DJYD-KABUM-08-NYA-019

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-08-NYA-019

བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ་བཞུགས་སོ། །

ན་མོ་གུ་རུ་པདྨ་ཀ་ར་ཡེ། (ལམ་འདིའི་སྨིན་གྲོལ་ཚུལ་བཞིན་ཐོབ་ཅིང་དམ་ཚིག་རྣམ་པར་དག་པ་ཟབ་མོའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པ་ན། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་སྦྱོར་བ་སྐྱབས་སེམས་ཚོགས་བསགས་ཀྱི་རིམ་པ་སྔོན་དུ་འགྲོ་བས།) ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ གདངས་རྩལ་འགག་མེད་སྙིང་རྗེ་ཆེན་པོར་སྣང་༔ ཟུང་འཇུག་རང་རྩལ་ཧཱུྃ་ཡིག་དཀར་དམར་མདངས༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་ཡས་མཚན་རྫོགས་ལྟེ་བ་རུ༔ པད་སྡོང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་༔ རང་རིག་ཧཱུྃ་ལས་སྣང་སྲིད་ཟིལ་གནོན་སྐུ༔ བལྟ་བས་མི་ངོམས་ལོ་བརྒྱད་གཞོན་ནུའི་ཚུལ༔ སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔ ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་རྒྱན་གྱིས་སྤྲས༔ གསང་གོས་ཕོད་ཀ་ཆོས་གོས་དམར་པོ་གསོལ༔ དབུ་ལ་འདབ་ལྡན་རིགས་ལྔའི་པད་ཞུ་མཛེས༔ གཡས་གཡོན་ཕྱག་ན་གསེར་གྱི་རྡོ་རྗེ་དང་༔ བདེ་ཆེན་བྷནྡྷ་འཆི་མེད་ཚེ་བུམ་འཛིན༔ ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་གཡོན་ན་འཆང་༔ འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དཀྱིལ་ན༔ གཡས་བརྐྱང་ཟིལ་གནོན་(1བ)རོལ་པའི་སྟབས་ཀྱིས་བཞུགས༔ མཚན་དཔེ་རབ་རྒྱས་ཐུགས་རྗེས་འགྲོ་ལ་གཟིགས༔ ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔ སྐུ་ཉིད་ཡེ་ཤེས་དབྱིངས་ཁྱབ་བརྡལ་བའི་ཀློང་༔ ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོར་གསལ༔ (ཞེས་བདག་ཉིད་དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ་ལ།) ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱིས་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་བཛྲ་གུ་རུ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ (ཞེས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ།) ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། (ཞེས་དམ་ཡེ་དགྱེས་མཉམ་ཆེན་པོར་བཞུགས་པར་བསམ། སླར་ཡང་རང་ལས་སྤྲུལ་པའི་ལྷ་མོ།) ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ (ཞེས་བརྡའི་ཕྱག་དང་།) ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་བིདྱ་ངྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་(ནས།) ཤཔྡ་རཱུ་པ་(སོགས།) སྤརྴེ་(2ན)མཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧྲཱིཿ རྣམ་དག་སྤྲོས་བྲལ་ཆོས་སྐུ་ནམ་མཁའི་ངང་༔ འགག་མེད་གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔ མཁའ་མཉམ་འགྲོ་བའི་སྐྱབས་མཆོག་པདྨ་འབྱུང་༔ སངས་རྒྱས་ཀུན་འདུས་སྐུ་ལ་ཕྱག་འཚལ་བསྟོད༔ (ཅེས་སྒྱུ་མའི་གར་གྱི་རོལ་པས་མཆོད་ཅིང་བསྟོད་པར་མོས། ལྷ་སྐུ་ཕྱག་རྒྱ་ཆེན་པོའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་ང་རྒྱལ་བརྟན་པོར་བསྐྱེད། གསལ་བརྟན་གྱི་ཉམས་སྐྱེས་པ་ན་གཞི་འབྲས་སྦྲེལ་བའི་དག་པ་དྲན་པས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུད་སྨིན་པ་ལ་བསླབ། སྒོམ་པས་སྐྱོན་བོགས་འབྱིན་པའི་སླད་དུ།) ཐུགས་ཀར་ཉི་ཟླའི་གྭའུའི་དབུས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧཱུྃ་ཡིག་དཀར་དམར་མདངས༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔ སེམས་ཅན་ཀུན་གྱིས་ལས་སྒྲིབ་སྦྱངས༔ དྲེགས་པའི་ལྷ་སྲིན་གདུག་རྩུབ་ཞི༔ སྣང་སྲིད་པདྨའི་སྐུ་རུ་གྱུར༔ སླར་ཡང་འོད་ཟེར་ཟེར་ཐག་སྦྲེང་༔ རྩ་གསུམ་ལྷ་ཚོགས་དམ་བསྐུལ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔ ཚུར་འདུས་ཐུགས་སྲོག་དག་ལ་ཐིམ༔ མཆོག་ཐུན་དངོས་གྲུབ་སྩལ་ཐོབ་གྱུར༔ (དེ་ལྟར་ཏིང་ངེ་འཛིན་ལ་ཡིད་རབ་ཏུ་གནས་པའི་སྒོ་ནས།) ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ (ཞེས་པདྨའི་ཡང་སྙིང་འབྲུ་བཅུ་གཉིས་པ་ཉིད་བཟླས་པའི་སྐྱོན་(2བ)ཐམས་ཅད་སྤང་ལ་རྩེ་གཅིག་ཏུ་བཟླ། རྗེས་ཐུན་ལས་ལྡང་བར་བརྩམས་པ་ན་དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ། སྔར་བཞིན་མཆོད་ཅིང་བསྟོད་ནས་ཡི་གེ་བརྒྱ་པས་ནོངས་པ་བཤགས་ཏེ།) ཧཱུྃ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ སྔགས་ཕྲེང་ཐུགས་སྲོག་དག་ལ་བསྡུ༔ དེ་ཡང་རིམ་བཞིན་གྱེན་རྫོགས་སུཿ དམིགས་མེད་རྒྱ་ཡན་ལྷུག་པའི་ངང་༔ ཀུན་བཟང་གདོད་མའི་ཀློང་དུ་བཞག༔ (ཅེས་སྤྲོས་པའི་སྣང་ཆ་འོད་གསལ་དུ་བསྡུས་ཏེ་རྟག་མཐའ་བསལ།) གཟུགས་སྣང་སྣང་སྟོང་ལྷ་ཡི་སྐུ༔ གྲགས་ཚད་བརྗོད་བྲལ་རྡོ་རྗེའི་སྒྲ༔ དྲན་རྟོག་རང་བཞིན་ངོས་འཛིན་བྲལ༔ དམིགས་མེད་ཀུན་ཁྱབ་ཆེན་པོར་ཧོཿ (ཞེས་སླར་ཡང་འཇུག་གི་སྐུར་ལངས་ཏེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱང་བས་ཆད་མཐའ་བསལ། དེ་ནས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་ཟབ་མོས་རྒྱས་བཏབ་སྟེ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་སྤྲོས་མེད་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་ཕྱིར་ཡིད་བཞིན་འོད་འཕྲོ་རྩ་བའི་གཞུང་ལས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཁོལ་དུ་ཕྱུངས་ཏེ་ངག་འདོད་བཀླག་པས་གྲུབ་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །།)