བཤགས་པ་ཞབས་བརྟན་སྨོན་ལམ་བཅས་ཀྱི་སྐོར་ཐོར་བུ།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-007
Wylie title bshags pa zhabs brtan smon lam bcas kyi skor thor bu
Location bdud 'joms rin po che'i gsung thor bu
Volume 1, Text 7, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bshags pa zhabs brtan smon lam bcas kyi skor thor bu. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །བཤགས་པ་ཞབས་བརྟན་སྨོན་ལམ་བཅས་ཀྱི་སྐོར་ཐོར་བུ་བཞུགས།

ཧོ། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་གི་ཚེ་རབས་ཐོག་མེད་ནས། །མི་ཤེས་མ་རིག་དབང་གྱུར་ཏེ། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །སྡོམ་དང་བསླབ་པ་དམ་ཉམས་ཀུན། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །མི་འཆབ་མི་སྦེད་སླན་ཆད་སྡོམ། །དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླའོ། །ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་ངོར་ཛྙཱ་ནས་སོ།། །། ༈ །བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས། །ཁྱབ་བདག་འགྲོ་མགོན་སངས་རྒྱས་རྡོ་རྗེ་ཡི། །ཞབས་པད་མི་ཤིགས་རྡོ་རྗེར་རབ་བརྟན་ནས། །འབྲལ་མེད་རྗེས་བཟུང་ཐུགས་ཡིད་གཅིག་འདྲེས་ཤོག །ཅེས་པ་འདི་བླ་མ་ཐུབ་བསྟན་རྣམ་རྒྱལ་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དགེ། །། ༈ །བསླུ་མེད་མཆོག་གསུམ་རྒྱ་མཚོའི་མཐུ་བྱིན་གྱིས། །འགྲོ་འདུལ་རྒྱལ་པོ་པད་གླིང་ཡབ་སྲས་མཆོག །ཞིང་དང་སྐུ་དང་མཛད་ཕྲིན་རྟག་ཁྱབ་ནས། །བསྟན་འགྲོའི་ཕན་བདེའི་ཉིན་བྱེད་གསར་འཆར་ཤོག །ཅེས་པའང་ལྷ་ལུང་གསུང་སྤྲུལ་རིན་པོ་ཆེའི་རིམ་གྲོ་བ་དགེ་སློང་ཕྲིན་ལས་ཀུན་ཁྱབ་དང་སྡེ་སྣོད་བསྟན་འཛིན་གཉིས་ཀྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ །འཇིགས་མེད་བདེ་ཆེན་ཡེ་ཤེས་ཧེ་རུ་ཀ །འཆི་མེད་པདྨ་ཀཱ་རའི་མཐུ་བྱིན་གྱིས། །གཞན་ཕན་ཟླ་བ་ནོར་བུ་རྟག་བརྟན་ནས། །བསྟན་འགྲོར་སྨན་པའི་ཕྲིན་ལས་མཁའ་ཁྱབ་ཤོག །ཅེས་པའང་མོས་ལྡན་རྡོ་རྗེ་རྣམ་པར་རྒྱལ་བས་བསྐུལ་ངོར་ཛྙཱ་ནས་སོ།། །། ༈ །ཨོཾ་སྭསྟི། མི་འགྱུར་ལྷན་སྐྱེས་གཉུག་མའི་ཚེ་དཔག་མེད། །ཡེ་ནས་སྐྱེ་འཆིའི་མཚན་མས་མ་གོས་པ། །ཆོས་ཉིད་ཀ་ནས་དག་པའི་བདེན་པ་ཡིས། །འགྲོ་འདུལ་རྒྱལ་བའི་མྱུ་གུའི་ཞབས་བརྟན་གསོལ། །རོལ་རྩལ་མ་འགགས་བདེ་ཆེན་རྡོ་རྗེའི་སྤྲིན། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་མཁན། །ཆོས་ཅན་རྟེན་འབྲེལ་ལྷུན་གྲུབ་བདེན་པ་ཡིས། །འགྲོ་འདུལ་རྒྱལ་བའི་མྱུ་གུའི་ཞབས་བརྟན་གསོལ། །འཇིགས་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱིས། །ངེས་གསང་བསྟན་པའི་སྙིང་པོ་དབང་གི་རྒྱལ། །བཤད་སྒྲུབ་ཕྲིན་ལས་རྒྱལ་མཚན་རྩེར་བཀོད་ནས། །འགྲོ་བའི་རེ་འདོད་སྐོང་བཞིན་འཚོ་བཞེས་གསོལ། །བཀྲ་ཤིས་རེ་ཁཱ་གཡས་འཁྱིལ་ཆོས་ཀྱི་དུང༌། །ས་གསུམ་སྐྱེ་རྒུའི་རྣ་བའི་བཅུད་ལེན་དུ། །སྤེལ་བའི་དགེ་མཚན་ཕྱོགས་ལས་རྣམ་རྒྱལ་དཔལ། །སྐལ་བཟང་འདྲེན་མཆོག་དབང་པོ་ཞབས་བརྟན་གསོལ། །རིག་འཛིན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །ཕྱི་ནང་བར་ཆད་མི་མཐུན་གཡུལ་ལས་རྒྱལ། །བསྟན་འགྲོའི་དོན་ཆེན་བཞེད་རྒུ་ལྷུན་གྱིས་གྲུབ། །ཕུན་ཚོགས་བཀྲ་ཤིས་སྣང་བས་རྟག་ཁྱབ་ཤོག །ཅེས་པའང་ཆོས་རྗེ་ངག་དབང་ཕྲིན་ལས་ཀྱི་ཡང་སྲིད་མཆོག་གི་ཞབས་བརྟན་སྨོན་ཚིག་ཏུ། གང་གི་མཛོད་པ་དགེ་སྦྱོང་ངག་དབང་ཡོན་ཏན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །། ༈ །དཔལ་ལྡན་ཨོ་༵རྒྱན༵་མཁན་པོའི་རིང་ལུགས་མཆོག །གསང༵་སྔག༵ས་ཆོས༵་ཚུལ་རྒྱ་མཚོའི་བཤད་སྒྲུབ་སྲོལ། །ཕུན་ཚོགས་འཁོར༵་ལོ་གསུམ་ལྡན་དགའ་བའི་གླིང༵༌། །ནམ་ཡང་མི་ཉམས་རྟག་བརྟན་དར་རྒྱས་ཤོག །ཅེས་པའང་ལུང་དུ་བསྟན་པའི་སྒོ་ནས་དབུགས་དབྱུང་བ་དང་བཅས་རྟེན་འབྱུང་དགེ་བའི་བདེན་ཚིགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །། ༈ །འཁོར་འདས་མཉམ་ཉིད་ལྟ་བའི་གདིང་ཆེན་ཐོབ། །མ་བཅོས་རང་བབས་སྒོམ་པའི་རྩལ་ཆེན་རྫོགས། །བྱར་མེད་ཤུགས་བྱུང་སྤྱོད་པའི་བོགས་ཆེན་སྦྱོངས། །སྤང་ཐོབ་བྲལ་བའི་ཆོས་སྐུ་རང་རྙེད་ཤོག །ཛྙཱ་ནས་སོ།། །། ༈ མཁའ་ཁྱབ་ཡེ༵་ཤེ༵ས་སྙིང༵་པོ༵་བདེ་བ་ཆེ། །འཕོ་བྲལ་རྡོ༵་རྗེ༵་སྙིང༵་པོ༵་གཉུག་མའི་གཤིས། །འགྲིབ་མེད་འོད་གསལ་ཉི་ཟླའི་སྣང་ཟེར་འཛུམ། །སྲིད་པའི་ཁམས་འདིར་མཛེས་པའི་དཔལ་དུ་ཤོག །ཛྙཱ་ནས་སོ།། །།