DUDJOM-THROMA-041

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-041

དབུ་ཁྲིད་༠༠༠༠༠༠༠༠བརྡ་ཡིག ༣༨༥ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་རྒྱལ་པོའི་དྲག་བསྐུལ་སྤུ་གྲིའི་འཁོར་ལོ་བཞུགས་སོ༔ ཤ་ཁྲག་གཏོར་མ་སྐྱེམས་བཤོས་བཤམ༔ འབྲུ་གསུམ་ནུས་པས་བྱིན་བརླབས་ནས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ ཚངས་པའི་ཡུལ་ལ་མངའ་དབང་བསྒྱུར༔ དུར་ཁྲོད་མེ་འབར་གཞལ་ཡས་ནས༔ སྐྱེ་འགྲོའི་སྲོག་ལ་མངོན་དབང་བསྒྱུར༔ ཕྱག་ན་རྡོ་རྗེའི་བཀའ་ཉན་ཅིང་༔ ཁྲོས་མ་ནག་མོའི་ཕོ་ཉ་བ༔ ཨེ་ཀ་ཛ་ཊཱིའི་ལས་མཁན་ཆེ༔ དུག་ཁྲག་འདྲེས་པའི་རྒྱ་མཚོ་ན༔ དྲང་སྲོང་གཟའ་བདུད་རཱ་ཧུ་ལ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ དབུ་དགུའི་སྟེང་དུ་བྱ་རོག་གདོང་༔ དུད་ཁ་མགོ་ལུས་མིག་གིས་གང་༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔ ལྟོ་བའི་ཞལ་གྱིས་སྟོང་གསུམ་ཟ༔ སྤྲུལ་པ་གཟའ་བརྒྱད་ལས་ལ་འགྱེད༔ གདོང་མོ་མཆེད་བཞིས་དགྱེས་པ་སྐོང་༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔ སྲོག་གཅོད་ལས་ཀྱི་ཤན་པ་འགྱེད༔ སྨོན་ལམ་སྟོབས་ཀྱིས་མཐུ་རྩལ་ཅན༔ རྡོ་རྗེ་ཐེག་པའི་བསྟན་སྲུང་བ༔ ཁྱེད་ནི་དམ་ཚིག་སྲོག་འཛིན་པ༔ ནམ་མཁའ་ལྷ་ཡི་ཁམས་ནས་བསྐུལ༔ བར་སྣང་གཉན་གྱི་ཁམས་ནས་བསྐུལ༔ ས་གཞི་ཀླུ་ཡི་ཁམས་ནས་བསྐུལ༔ དུར་ཁྲོད་ཆེན་པོ་བརྒྱད་ནས་བསྐུལ༔ ཡབ་ནི་གདོང་དམར་སྲིན་པོ་བསྐུལ༔ ཡུམ་ནི་གཏུམ་འབར་ཀླུ་མོ་བསྐུལ༔ སྲས་ནི་གཟའ་མཆོག་ཆེན་པོ་བསྐུལ༔ སྤྲུལ་པའི་གཟའ་བརྒྱད་འཁོར་བཅས་བསྐུལ༔ བསྡོང་ཟླ་གདོང་མོ་མཆེད་བཞི་བསྐུལ༔ ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་བསྐུལ༔ འཁོར་གྱི་རྒྱུ་སྐར་ཉེར་བརྒྱད་བསྐུལ༔ དཔལ་ཆེན་ཧེ་རུ་ཀ་ཡིས་བསྐུལ༔ རྡོ་རྗེ་ཅན་གྱི་ཐ་ཚིག་བསྐུལ༔ རིག་འཛིན་པདྨའི་དམ་གྱིས་བསྐུལ༔ དགུ་ལྡན་བླ་མའི་བཀའ་དམ་གྱིས༔ བསྐུལ་ལོ་བདག་ཀྱང་དེ་རྗེས་ཟིན༔ ད་ལྟ་མངོན་སྤྱོད་ལས་ལ་བསྐུལ༔ བདག་དང་དམ་ཚིག་རྗེས་དགོངས་ལ༔ མྱུར་མགྱོགས་དྲག་རྩལ་སྟོབས་ཤུགས་ཕྱུང་༔ ཐ་ཚིག་དཔང་དུ་མི་འཇོག་རྒྱུ༔ བརྒྱུད་པ་གོང་མའི་ཁྲིམས་ལམ་བཞིན༔ སྲུང་མ་གཉན་པོ་མི་བསྐུལ་རྒྱུ༔ དཔུང་མཉེན་དཀོན་མཆོག་གསུམ་པོ་ཁུར༔ ལས་ཀ་མཐུ་ལ་མི་བརྩོན་རྒྱུ༔ སྔགས་ཀྱི་རྣལ་འབྱོར་ལས་སུ་བསྔགས༔ དེ་རིང་སྲུང་མ་མི་བསྐུལ་རྒྱུ༔ མ་ཉེས་རྣལ་འབྱོར་ཆད་པས་མནར༔ སྡང་བའི་དགྲ་བོས་ཕོད་བཙུགས་ཀྱི༔ ར་མདའ་དྲང་སྲོང་ཆེན་པོ་སྦྲན༔ ནམ་མཁར་ཁྲག་སྤྲིན་དམར་པོ་སྡུས༔ བར་སྣང་གློག་དམར་ཁྱུགས་ཁྱུགས་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ སྒྲ་འོད་མེ་དུད་གཡོ་ཞིང་སོང་༔ དུག་རླངས་ནད་རླུང་འཚུབས་ཤིང་སོང་༔ དགྲ་བོའི་གནས་ཡུལ་འོད་ཀྱིས་ཁེངས༔ མི་ནོར་སྒོ་ཁྱི་བཅས་པ་ཀུན༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ མ་ཐུབ་བར་དུ་ཚིམ་མ་བྱེད༔ མ་ཟད་བར་དུ་ཡིད་མ་མགུ༔ མ་སྟོང་བར་དུ་སླར་མ་འོང་༔ ནུས་མཐུ་དྲག་ཁྲོ་ཚུར་མ་སྟོན༔ གདུག་པའི་དབལ་ཁ་སླར་མ་ལྡོག༔ སྡུག་ཡུས་ཕྱི་མིག་མ་ལྟ་ཞིག༔ བཀའ་དང་དམ་ཚིག་དཔག་ལ་ཡོད༔ རྡོ་རྗེ་ཅན་ལ་བརྙས་མ་བཙུག༔ ནཱ་ག་རཀྴ་ཧ་ལ་ཀ་ལ་རཱ་ཧུ་ལ་བཛྲ་ས་མ་ཡ༔ དགྲ་བོ་ཆེ་གེ་མོར་ཆོ་ཆོ་རྒྱུག་རྒྱུག་རྦད་རྦད་བྷྱོ་བྷྱོ་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མ་འོངས་ལས་ཅན་སྐལ་ལྡན་ལ༔ ཕ་ལམ་རྡོ་རྗེའི་དུག་མདའ་འདི༔ བགོ་སྐལ་ས་ར་ཧ་པས་བཞག༔ གང་ལ་བྱས་ཀྱང་ཐོག་དང་འདྲ༔ རྣལ་འབྱོར་རང་གི་དཔུང་ལས་མིན༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཆོས་ཉིད་སྐྱེ་མེད་རྡོ་རྗེའོ། །དགེའོ།། །།