ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ བསྒྲལ་ལས་ཁམས་གསུམ་ཡོངས་སྒྲོལ༔

From Dudjom Wiki
Revision as of 10:30, 5 August 2024 by Mort (talk | contribs)

TTDL-ZABTER-01-KA-055
Wylie title zab gsang mkha' 'gro'i snying thig las: che mchog rdo rje gro lod kyi: bsgral las khams gsum yongs sgrol: TTDL-ZABTER-01-KA-055.pdf
Location bdud 'joms gling pa zab gter
Volume 1, Text 55, Pages 531-546 (Folios 1a1 to 8b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog rdo rje gro lod kyi bsgral las khams gsum yongs sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 531-546. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bsgral las   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

མ་ནུས་ཉམས་ཆུང་སྤྲང་པོའི་ཐ། །ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །གསེར་སྨད་རྡོ་རྗེའི་བྲག་ནས་བཏོན། །མ་དང་མཁའ་འགྲོས་གླུ་གར་རོལ། །འཇའ་དང་འོད་ཀྱི་དྲྭ་བ་འཁྲིགས། །དྲི་ཞིམ་དུད་པའི་ན་བུན་འཐུལ། །རི་དྭགས་རྙི་ཡིས་བཅིངས་པ་ཁྲོལ། །རྟེན་འབྲེལ་རྨད་བྱུང་བསམ་ལས་འདས། །མི་ལོ་བཅོ་ལྔར་བཀའ་རྒྱ་བཏབ། །མཐར་ནི་མཁའ་འགྲོས་བསྐུལ་ནས་སུ། །སྨར་མདོ་དགའ་བ་འཁྱིལ་ཕུག་ཏུ། །དག་པར་ཕབ་པའི་ཡི་གེ་པ། །རང་སློབ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

ma nus nyams chung sprang po'i tha/_/khrag 'thung rdo rje gro lod kyis/_/gser smad rdo rje'i brag nas bton/_/ma dang mkha' 'gros glu gar rol/_/'ja' dang 'od kyi drwa ba 'khrigs/_/dri zhim dud pa'i na bun 'thul/_/ri dwags rnyi yis bcings pa khrol/_/rten 'brel rmad byung bsam las 'das/_/mi lo bco lngar bka' rgya btab/_/mthar ni mkha' 'gros bskul nas su/_/smar mdo dga' ba 'khyil phug tu/_/dag par phab pa'i yi ge pa/_/rang slob phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ བསྒྲལ་ལས་ཁམས་གསུམ་ཡོངས་སྒྲོལ་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ཁམས་གསུམ་ཡོངས་སྒྲོལ་པདྨ་རྒྱལ་པོར་འདུད༔ མ་འོངས་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ པདྨའི་བརྒྱུད་འཛིན་དགྲ་འདྲེས་བཅོམ་པའི་ཚེ༔ ལྷ་དང་སྲུང་མའི་ཐུགས་དམ་གཡེལ་འགྱང་ནས༔ ལས་ཚོགས་ཟབ་མོ་བཀོལ་བྱང་རྡུག་པའི་དུས༔ འདི་ཡིས་ཞིང་བཅུའི་དགྲ་སྡེ་བརླག་འགྱུར་རོ༔ བགེགས་ཀྱི་དཔུང་འཇོམས་བདུད་ཀྱི་སྟོབས་ཉམས་འགྱུར༔ བྱ་བ་མངོན་སྤྱོད་ལས་ལ་འཇུག་པའི་ཚུལ༔ བྲུབ་ཁུང་དམར་ནག་སྲུབ་མེད་ཁ་དོག་ཅིང་༔ གཏིང་ཡངས་ཟབ་དང་དུག་ཁྲག་བྱུག་པའི་ནང་༔ ལིང་ག་དབང་ཚང་སྐྲ་གཟིང་ཧམ་ཞིང་རིད༔ རྐང་ལག་རྣམ་བཞི་ལྕགས་སྒྲོག་གིས་བསྡམས་པའི༔ སྙིང་གར་དགྲ་སྲོག་ནྲྀ་དང་བགེགས་བདུད་ཏྲི༔ བརླ་ལ་བླ་ཁུག་སྤྱི་བོར་རུས་སམ་ཛཿསྙིང་གར་མིང་ངམ་མ་ཤེས་འདི་བྲི་བསྐོར༔ ནྲྀ་ཏྲིཿཤ་ཏྲུཾ་ཁུག་ཛཿརྦད་ཡ་ནན༔ ཚིག་བཞིར་ཛཿཧཱུྃ་བཾ་ཧོཿའདོམས་སུ་ཕཊ༔ མིག་ལ་ལོང་ལོང་སྣར་འཚུབས་ཁར་ལྐུགས་དང་༔ རྣ་བར་འོན་དང་མགྲིན་པར་ཆིངས་ཆིངས་དང་༔ རྐང་ལག་ངར་བཞིར་ཞ་ཞ་ཆག་ཆག་དང་༔ རྐང་འོག་རླུང་དཀྱིལ་ཡཾ་ཡཾ་སྤྱི་བོར་ནན༔ མཐའ་མར་སྔགས་རྗེས་མིང་རུས་ཁུག་ཛ་ནན༔ ཛཿཁྲོཾ་འདེབས་ཤིང་སྨོན་ལམ་དམོད་ངན་གདབ༔ རང་གི་དྲི་མ་ཁྲུས་སྦྱང་བྱས་པའི་མཐར༔ འགུག་གཞུག་བྱས་ནས་ཕྱོགས་བཞི་བཅད་བསྲེག་བདུག༔ དུག་ཁྲག་སྦྱར་ནས་སྲོག་བཅག་ཁ་གསང་བསྡེབ༔ གྲུ་གསུམ་བསྣོལ་དྲིལ་ལས་ཁུང་ནང་དུ་འཕང་༔ དེ་ནས་བདག་སྲུང་བ་ལ་འདི་ལྟར་བྱ༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་ཆེ་མཆོག་རྡོ་རྗེ་གྲོ་ལོད་དུ་གསལ་བའི་སྐུའི་སྟོད་ཀྱི་ཆ་ལ་བཀའ་བརྒྱུད་བླ་མ༔ རྐེད་པ་བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར༔ སྐུ་སྨད་ཀྱི་ཆ་ལ་མ་ཚོགས་ཡེ་ཤེས་མཁའ་འགྲོ༔ མཐའ་བསྐོར་དུ་ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བར་བསྒོམ༔ རང་གི་ཐུགས་ཀར་སྲོག་གི་ཡི་གེ་ཧཱུྃ་དམར་པོའི་ཐིག་ལེར་བླ་མ་རིག་འཛིན༔ ཧ་ཡི་སྟོད་ཆར་ཡི་དམ་ལྷ་ཚོགས༔ རྐེད་པར་བུ་དང་ཆུང་མ་དང་སྤུན་ཟླ་ཚ་བོ་ཁང་ཁྱིམ་ནོར་ཕྱུགས་དང་བཅས་པ༔ སྨད་ཆར་སྲུང་མ་དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད་བསྒོམ༔ ཞབས་ཀྱུའི་ནང་དུ་ཨཿཡཿམཿདུཿརུཿཙཿཤཿནཿསོགས་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་སྲོག་གི་སྙིང་པོ་ཐམས་ཅད་མགོ་ཐུར་དུ་བསྟན་ནས་གནས་པར་བསམ༔ དེ་ནི་རང་བསྲུང་བའི་མན་ངག་གོ༔ དེ་ནས་བྲུབ་ཁུང་བསྐྱེད་པ་ལ༔ ཕཊ༔ མདུན་དུ་འབྱུང་བ་འདུས་པའི་སྙིང་པོ་ཨེ་ནག་པོ་ལས་འོད་འཕྲོས་པས་འབྱུང་བ་ལྔ་ཡི་སྲ་མཁྲེགས་མི་འཇིགས་རྡོ་རྗེའི་ཆོས་བདུན་ཐམས་ཅད་བསྡུས་ཏེ་ཨེ་ལ་བསྟིམ༔ དེ་ཡོངས་སུ་གྱུར་པ་ལས་མི་འཇིགས་གནམ་ལྕགས་ལས་གྲུབ་པའི་བྲུབ་ཁུང་གྲུ་གསུམ་པ་ནག་ལ་གཏིང་ཟབ་ཅིང་ཁ་དོག་པ༔ འདོད་ཆགས་ཀྱི་དུག་མཚོ་རྦ་ཀློང་དུ་འཁྲུགས་པ༔ གཏི་མུག་གི་མུན་ནག་རབ་ཏུ་འཁྲིགས་པ༔ ཞེ་སྡང་གི་མེ་འབར་ཞིང་ང་རྒྱལ་གྱི་བྲག་རི་ཉིལ་བ༔ ཕྲག་དོག་གི་རླུང་དམར་འཚུབས་པ༔ ནད་མུག་མཚོན་ཐུན་སྣ་ཚོགས་ཀྱི་བུ་ཡུག་སེར་རླུང་ལྟར་དུ་འཁྲིགས་པས་མི་འཇིགས་པའི་རྡོ་རྗེ་ཡང་སྐད་ཅིག་གིས་འཇིགས་པར་བྱེད་པའི་ནང་དབུས་སུ་ནྲྀ་ལ་དགྲ་བོ་ཐམས་ཅད་བསྟིམ༔ ཏྲིཿལ་བདུད་བགེགས་ཐམས་ཅད་བསྟིམ་པས་ཡོངས་སུ་གྱུར་པ་ལས་དགྲ་འདྲེའི་ཚེ་བསོད་བླ་སྲོག་དབང་པོ་ཐམས་ཅད་འདུས་པའི་གཟུགས་མི་སྡུག་པ༔ ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་གཟེར་གྱིས་བསྡམས་པ༔ ཧམ་པ༔ སྐྱ་བ༔ རིད་པ༔ ནང་དབུགས་མ་ཆད་ཙམ་པ༔ ཕྱི་དབུགས་དང་བྲལ་བ༔ ཤིན་ཏུ་ཉམ་ཐག་ཅིང་འདར་ཕྲི་ལི་ལི་བྱེད་པའི་སྙིང་གའི་སྲོག་གི་སྙིང་པོ་ལས་འོད་འཕྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་འུབ་ཀྱིས་བསྡུས་ཏེ་གཟུགས་སྲོག་ལ་ཐིམ་པས་ཐར་མེད་ལས་ཀྱི་སྒོ་ང་ནག་པོའི་སྦུབས་སུ་ཆུད་ནས༔ དྲན་མེད་དུ་བརྒྱལ་བ་ལ་དགྲ་བགེགས་ཐམས་ཅད་ཡང་ཡང་ཐིམ་པར་བསམ༔ འགུགས་བསྟིམ་གྱི་དམིགས་པ་དེ་ཡང་ཡང་འགུག་གཞུག་དང་སྦྲགས་ཏེ་བྱའོ།།དེ་ནས་ཕོ་ཉས་དབང་སྡུད་ཀྱི་དམིགས་པ་ལ༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པའི་ཐུགས་སྲོག་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་བྱེའུ་ཆུང་ཁྲ་ཡིས་དེད་པ་ལྟར་བསྡུས་ནས་གང་དུའང་འཕྱུགས་པའི་ས་དང་ཡུལ་མེད་པར་བྲུབ་ཁུང་གི་ལིང་ག་ལ་སིབ་སིབ་ཐིམ་པར་བསམ༔ ཐར་འཆོར་གྱི་སྒོ་བཀག་པ་ནི༔ སྟེང་ལ་སྒྲོལ་བྱེད་མ་ཧཱ་བ་ལ༔ མཐའ་བསྐོར་དུ་ཚ་བའི་དམྱལ་ཁམས་བརྒྱད་ཀྱིས་བསྐོར་ནས་གང་དུའང་བྲོས་ཤིང་ཐར་པའི་ཡུལ་དང་སྒོ་སྲུབ་མེད་པར་གྱུར༔ ལུས་ལ་ཤོར་མེད་མུན་པའི་གཟེར་གདབ་པ་ནི༔ བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནམ་ས་ཐམས་ཅད་འོད་ནག་པོར་གྱུར་ཏེ༔ ཁ་ཐག་གིས་སྦྱར་ནས་སྟོང་གཟུགས་ཀྱི་ཁྱིམ་མུན་པ་ནག་པོ་རླུང་ཐུབ་ཀྱི་སྒོ་ངས་བསྟུམ་ནས་དྲན་མེད་དུ་བརྒྱལ་བར་བསམ༔ དེ་ནས་དགུག་གཞུག་བྱ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག་སྟྭཾ་ཛ་ཛཿབརྒྱ་རྩ་བརྒྱད་བརྗོད་ཚེ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་གྱི་དགྲ་བགེགས་གནོད་བྱེད་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་ཐིམ་པས་གཉིས་སུ་མེད་པར་བསམ་པ་གནད་དོ༔ དེ་ནས་དགུག་པའི་ལས་ནི༔ ཧཱུྃ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ མྱུར་དུ་ཁུག་ཅིག་གཟུགས་ལ་བསྟིམ༔ རྩ་སྔགས་མཐར༔ ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛཿདེ་ནས་འཆིང་བར་བྱེད་པ་ལ༔ ཧཱུྃ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གཟུགས་དང་མི་ཕྱེད་བརྒྱལ་དུ་ཆུག༔ རྩ་སྔགས་མཐར༔ ནྲྀ་ཏྲི་རཱུ་པ་པཱ་ཤ་ཧཱུྃ༔ ཐུཾ་རི་ལི་ལི་རྦད་ནན༔ དེ་ནས་བསྡམ་པར་བྱ་བའི་ལས༔ ཧཱུྃ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གཟུགས་དང་དབྱེར་མེད་རོ་གཅིག་སྡོམས༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་སྥོ་ཊ་བཾ་རྦད་ནན༔ དེ་ནས་མྱོས་པར་བྱེད་པ་ནི༔ ཧཱུྃ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལུས་ངག་ཡིད་གསུམ་སྨྱོ་རུ་ཆུག༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་བཛྲ་གྷཎྜེ་ཧོཿརྦད་ཛྭ་ལ་པ་ཡ་རྦད་སོད༔ དེ་ནས་ལྷ་དང་དབྱེ་བ་ནི༔ ཧཱུྃ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲོལ༔ རྩ་སྔགས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་མགོན་སྐྱོབ་བྱེད་པའི་ལྷ་སྲུང་མཱ་ར་ཡ་ཕྱེས་ཕྱེས་ཕྲོལ་ཕྲོལ་ས་མ་ཡ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཟངས་ཕྱེ་བྲབ་ལ༔ ཧཱུྃ༔ ཟངས་ཕྱེས་ཁྲག་གི་མཚོ་མོ་སྐེམས༔ ཕུང་བྱེད་ལས་ཀྱི་མཚོན་ཆ་འདི༔ དགྲ་བགེགས་ལུས་ངག་ཡིད་ལ་ཕོབ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་སྐེམས༔ རྩ་སྔགས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ལྕགས་ཕྱེ་བྲབ་ལ༔ ཧཱུྃ༔ ལྕགས་ཕྱེ་འབར་བས་གཟུགས་ཕུང་གཏོར༔ འཆི་བདག་ལས་ཀྱི་ཐུན་ཆར་འདི༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ ཞེ་སྡང་རུས་པ་རྡུལ་དུ་རློག༔ རྩ་སྔགས༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་རྡོ་ཕྱེ་བྲབ་ལ༔ ཧཱུྃ༔ རྡོ་ཕྱེའི་ཆར་པ་ཐོག་ལྟར་འབེབས༔ དྲག་པོ་ནུས་པའི་སྟོབས་ལྡན་འདི༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ གཏི་མུག་མུན་པའི་འཁྲུལ་འཁོར་བཤིག༔ རྩ་སྔགས༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ཡུངས་ཀར་བྲབ་པ་ནི༔ ཧཱུྃ༔ ཡུངས་ཀར་རྒྱལ་པོ་ཐུན་གྱི་མཆོག༔ ཕྱག་ན་རྡོ་རྗེའི་སྨོན་ལམ་གྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྩ་སྔགས༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན༔ དེ་ནས་ཡུངས་ནག་གདབ་པ་ནི༔ ཧཱུྃ༔ ཡུངས་ནག་ཆར་པ་སེར་ལྟར་འབེབས༔ བདུད་རྩི་འཁྱིལ་བའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྩ་སྔགས༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན༔ དེ་ནས་ཀེ་མཚེ་གདབ་པ་ལ༔ ཧཱུྃ༔ ཀེ་མཚེའི་ཆར་པ་ཧྲི་ལི་ལི༔ མ་ཧཱ་བ་ལའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ཤངས་མཚེའི་ཐུན་གདབ་པ་ནི༔ ཧཱུྃ༔ ཤངས་མཚེའི་ཐུན་ཆར་སྐར་ལྟར་འཁྲིགས༔ དཔལ་ཆེན་ཧེ་རུའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན༔ དེ་ནས་དུག་ཐུན་གདབ་པ་ནི༔ ཧཱུྃ༔ མཐོང་བའི་དུག་དང་ཐོས་པའི་དུག༔ གནམ་དུག་མྱོང་དུག་རེག་པའི་དུག༔ དགྲ་བགེགས་དབང་པོ་ལྔ་ལ་གདབ༔ དྲན་མེད་ངང་དུ་ཐིབ་ཀྱིས་སོད༔ རྩ་སྔགས་མཐར༔ ཧ་ལ་ཧ་ལ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཐུཾ་རི་ལི་ལི་རྦད་ནན༔ དེ་ནས་ཁྲག་ཐུན་གདབ་པ་ནི༔ ཧཱུྃ༔ རྒྱུ་རྐྱེན་གསོད་པ་ཁྲག་གི་ཐུན༔ དྲག་པོ་ཆེན་པོའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ སྐད་ཅིག་ཉིད་དུ་བརླག་གྱུར་ཅིག༔ རྩ་སྔགས་མཐར༔ རཀྟ་ཧ་ལ་ཛ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་མཚེ་ཐུན་གདབ་པ་ནི༔ ཧཱུྃ༔ མཚེ་མདའ་དྲག་པོ་ཤ་ར་ར༔ བདེ་གཤེགས་མཐུ་སྟོབས་སྨོན་ལམ་མཐུས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ སྐད་ཅིག་ཉིད་དུ་བརླག་གྱུར་ཅིག༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་གཏོར་མ་གདབ་པ་ནི༔ ཧཱུྃ༔ དཔལ་གྱི་གཏོར་ཟོར་ཐོག་ལྟར་འཕེན༔ བདེ་གཤེགས་འདུས་པའི་བདེན་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ སྐད་ཅིག་ཉིད་དུ་བརླག་གྱུར་ཅིག༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་གནམ་ལྕགས་འཁོར་ལོ་གདབ་པ་ནི༔ ཧཱུྃ༔ གནམ་ལྕགས་མཚོན་ཆའི་འཁོར་ལོ་འདི༔ བུདྡྷ་ཧེ་རུའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་རྡོ་རྗེ་གདབ་པ་ནི༔ ཧཱུྃ༔ གནམ་ལྕགས་རྡོ་རྗེ་འབར་བ་འདི༔ བཛྲ་ཧེ་རུའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་བེ་ཅོན་གདབ་པ་ནི༔ ཧཱུྃ༔ རིན་ཆེན་འབར་བའི་བེ་ཅོན་འདི༔ རཏྣ་ཧེ་རུའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་རལ་གྲི་གདབ་པ་ནི༔ ཧཱུྃ༔ གནམ་ལྕགས་རལ་གྲི་ཟངས་ཡག་འདི༔ པདྨ་ཧེ་རུའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་རྒྱ་གྲམ་གདབ་པ་ནི༔ ཧཱུྃ༔ གནམ་ལྕགས་རྒྱ་གྲམ་འབར་བ་འདི༔ ཀརྨ་ཧེ་རུའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་ལ་གདབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་གྲི་གུག་གདབ་པ་ནི༔ ཧཱུྃ༔ གྲི་གུག་འབར་བས་ཚལ་པར་གཏོང་༔ དཔའ་བོ་དཔའ་མོའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལུས་ངག་ཕྱེ་མར་ཐུལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ཐོད་ཁྲག་གདབ་པ་ནི༔ ཧཱུྃ༔ ཐོད་ཁྲག་འབར་བས་སྙིང་ཁྲག་འབྱིན༔ དཔའ་བོ་དཔའ་མོའི་མཐུ་སྟོབས་ཀྱིས༔ དགྲ་བགེགས་ལྔ་ཕུང་ཕྱེ་མར་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ཕུར་པ་གདབ་པ་ནི༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་འདི༔ དགྲ་བགེགས་སྙིང་གི་དཀྱིལ་དུ་གདབ༔ རྣམ་ཤེས་ཁོང་གསེང་ལམ་ནས་དྲངས༔ རྡོ་རྗེ་གྲོ་ལོད་ཞལ་དུ་ཐིམ༔ ཚེ་བསོད་ཐིག་ལྗང་སྦུབས་སུ་དྲངས༔ བདག་ཐིམ་དྲག་པོའི་ཐུགས་ཀར་བསྟིམ༔ རླུང་དང་སྲོག་ཐིག་ངང་གིས་བསྐམ༔ དོན་སྙིང་ཐམས་ཅད་ཕྱེ་མར་བཏུལ༔ ཧཱུྃ༔ དྲག་པོའི་ཆེན་པོ་དྲག་ཤུལ་ཅན༔ ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ རྩ་གསུམ་ཡོངས་རྫོགས་དུས་ལ་བབ༔ དགྲ་བགེགས་གདུག་པའི་ལྔ་ཕུང་ལ༔ གནམ་ལྕགས་འབར་བའི་ཕུར་པ་ཐོབ༔ ཐལ་བའི་རྡུལ་དུ་བརླག་ནས་ཀྱང་༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ རྦད་རྦད་སོད༔ ཐུན་བྷྱོ༔ དེ་ནས་རྡོ་རྗེས་བརྡུང་བ་ནི༔ ཧཱུྃ་ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ དུག་ལྔ་དུག་གསུམ་དགྲ་དང་བགེགས༔ རྡོ་རྗེ་འབར་བའི་གཏུན་དུ་བརྡུང་༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས་མཐར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ རྡོ་རྗེ་གྲོ་ལོད་ཞལ་ཕྱེས་ཤིག༔ པདྨ་འབྱུང་གནས་ཞལ་ཕྱེས་ཤིག༔ མཁའ་འགྲོ་སྡེ་ལྔའི་ཞལ་ཕྱེས་ཤིག༔ གིང་ཆེན་སྡེ་བཞིའི་ཞལ་ཕྱེས་ཤིག༔ སྒྲོལ་གིང་ཕོ་མོའི་ཞལ་ཕྱེས་ཤིག༔ རྒྱལ་ཆེན་སྡེ་བཞིའི་ཞལ་ཕྱེས་ཤིག༔ དགྲ་བགེགས་གནོད་བྱེད་བསྒྲལ་བ་ཡི༔ ཤ་ཁྲག་རུས་གསུམ་ཞལ་དུ་བསྟབ༔ དབང་པོ་རྣམ་ལྔ་ཞལ་དུ་བསྟབ༔ དོན་སྣོད་བཅུ་གཉིས་ཞལ་དུ་བསྟབ༔ བདུད་རྩི་རྣམ་ལྔ་ཞལ་དུ་བསྟབ༔ ཁམས་ཆེན་ཕུང་ལྔ་ཞལ་དུ་བསྟབ༔ འབྱུང་བ་རྣམ་ལྔ་ཞལ་དུ་བསྟབ༔ ཁམས་གསུམ་ཡོངས་སྒྲོལ་ཞལ་དུ་བསྟབ༔ མ་འགགས་རང་བྱུང་མགྲིན་པར་བསྟིམ༔ གཞོན་ནུ་བུམ་སྐུའི་ལྟོ་བར་བསྐྱིལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་ཁཱ་ཧི༔ མངོན་སྤྱོད་ལས་ལ་བརྩོན་པ་ཡི༔ སྔགས་ཀྱི་སྐྱེས་བུ་ལས་ཅན་རྣམས༔ དང་པོ་བསྙེན་སྒྲུབ་གནད་དུ་བསྣུན༔ གྲུབ་པའི་རྟགས་མཚན་རྫོགས་པའི་རྗེས༔ མངོན་སྤྱོད་དམོད་པའི་ལས་ལ་བརྩོན༔ འདི་ནི་ཡང་ཟབ་གནད་ཐིག་སྟེ༔ གནམ་ལྕགས་རྡོ་རྗེའི་ཐོག་དང་མཚུངས༔ གང་ལ་བྱས་ཀྱང་དོན་ཡོད་འགྱུར༔ སྔགས་པའི་ལས་ཀ་གཞན་མ་ཡིན༔ འདི་ནི་སྔགས་པའི་མཚོན་དུ་བསྔགས༔ ཤེས་པར་གྱིས་ལ་ཉམས་སུ་ལོངས༔ མ་འོངས་ལྔ་བརྒྱའི་ཡང་ཐ་ལ༔ མ་བསྒྲུབ་གྲུབ་ཐོབ་སྐད་སྒྲོག་ཅིང་༔ ཉམས་ལེན་བསྒྲུབ་པར་མི་བརྩོན་པའི༔ ཆགས་སྡང་འཆོལ་ཟོག་སྨྱོན་པ་འགའ༔ སྔགས་པ་ཡིན་ཟེར་བུད་མེད་སྤྱོད༔ པདྨའི་བསྟན་བླ་རིན་མེད་འཚོང་༔ བསྟན་བཤིག་ལོགས་ན་ཡོད་མ་ཡིན༔ མ་རིག་བདུད་ཀྱི་འབངས་བཀོལ་བའི༔ བན་བཙུན་ལས་ངན་དུག་ཆུས་མྱོས༔ རང་སྐྱོན་སྒྲིབ་ལ་ཡིད་སེམས་ཏེ༔ ལོ་གཅིག་དམ་རྒྱ་མི་ཐུབ་ཁར༔ ཆོས་པར་ཞེ་ཁྲེལ་འདེབས་པ་དང་༔ བཀའ་ལ་མི་བདེན་ཁ་ཕོ་ཆེ༔ ཞེས་ཟེར་བ་དག་བདུད་ཀྱི་འབངས༔ བདུད་ཞེས་བྱ་བ་ལོགས་ན་མེད༔ དངོས་གྲུབ་བཅོམ་ཞིང་བྱིན་རླབས་ཀུན༔ ཉམས་པའི་རྒྱུ་རྐྱེན་མང་བ་དང་༔ ཁྱད་པར་དུས་ངན་སྟོབས་དབང་དང་༔ བླ་སློབ་དམ་ཚིག་ཉམས་པ་དང་༔ ཐེ་ཚོམ་འཁུ་འཕྲིག་ཆེ་བ་དང་༔ ལྷ་ལ་སྤོང་ལེན་བྱེད་པ་དང་༔ སྒྲུབ་པའི་ཚུལ་ལུགས་མེད་པ་དང་༔ བསྐྱེད་རྫོགས་གནད་དང་མི་ལྡན་ནས༔ འཁྱལ་ཚིག་སྔགས་དང་འདྲེས་པ་དང་༔ རྟགས་མ་བྱུང་བར་ཐོ་ཅོ་སྤྱོད༔ རེ་དོགས་ཉེར་ལེན་གཉིད་དུ་དུབ༔ གསང་སྒོ་འཆོལ་སོགས་བག་མེད་པའི༔ ལས་དེས་སྒྲུབ་པའི་འབྲས་བུ་འཇོམས༔ ང་དང་ལྟ་སྤྱོད་བསྲེ་བ་ཡི༔ སྐལ་ལྡན་ལས་སྨོན་རྟེན་འབྲེལ་ཅན༔ དང་པོ་བསྙེན་སྒྲུབ་མཐར་ཕྱིན་ནས༔ མཐར་ནི་ལས་ཀ་རྣམས་ལ་དཔག༔ མི་ཚེ་སོས་དལ་མི་འདའ་ཞིང་༔ ཡང་དག་ལམ་ལ་སྦྱོར་བར་གྱིས༔ ཚེ་གཅིག་སངས་རྒྱས་ངེས་ཐོབ་འགྱུར༔ བསླུ་བ་མེད་དོ་ས་མ་ཡ༔ སྒོ་གསུམ་མོས་གུས་མི་འགྱུར་ཞིང་༔ མི་ཆོས་འདུ་འཛི་རྣམ་གཡེང་སོགས༔ བར་ཆད་རྐྱེན་དབང་མ་གྱུར་ཚེ༔ དེ་ལྟར་པདྨའི་ཞལ་ཆེམས་ལ༔ མི་འགལ་རྣལ་འབྱོར་ལག་ལེན་གནད༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དང་༔ ཞིང་སྐྱོང་གཟི་ལྡན་མ་མོ་དང་༔ གཟའ་བདུད་ནག་པོ་བཅས་ལ་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ བསྟན་པ་མི་ནུབ་དར་རྒྱས་ཤིང་༔ བསྟན་འཛིན་སྨོན་ལམ་ལས་ཅན་སྐྱོངས༔ ལྟ་ལོག་ལོག་སྤྱད་ངན་སྨྲ་མཁན༔ བཀའ་འདིར་སྡང་གཤེ་བསྟན་དགྲའི་དཔུང་༔ མ་བཞག་མ་ཤོར་སྙིང་ཁྲག་རོལ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ མ་ནུས་ཉམས་ཆུང་སྤྲང་པོའི་ཐ། །ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །གསེར་སྨད་རྡོ་རྗེའི་བྲག་ནས་བཏོན། །མ་དང་མཁའ་འགྲོས་གླུ་གར་རོལ། །འཇའ་དང་འོད་ཀྱི་དྲྭ་བ་འཁྲིགས། །དྲི་ཞིམ་དུད་པའི་ན་བུན་འཐུལ། །རི་དྭགས་རྙི་ཡིས་བཅིངས་པ་ཁྲོལ། །རྟེན་འབྲེལ་རྨད་བྱུང་བསམ་ལས་འདས། །མི་ལོ་བཅོ་ལྔར་བཀའ་རྒྱ་བཏབ། །མཐར་ནི་མཁའ་འགྲོས་བསྐུལ་ནས་སུ། །སྨར་མདོ་དགའ་བ་འཁྱིལ་ཕུག་ཏུ། །དག་པར་ཕབ་པའི་ཡི་གེ་པ། །རང་སློབ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།