག་འདྲེ་བརྡུང་དང་༔ རྙེད་ཚོལ་ལས་ལ་འབྱམས་མ་བྱེད༔ དཀའ་ཚེགས་ངལ་བ་ཁྱད་བསད་དེ༔ གཞན་དོན་སྒྲུབ་ལ་ཆེས་ཆེར་བརྩོན༔ དེ་ཡང་སྨིན་གྲོལ་གདམས་པ་འདོམས༔ པད་འབྱུང་ཕྲིན་ལས་ཕོ་ཉ་བ༔ བསྟན་དང་འགྲོ་བའི་དོན་ལས་མེད༔ དེ་དོན་རྟག་ཏུ་ཡིད་ལ་ཞོག༔ འདི་སྣང་རྨི་ལམ་གནས་སྐབས་ཙམ༔ ཤེས་ནས་རྟག་འཛིན་ཞེན་པ་ཆོད༔ དེ་ལྟར་གནད་དང་ལྡན་གྱུར་ན༔ དོན་གཉིས་མཐར་ཕྱིན་གདིང་ཐོབ་འགྱུར༔ གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨ་ཐཾ་རྒྱ༔ ཞེས་དེ་ལྟར་བྱུང་བ་བཞིན་དུ་ལུག་ལོའི་དགུན་ཟླ་འབྲིང་པོའི་ཚེས་ཉེར་ལྔའི་ཉིན།གྲོགས་བདེ་ཆེན་ཞེས་བྱ་བ་དང་ལྷན་ཅིག་ཏུ་བསྡེབ་སྟེ་ཤྭ་བྲག་རྡོ་རྗེ་ཅན་དུ་སླེབས་ནས་བྲག་སྲུབ་ལྕགས་གཟོང་གིས་དཀྲིག་པའི་མོད་ལ་སྒོ་གྲུ་བཞིར་རྡོལ་བའི་ནང་དུ་སོལ་བ་མང་པོ་སྤུངས་པའི་དཀྱིལ་དུ་ཤུག་པའི་ཤུན་པ་དང་གྲོ་གས་གཡོགས་པའི་ནང་དུ་སྒྲོམ་བུ་ཟངས་ཞུན་གྱིས་བསྐོན་པ་ལྔ་གདན་དྲངས་པའི་མཐར།བྲག་གི་སྒོ་དང་སྲུབ་དང་སྒྲོམ་བུ་སྐུ་གསུང་ཐུགས་རྟེན་མང་དུ་སྣང་བ་རྣམས་རྨི་ལམ་བཞིན་དུ་ཡལ་སོང་།ཉི་མ་དེའི་རིང་ལ་དྲི་བཟང་གིས་ལུང་པ་ཁྱབ།ཉིན་སྲིབ་ཀྱི་རི་བོ་ཐམས་ཅད་འཇའ་དང་འོད་ཀྱིས་ཁེབས།རོལ་མོ་མང་པོས་རང་སྒྲ་འཁྲོལ།གླ་བ་ཞིག་རྙིས་ཟིན་འདུག་པ་དེའི་རྙི་ཐག་གྲིས་བཅད་ནས་བཏང་ངོ་།།འཇའ་དང་འོད་ཀྱི་དྲྭ་བ་འཁྲིགས་པ་ནི།གདམས་པ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་འཇའ་ལུས་འགྲུབ་པའི་རྟེན་འབྲེལ་དང་།རོལ་མོ་མང་པོས་རང་སྒྲ་ལྡིར་བ་ནི་ཚེའི་སྨད་ཆར་སྙན་གྲགས་རྒྱས་པ་དང་།གླ་བ་རྙི་ནས་འགྲོལ་བ་དེ་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་རྣམས་རི་དྭགས་རྒྱ་ནང་ནས་གྲོལ་བ་བཞིན་དུ་ཐར་པ་དང་རྣམ་མཁྱེན་གྱི་ལམ་དུ་འདྲོངས་པའི་བརྡ་དང་རྟེན་འབྲེལ་གྱི་རྟགས་སུ་གོ།དྲི་བཟང་གི་ན་བུན་འཐུལ་བ་ནི།དམ་ཚིག་དང་ལྡན་པའི་བུ་སློབ་ཟོལ་མེད་མང་པོ་འབྱུང་བའི་རྟེན་འབྲེལ་དུ་གོ།དེ་ནས་གཞན་དང་ཐུག་ཕྲད་བྱུང་ན་རྟེན་འབྲེལ་གྱི་སྣ་ཁ་ལོག་པར་དོགས་ནས་གཞན་རྒྱུ་འགྲུལ་མེད་པའི་ལ་ལུང་མང་པོར་བསྒྲོད་དེ་རང་ཁྱིམ་དུ་སླེབས་སོ།།ཞེས་ཟབ་ཆོས་གསང་བ་སྐོར་གསུམ་གྱི་ཁ་བྱང་འདི་ཉིད་སློབ་བུའི་དམ་པ་ཀུན་བཟང་ཆོས་གྲགས་དང་།ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པས་ཡོངས་སུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།