བླ་རྣལ་དང་རྒྱུན་ཁྱེར་གྱི་སྐོར་ཐོར་བུ།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-005
Wylie title bla rnal dang rgyun khyer gyi skor thor bu
Location bdud 'joms rin po che'i gsung thor bu
Volume 1, Text 5, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla rnal dang rgyun khyer gyi skor thor bu. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །བླ་རྣལ་དང་རྒྱུན་ཁྱེར་གྱི་སྐོར་ཐོར་བུ་བཞུགས་སོ།།

བླ་མའི་རྣལ་འབྱོར་བདེ་ཆེན་གྲུབ་པའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭསྟི། །ཟབ་མོའི་རྣལ་འབྱོར་ལ་འཇུག་པར་འདོད་པས་ལུས་སེམས་རྣལ་དུ་ཕབ་ཅིང་དད་མོས་ངེས་འབྱུང་གིས་བསྐུལ་ཏེ། ན་མོ། །དཀོན་མཆོག་རྩ་བ་གསུམ་གྱི་དངོས། །རྡོ་རྗེ་འཛིན་ལ་སྐྱབས་སུ་མཆི། །མཁའ་ཁྱབ་འགྲོ་ཀུན་དོན་གྱི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། ཨ། སྐད་ཅིག་དྲན་རྫོགས་ངང་ཉིད་ལས། །གནས་ཡུལ་བདེ་ཆེན་ཕོ་བྲང་དབུས། །རང་ཉིད་གཞི་ལུས་རྟ་མཆོག་དཔལ། །དབང་མདོག་དཔལ་ཆས་གྲི་ཐོད་ཅན། །ཕག་མོ་ཡུམ་་་་་མཐིང་ག དང་མཉམ་པར་སྦྱོར། །སྤྱི་གཙུག་རྟ་གདོང་ཕག་ཞལ་རྔམས། །པད་ཉི་མེ་ཀློང་འདོར་སྟབས་རོལ། །སྤྱི་བོར་པད་སྡོང་ཉི་ཟླའི་སྟེང༌། །རྩ་བའི་བླ་མ་ཐོད་ཕྲེང་རྩལ། །རཱ་གའི་མདངས་ལྡན་ཁྲོ་འཛུམ་ཉམས། །ཐབས་ཤེས་རྡོར་དྲིལ་འཁྱུད་སྟབས་ཅན། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དབུ་སྐྲ་ཐོར་ཚུགས་ནོར་བུའི་ཏོག །རིན་ཆེན་རུས་རྒྱན་སྟག་ཤམ་དང༌། །དར་དཔྱང་ཅོད་པན་ལྷབ་ལྷུབ་གཡོ། །པང་དུ་ལྷ་ལྕམ་ལི་ཁྲིའི་མདངས། །གཅེར་མོ་སྐྲ་གྲོལ་འཛུམ་ཆགས་སྒེག །མདའ་དར་ཚེ་བུམ་འཛིན་དང་སྦྱོར། །རྗེས་ཆགས་བདེ་ཆེན་རོལ་པའི་རྩལ། །འཇའ་ཟེར་ཐིག་ལེ་མེར་ཞིང་འཁྱིལ། །རྩ་གསུམ་རྒྱལ་བའི་སྤྲིན་ཕུང་འཕྲོ། །གདོད་ནས་དམ་ཡེ་དབྱེར་མེད་ངང༌། །ལྷུན་གྲུབ་དག་པ་རབ་འབྱམས་ཀྱི། །དཀྱིལ་འཁོར་ཆེན་པོར་སད་པར་གྱུར། །ཅེས་དབང་རྟེན་གསལ་བཏབ་ལ། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང༌། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གཞན་དོན་བཞུགས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག ཅེས་ཚོགས་བསགས་བྱ། དེ་ནས་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་ལ་ཚིག་བདུན་ལ་སོགས་གསོལ་འདེབས་ཀྱི་རིམ་པ་ཇི་ལྟར་རིགས་པ་དང་སྙིང་པོ་བཛྲ་གུ་རུའི་བཟླས་པ་ཅི་ནུས་སུ་བྱས་མཐར། བླ་མ་ཡབ་ཡུམ་གནས་བཞི་རུ། །ཨོཾ་ཨཱཿཧཱུྃ་དང་ཧྲཱིཿ་་་་་དམར་པོ་ མ་་་་་སྔོན་པ་ོ རྣམས། །གསལ་འཚེར་འབར་བའི་འོད་ཟེར་ནི། །དཔག་མེད་ཉི་རྡུལ་འཚུབ་བཞིན་འཕྲོས། །རང་གི་གནས་བཞིར་ཐིམ་པ་ཡིས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །ལམ་བཞི་བསྒོམ་པའི་སྣོད་དུ་གྱུར། །མཐར་ནི་འོད་ཞུ་རང་དང་འདྲེས། །དབྱེར་མེད་བློ་འདས་བདེ་བ་ཆེ། །འོད་གསལ་ཆོས་སྐུ་མངོན་དུ་གྱུར། །ཅེས་དབང་བླངས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག དེ་ལས་ལྡང་ན། དགེ་བ་འདིའི་མྱུར་དུ་བདག ཁྱབ་བདག་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ ། ༈ ཡང་འདི་ལ་བརྟེན་ནས་ཚོགས་མཆོད་འབུལ་བར་སྤྲོ་ན། བཟླས་པའི་རྗེས་སུ་ཚོགས་རྫས་བཤམས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུྃ། རང་བྱུང་བདེ་སྟོང་སྣོད་ནང་དུ། །འདོད་ཡོན་ཚོགས་ཀྱི་དམ་ཚིག་རྫས། ཁ་དོག་དྲི་རོ་ནུས་བཅུད་ལྡན། །ཟག་མེད་བདུད་རྩིའི་རོལ་པར་གྱུར། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ། །ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༌། །འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །དགྲ་བགེགས་ཕུང་ཁམས་ཞལ་དུ་བསྟབ། །ཕྲིན་ལས་རབ་འབྱམས་ལྷུན་འགྲུབ་མཛོད། །བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ། །ཡེ་ཤེས་སྐུ་མཆོག་མངོན་གྱུར་ཤོག །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་པ་ཙམ་གྱིས་ཕུལ་བས་དོན་ཚང་བར་གྱུར་རོ། །ཞེས་པའང་བླ་མ་ཡེ་ཤེས་རབ་གསལ་གྱིས་རིན་ཆེན་དང་པོའི་མེ་ཏོག་དང་བཅས་ཏེ་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཚོ་པདྨ་ཅན་གྱི་ཚལ་དུ་བྲིས་པ་སིདྡྷི་རསྟུ།། །། ༈ །མཁྱེན་གཉིས་ཡེ་ཤེས་མངོན་གྱུར་ཕྱིར༔ འཇམ་དཔལ་དཔའ་བོ་སྒྲུབ་འདོད་ན༔ དབེན་པའི་གནས་སུ་མཎྜལ་བཤམས༔ བྱང་ཆུབ་སེམས་ལ་བློ་བཞག་སྟེ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ འགགས་མེད་ཀུན་སྣང་སྙིང་རྗེའི་རྩལ༔ ཟུང་འཇུག་རིག་པ་ཡི་གེ་དྷཱི༔ མཁའ་ལ་སྐར་ཆེན་བཞིན་དུ་ཤར༔ དེ་ལས་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ དག་པ་རབ་འབྱམས་ཞིང་ཁམས་ཆེར༔ ཕོ་བྲང་མཚན་ཉིད་ཡོངས་རྫོགས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྒྱུ་ལས་སྤྲོ་འདུས་དོན་གཉིས་བྱས། ཡོངས་གྱུར་འབྲས་བུའི་ཕྱག་རྒྱ་ནི༔ འཇམ་དཔལ་གཞོན་ནུ་གུར་གུམ་མདངས༔ བརྒྱད་གཉིས་ལང་ཚོ་མཚན་དཔེ་མཛེས༔ ཞི་འཛུམ་ཡིད་འོང་ལྟ་ན་སྡུག༔ ཕྱག་གཡས་ཤེས་རབ་རལ་གྲི་གདེངས༔ གཡོན་ན་ཨུཏྤལ་གླེགས་བམ་འཛིན༔ ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས༔ པང་དུ་སྒྲ་དབྱངས་ལྷ་མོ་ནི༔ པི་ཝཾ་འཛིན་དང་གཉིས་མེད་སྦྱོར༔ ཡེ་ཤེས་འཇའ་འོད་འཁྲིགས་པའི་ཀློང་༔ སྣང་སྟོང་སྒྱུ་མའི་སྐུར་གསལ་བའི༔ ཐུགས་དབུས་ཟླ་སྟེང་རལ་གྲིའི་ལྟེར༔ དྷཱིཿམཐར་སྔགས་ཀྱི་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་བསལ་སྣང་གྲགས་རྟོག༔ ལྷ་སྔགས་ཆོས་ཉིད་རོལ་བར་བསམ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲིཾ༔ ཞེས་བཟླས་མི་དམིགས་གཉུག་མའི་ངང༔ དོན་གྱི་འཇམ་དཔལ་རང་ཞལ་བལྟ༔ དགོངས་པ་མངོན་དུ་གྱུར་པ་ན༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ༔ ས་མ་ཡ༔ གུ་ཧྱ༔ ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་གྱི་ཆོས་བཀའ་ཤིན་ཏུ་གསང་བའི་སྡེ་ཚན་ཏེ་སྐལ་ལྡན་ཀུན་བཟང་མཁྱེན་རབ་ཀྱིས་བསྐུལ་བའི་རྐྱེན་ལས་ཤར་མར་ཕབ་པའོ།། །། ༈ །རང་སེམས་ཨ་དཀར་ལས་བྱུང་འཇམ་དཔལ་དབྱངས། །སྟོན་ཟླའི་མདངས་ཅན་སྐུ་ཡི་འོད་ཟེར་གྱིས། །མ་རིག་བླུན་རྨོངས་སྙིང་གི་མུན་སེལ་ནས། །མི་བརྗེད་གཟུངས་ཀྱིས་ཤེས་རབ་འབར་བར་བསམ། །ཅེས་བསྒོམས་ལ་ཨཱཿགྲངས་མེད་བཟླའོ། །འདིའང་ཛྙཱ་ནས་སོ།། །། ༈ །རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །མདུན་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །བླ་མ་མགོན་པོ་འོད་དཔག་མེད་པ་ནི། །སངས་རྒྱས་བྱང་སེམས་རྒྱ་མཚོའི་ཚོགས་བཅས་བཞུགས། །རྩེ་གཅིག་གུས་པས་གསོལ་བ་བཏབ་པ་ཡིས། །སྣང་མཐའི་ཐུགས་ལས་འོད་ཟེར་དཔག་མེད་འཕྲོས། །བདག་གཞན་སེམས་ཅན་ལ་ཕོག་སྡིག་སྒྲིབ་སྦྱངས། །བདེ་ཆེན་ཞིང་དུ་སྐྱེ་བའི་མཐུ་ཐོབ་གྱུར། །ཨོཾ་ཨ་མི་དྷེ་བ་ཧྲཱིཿ ཞེས་པའང་རྒྱལ་མཚན་གྱི་ངོར་ཛྙཱ་ནས་སོ།། །། ༈ །སྐད་ཅིག་རང་ཉིད་རྟ་མཆོག་དཔལ། །དམར་ནག་ཐོད་དབྱུག་མེ་ཞགས་འཛིན། །དབུ་གཙུག་རྟ་ཞལ་རྔམས་བཞད་འཚེར། །ཁྲོ་བོའི་ཆས་རྫོགས་དོར་སྟབས་བསྒྲད། །པད་ཉི་མེ་དཔུང་ཀློང་དུ་རོལ། །ཐུགས་ཀར་ཉི་སྟེང་ཧྲཱིཿདམར་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །ནད་གདོན་བག་ཆགས་ཐམས་ཅད་སྦྱངས། །སྣང་གྲགས་རིག་གསུམ་རྡོ་རྗེའི་ངང༌། །ཕྲིན་ལས་རབ་འབྱམས་ལྷུན་འགྲུབ་གྱུར། །ཨོཾ་ཧཱ་ཡ་གྷྲི་ཝ་ཧཱུྃ་ཕཊ༔ ཅེས་པའང་ཛྙཱ་ནས་སོ།། །། ༈ །ཨཿ གནས་ཡུལ་བདེ་ཆེན་དག་པའི་ཞིང་ཁམས་དབུས། །རང་སེམས་མ་བཅོས་སྟོང་པའི་རང་རྩལ་ལས། །རིག་སྟོང་ཟུང་འཇུག་གཉུག་མ་རྡོ་རྗེ་སེམས། །དཀར་གསལ་ཞི་འཛུམ་རྡོ་རྗེ་དྲིལ་བུ་འཛིན། །ལོངས་སྐུའི་ཆས་རྫོགས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །རང་འོད་རྡོ་རྗེ་སྙེམས་མར་མཉམ་པར་སྦྱོར། །འཇའ་ཚོན་སྣ་ལྔའི་གུར་ཁང་འཁྲིགས་པའི་དབུས། །སྣང་སྟོང་འཇའ་ལུས་སྒྱུ་མའི་སྐུ་རུ་གསལ། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་ཡིག་བརྒྱས་བསྐོར། །འོད་ཟེར་འཕྲོ་འདུའི་སྦྱོར་བས་དོན་གཉིས་བྱས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་སད། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླས་མཐར། ལྷར་སྣང་མི་དམིགས་ཆོས་ཀྱི་དབྱིངས་སུ་ཡལ། །སླར་ཡང་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་ཤར། །དགེ་འདིས་བདག་གཞན་སྒྲིབ་གཉིས་ཡོངས་སྦྱང་སྟེ། །སྐུ་གཉིས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །ཅེས་པའང་ལྷ་བྲིས་དཔལ་ལྡན་གྱི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །སྐད་ཅིག་རང་ཉིད་གཏུམ་དྲག་གསང་བའི་བདག །མཐིང་ནག་ཁྲོ་ཚུལ་རྡོ་རྗེ་སྡིགས་མཛུབ་ཅན། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་དུ་རོལ། །ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར །འོད་ཟེར་འཕྲོ་འདུས་དོན་གཉིས་མ་ལུས་བྱས། །སྣང་གྲགས་རྡོ་རྗེ་གཏུམ་པོའི་ཕྱག་རྒྱར་སད། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། །ཅེས་བཟླའོ། །ཛྙཱ་ནས་སོ།། ། ༈ །རྡོ་རྗེ་ཕུར་བུའི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་བཞུགས། དང་པོ་སྦྱོར་བ་སྐྱབས་སེམས་ནི། ན་མོ། རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །སྙིང་ནས་སྐྱབས་མཆི་བྱང་སེམས་བསྐྱེད། །ལན་གསུམ། གཉིས་པ་དངོས་གཞིའི་ལྷ་བསྐྱེད་ནི། ཧཱུྃ། སྣང་སྲིད་མེ་རི་འབར་བའི་དལ། །རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས། །པད་ཉི་བདུད་བཞི་བསྣོལ་བའི་སྟེང༌། །རང་རིག་ཧཱུྃ་ལས་སྐད་ཅིག་གིས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས། །རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས། །ཡེ་ཤེས་མེ་དཔུང་ཁ་ཊཱྃ་གཡོན། །ཐ་མས་རི་རབ་ཕུར་པ་འདྲིལ། །ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད། །འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད། །མཐིང་སྐྱ་ཁ་ཊཱྃ་ཐོད་ཁྲག་སྟོབ། །དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས། །ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད། །ཅེས་པས་གསལ་བརྟན་དག་དྲན་དང༌། །ཡང་སྙིང་ཛྲཔ་ཀྱི་བཟླས་དམིགས་ནི། །ཐུགས་གསང་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་རྡོ་རྗེ་ལྟེ་བར་ཧཱུྃ། །ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར། །སྣང་གྲགས་རིག་གསུམ་རྡོ་རྗེའི་ངང༌། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ། ཐུན་མཐར་རྗེས་ཀྱི་རིམ་པ་ལས། །བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ནི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། དགེ་འདིས་ཁམས་གསུམ་སེམས་ཅན་ཀུན། །རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག །ཁམས་གསུམ་སྐུ་གསུམ་ཀློང་ཡངས་སུ། །མཐའ་བྲལ་ལྟ་བའི་བཀྲ་ཤིས་ཤོག །ཅེས་པའང་གང་གི་གསུང་གིས་བསྐུལ་ངོར་ཛྙཱ་ནས་སོ། །སརྦ་མངྒ་ལཾ།། །། དངོས་གཞི་བསྐྱེད་བཟླས་འདི་གསུང་འབུམ་ནང་དུའང་བཞུགས།། ༈ །སྒྲོལ་དཀར་རྒྱུན་ཁྱེར་བཞུགས་སོ།། ༄༅། །ན་མོ། །བླ་མ་འཆི་མེད་འཕགས་མར་སྐྱབས་སུ་མཆི། །གཞན་དོན་ཚེ་ཡི་རིག་འཛིན་བསྒྲུབ་པར་བགྱི། །ལན་གསུམ། སྟོང་ཉིད་དབྱིངས་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་འཆི་མེད་འཕགས་མ་སྟོན་ཟླའི་མདངས། །བརྒྱད་གཉིས་ལང་ཚོ་ཞི་འཛུམ་སྤྱན་བདུན་ལྡན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་སྐྱབས་སྦྱིན་རྒྱས། །ཨུཏྤ་ལར་གནས་ཚེ་ཡི་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །པད་ཟླའི་གདན་སྟེང་འཇའ་ཟེར་ཀློང་དུ་བཞུགས། །པང་དུ་རང་འོད་ཐབས་མཆོག་གར་གྱི་དབང༌། །པདྨ་ཚེ་བུམ་འཛིན་དང་འཁྲིལ་སྦྱོར་རོལ། །གདོད་ནས་དམ་ཡེ་དབྱེར་མེད་སྐུར་གསལ་བའི། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད། །དཀར་གསལ་མཉམ་བཞག་ཚེ་བུམ་འཛིན་པ་ཡི། །ཐུགས་དབུས་པད་དཀར་ཉི་ཟླའི་གའུའི་སྦུབས། །ཏཱཾ་དཀར་མཐའ་མར་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་གཙུག་ཏོར་ལས་ཐོན་རྣམ་རྒྱལ་མ། །ལྕགས་ཀྱུ་ཚེ་བུམ་འཛིན་པ་གྲངས་མེད་འཕྲོས། །འཁོར་འདས་ཚེ་བཅུད་ཀུན་འདུས་བདག་ལ་ཐིམ། །འཆི་མེད་ཚེ་དང་ཡེ་ཤེས་དཔལ་ཐོབ་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་ཧཱ། ཞེས་རྩ་སྔགས་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲུཾ་བཛྲ་ཛྙཱ་ན་ཨ་ཡུ་ཥེ་སྭ་ཧཱ། ཞེས་ལས་སྦྱོར་གྱི་བཟླས་པ་ཅི་འགྲུབ་མཐར། ལྷར་སྣང་མི་དམིགས་འོད་གསལ་ངང་དུ་ཐིམ། །སླར་ཡང་ཡེ་ཤེས་སྒྱུ་མའི་སྐུ་རུ་ལྡང༌། །དགེ་འདིས་འགྲོ་ཀུན་འཆི་བའི་འཇིགས་པ་བཅོམ། །འཆི་མེད་བཀྲ་ཤིས་སྣང་བས་རྟག་ཁྱབ་ཤོག །ཅེས་པའང་ལ་དྭགས་བཙུན་མ་བདེ་སྐྱིད་དབང་མོའི་ཉམས་བཞེས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པ་དགེ། །། ༈ སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་བའི་མདོ་འཛིན་གཙོ་བོ་དབང་དྲག་རྡོ་རྗེ་གྲོ་ལོད་རྩལ་ཕྲེང་རྡོག་རྣམས་མཁའ་འགྲོ་གིང་དང་རྒྱལ་ཆེན་སྲུང་མའི་འཁོར་ཚོགས་སུ་གསལ་བ་ལས་འོད་འཕྲོས།༽ རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པར་མོས་ལ། སྙིང་པོ་དང། ཨོཾ་རུ་ཅི་ར་མ་ཎི་པྲ་བརྡྷ་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་མཐར། ལྷ་རྣམས་འོད་དུ་ཞུ་བ་ཕྲེང་པའི་རྣམ་པར་གྱུར་པར་བསམ་ཞིང༌།རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། རིན་པོ་ཆེའི་ཕྱག་བྲིས་ལས་བཤུས་པ།