ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཕག་ཁྲོས་སེང་གསུམ་གྱི༔ བསྐང་བ་འདོད་འབྱུང་ནོར་བུ༔

From Dudjom Wiki
Revision as of 12:50, 21 August 2024 by Mort (talk | contribs)

TTDL-ZABTER-12-NA-087
Wylie title chos nyid nam mkha'i klong mdzod las: mkha' 'gro phag khros seng gsum gyi: bskang ba 'dod 'byung nor bu: TTDL-ZABTER-12-NA-087.pdf
Location bdud 'joms gling pa zab gter
Volume 12, Text 87, Pages 505-506 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro phag khros seng gsum gyi bskang ba 'dod 'byung nor bu. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 505-506. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms pha khros seng gsum
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Rdo rje phag mo, Khros ma nag mo, Seng gdong ma
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རྣལ་འབྱོར་བ་སེམས་ཉིད་རྡོ་རྗེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni rnal 'byor ba sems nyid rdo rje'o/_/dge'o/_/legs so/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཕག་ཁྲོས་སེང་གསུམ་གྱི༔ བསྐང་བ་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཡེ་ཤེས་མཁའ་འགྲོའི་བསྒྲུབ་པ་ཡི༔ ལས་དང་སྐལ་ལྡན་རྣལ་འབྱོར་གྱིས༔ བསྐང་བ་ཟབ་མོའི་གནད་འདིར་བརྩོན༔ ཚོགས་ཀྱི་མཆོད་པ་ལ་བརྟེན་ནས༔ མཁའ་འགྲོའི་བསྐང་བ་འདིར་འཇུག་གོ༔ ན་མོ༔ སངས་རྒྱས་ཀུན་གྱི་མེས་ཆེན་པོ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ ཡེ་ཤེས་རང་གདངས་སྒྱུ་འཕྲུལ་གར༔ རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང་༔ གདུལ་དཀའ་འདུལ་མཛད་སྟོན་པ་མཆོག༔ སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང་༔ དུས་གསུམ་ཀུན་མཁྱེན་ཀུན་ཏུ་གཟིགས༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ རྒྱལ་བ་བསྐྱེད་པའི་ཡུམ་གཅིག་མ༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ སྒྲུབ་སྡེ་བརྒྱད་ཀྱི་བཀའ་བབ་མཆོག༔ ཁྱེའུ་ཆུང་ལོ་ཙཱའི་ཐུགས་དམ་བསྐང་༔ འབྲེལ་ཚད་དོན་ལྡན་གདུལ་དཀའ་འདུལ༔ དྲིན་ཆེན་བླ་མའི་ཐུགས་དམ་བསྐང༔ འཁོར་འདས་བྱང་ཆུབ་རོལ་པའི་མ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ སྣང་སྲིད་ཆོས་སྐུར་རོལ་པ་མོ༔ ཁྲོས་མ་ནག་མོའི་ཐུགས་དམ་བསྐང་༔ བདག་ལྟའི་རཱུ་ཏྲ་ཆོམ་པའི་ཕྱིར༔ སེང་གདོང་མ་ཡི་ཐུགས་དམ་བསྐང་༔ ཁྱབ་བརྡལ་སྟོང་པ་ཉིད་ཀྱི་དབྱིངས༔ སངས་རྒྱས་མཁའ་འགྲོའི་ཐུགས་དམ་བསྐང་༔ དྭངས་གསལ་རྙོགས་མ་བྲལ་བའི་དབྱིངས༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་རོལ་པའི་དབྱིངས༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ ཀུན་ཏུ་གཟིགས་པའི་ཡེ་ཤེས་དབྱིངས༔ པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་དབྱིངས༔ ཀརྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ སྣ་ཚོགས་ཐབས་ཀྱིས་བསྟན་འགྲོ་སྐྱོངས༔ འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་སྒྲོལ༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ ཚེ་རབས་སྡིག་དང་སྡོམ་སྟེ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་ཡི་གེ་བརྒྱ་པ་བརྗོད༔ དེ་ལྟར་བསྐང་བཤགས་ལ་བརྩོན་པས༔ དངོས་གྲུབ་རྣམ་གཉིས་ངེས་པར་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནམ་མཁའ་མཛོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རྣལ་འབྱོར་བ་སེམས་ཉིད་རྡོ་རྗེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།