མེ་མཆོད་ཐོར་བུའི་སྐོར།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-011
Wylie title me mchod thor bu'i skor
Location bdud 'joms rin po che'i gsung thor bu
Volume 1, Text 11, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Me mchod thor bu'i skor. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །མེ་མཆོད་ཐོར་བུའི་སྐོར་བཞུགས་སོ།།

གྲོ་ལོད་ལ་བརྟེན་པའི་རྫས་སྤུངས་བྱ་བར་འདོད་ན། མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི། །སྣོད་མཆོག་བཟང་ཞིང་རྒྱ་ཆེའི་ནང༌། །འབྲུ་གསུམ་འོད་དུ་ཞུ་བ་ལས། །མཆོད་རྫས་སྲེག་རྫས་འདོད་ཡོན་ཚོགས། །ཟག་མེད་བདུད་རྩིའི་རང་བཞིན་ཅན། །དཔག་ཡས་ནམ་མཁའི་ཁམས་གང་གྱུར། །ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བརླབ། ཨོཾ་ཨགྣེ་ཛྭ་ལ་རཾ་གྱིས་མར་ཁུས་ཀྱང་གསོ། ཐབ་ལས་སྔགས་ཀྱིས་བསང༌། སྭ་བྷ་ཝས་སྦྱང༌། མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། །མདུན་དུ་ཞི་བའི་ཐབ་ཁུང་མཚན་ཉིད་ཀུན། །ཡོངས་རྫོགས་དྭངས་ཤིང་སྒྲིབ་མེད་འོད་འབར་དབུས། །པད་ཉིའི་གདན་ལ་ཧཱུཾ་དམར་འཕྲོ་འདུ་ལས། །མེ་ལྷ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ། །སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་སྲོག་སྒྲུབ་བཞིན་སོང་མཐར། ལྷ་རྣམས་དགྱེས་པའི་ཞལ་གྱི་ལྗགས། །རྡོ་རྗེ་ཧཱུཾ་གིས་མཚན་པ་ཡིས། །སྲེག་རྫས་བདུད་རྩིའི་རྒྱུན་དྲངས་ཏེ། །གསོལ་བས་རབ་མཉེས་བྱིན་རླབས་བཅུད། །འོད་ཟེར་ཟླ་ཤེལ་རྣམ་པར་འཕྲོས། །རང་གཞན་འཁོར་བཅས་ལ་ཐིམ་པས། །ཉེས་ཚོགས་མ་ལུས་ཞི་བར་གྱུར། །ཞེས་གསལ་བཏབ་ནས་བསྙེན་པ་ལ། ཛྭ་ལ་རཾ་ཤིནྟཾ་ཀུ་རུ་སྭ་ཧཱ། ཞེས་བཏགས་པས་རྫས་རྣམས་རིམ་པར་ཐབ་ཏུ་འབུལ་ཞིང༌། བདག་གི་མཆོད་རྫས་འདི་བཞེས་ལ། །ནད་གདོན་སྡིག་སྒྲིབ་བར་ཆད་སོགས། །མི་མཐུན་ཉེས་པའི་ཚོགས་ཐམས་ཅད། །ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་ཀྱང་གསོལ། ཚུལ་དེ་ལྟ་བུས་གྲངས་རྫོགས་པ་ན། གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་ལ། ཨོཾ། ཁྱོད་ཀྱིས་སོགས་དང༌། བཛྲ་མུཾཿཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱ། འདིའང་འཁོར་ལོའི་མགོན་པོའི་ཞལ་རྒྱུན་འཁྲུལ་མེད་ཡིན་ཞེས་བླ་མ་འཆི་མེད་ནས་གསུང་ངོ།། །། ༈ །རིགས་བྱེད་མའི་སྦྱིན་སྲེག་མདོར་བསྡུས་ནི། མདུན་དུ་རྫ་ཕོར་ལྟ་བུའི་ནང་དུ་མེ་ཏོག་དམར་པོའི་ཚོམ་བུ་གཅིག་བཀོད་ལ་དབང་གི་བུད་ཤིང་མཛུབ་གང་པས་ཐབ་ཟླ་གམ་དུ་བརྩིག་སྟེ་མེ་ཚང་བཅའ། བསྲེག་རྫས་མར་ཁུ་འབྲི་མོག་གིས་མདོག་བསྒྱུར་བ། གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། རྒུན་འབྲུམ་སོགས་རོ་མངར་སྐྱུར་ཅན་གྱི་ཤིང་འབྲས་རིགས། ཆང་དང་ལན་ཚྭས་སྦག་པའི་ཟས་མཆོག ཏིལ་དཀར་བྲོ་ནས་འབྲས་སྲན་སོགས་འབྲུ་སྣའི་རིགས་བཅས་ཙན་དན་དམར་པོའི་ཕྱེ་མས་མདོག་བསྒྱུར་བ་བཤམ། སྒྲུབ་བྱ་དམིགས་བསལ་ཡོད་ན་ཁྱད་པར་གྱི་རྫས་རྣམས་སྦྱར་བའི་རིལ་བུ་གྲངས་ལྡན་ཡང་འདུ་བྱ། བསང་ཆུ་འཐོར་ཞིང༌། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་བརླབ། ལས་མཐུན་གྱི་མེ་ཐོགས་ལ། ཨགྣེ་ཛྭ་ལ་རཾ། ཞེས་སྤར་ཞིང་མར་ཁུས་གསོ། ཐབ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རང་མདུན་དུ། །དབང་གི་མེ་ཐབ་མཚན་རྫོགས་དབུས། །སྒྲ་གཅན་འདོད་ལྷ་ཟླ་བར་ཧྲཱིཿ། །ཡོངས་གྱུར་མེ་ལྷ་བཅོམ་ལྡན་འདས། །རིགས་བྱེད་མ་དཔལ་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །མེ་ཏོག་ཕྲེང་བའི་མདའ་དང་གཞུ། །ཨུཏྟལ་དམར་པོའི་མདེའུ་ཅན། །རྣ་བ་གཉིས་ཀྱི་བར་དུ་བཀང༌། །གཡས་འོག་མཐུར་བསྐྱངས་མི་འཇིགས་སྦྱིན། །གཡོན་འོག་མཆོག་སྦྱིན་ཨུཏྤལ་དམར། །སྡོང་བུའི་རྩེ་མོར་ལྕགས་ཀྱུས་མཚན། །སྒེག་ཅིང་ཆགས་པའི་ཉམས་དང་ལྡན། །དར་དམར་སྟོད་གཡོགས་སྣ་ཚོགས་པའི། །སྨད་དཀྲིས་རིན་ཆེན་རྒྱན་གྱིས་བརྒྱན། །འོད་ཟེར་དམར་པོ་འབར་ཞིང་འཕྲོ། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི༌། །ལྗགས་དང་གཟར་བུར་ཧྲཱིཿཡིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །གང་འདོད་དངོས་གྲུབ་སྟེར་བར་གྱུར། །ཅེས་དམིགས་ལ། རྩ་སྔགས་མཐར། ཨོཾ་ཨགྣེ་སྭ་ཧཱ། ཞེས་པས་མར་ཁུ་ལན་ཉེར་གཅིག་སོགས་ཕུལ། དེ་ནས་རྫས་རྣམས་རྩ་སྔགས་རྐྱང་པས་གྲངས་ཅི་ནུས་སུ་འབུལ། སྐབས་སུ། ཁམས་གསུམ་སྣོད་བཅུད་སྤྱི་དང་ཁྱད་པར་དམིགས་བྱ་ཆེ་གེ་མོ་ཝཤཾཀུ་རུ་ཧོ། ཞེས་སྤེལ་ཚིག་གདག རྫས་རྣམས་རྫོགས་ནས་མར་ཁུ་གོང་བཞིན་ཕུལ་མཐར། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝ་ར་ཨརྒཾ་སོགས་ནས་ཤཔྡ་པྲཏཱིཙྪ་སྭ་ཧཱ། ཞེས་མཆོད། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་མཆོག་སྦྱིན་ཕྱག་རྒྱ་ཅན། །རྗེ་བཙུན་རིགས་བྱེད་ལྷ་མོར་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱིས་པ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། མེ་ལྷ་དགྱེས་པ་ཆེན་པོའི་ངང༌། །འོད་ཞུ་བདག་གི་ལྟེ་བར་ཐིམ༌། །ཙཎྜ་ལི་ཡི་ངོ་བོར་བཞུགས། །རླུང་སེམས་སྣང་བ་དབང་འདུས་གྱུར། །ཅེས་མཉམ་པར་བཞག དགེ་འདིས་བདག་གིས་ཚོགས་གཉིས་རྫོགས། །འགྲོ་ཀུན་དབང་དུ་འདུས་པ་དང༌། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །དབང་མཛད་ལྷ་མོའི་སྐུ་འགྲུབ་ཤོག །ཅེས་དགེ་བ་བསྔོ། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་མཆོག་སྦྱིན་ཕྱག་རྒྱ་ཅན། །རྗེ་བཙུན་རིགས་བྱེད་ལྷ་མོའི་བཀྲ་ཤིས་ཤོག །ཅེས་དང། ཉིན་མོ་བདེ་ལེགས་སོགས་བརྗོད་མེ་ཏོག་གི་ཆར་དབབ། ཐལ་བ་རྣམས་རི་རྩེ་ནས་རླུང་ལ་བསྐུར་བའམ་ཆུ་ཀླུང་ཆེན་པོར་སྦྱང་ངོ༌། །ཞེས་ཁྱབ་བདག་འཇམ་དབྱངས་བླ་མའི་གསུང་ལ་གསལ་བྱེད་ཕྲན་བུས་བརྒྱན་ཏེ་བཀླག་ཆོག་ཏུ་བསྡེབས་པ་པོ་ཛྙཱ་ནས་སོ། །ཛ་ཡནྟུ།། །། ༈ ཤི་འདྲེ་ལན་ཆགས་གསུར་བསྔོས་བྱ་བར་འདོད་པས་དཀར་དམར་གྱི་གསུར་མྱོང་གྲོལ་སྦྱར་བ་བསྲེག་ལ། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུྃ་གིས་བྱིན་བརླབས་ཏེ། ཀྱེ། མ་རིག་གཉིས་འཛིན་རྟོག་པ་ཡིས། །འཁྲུལ་སྣང་ཨ་འཐས་བག་ཆགས་བརྟན། །འདའ་ཀའི་མཚམས་སྦྱོར་ངན་པའི་རྐྱེན། །ལན་ཆགས་གྲི་བོ་ཡི་དྭགས་རིགས། །བན་སྔགས་མོ་བཙུན་ཡིད་ལུས་ཅན། །ཡུལ་འདྲེ་འབྱུང་པོ་ཀུན་དང་བསྡོངས། །ལྷ་སྲུང་ཟོ་དོར་གཉན་པོར་བརྫུ། །སྐྱེ་བོའི་ཁོག་ཏུ་བརླམས་ཞིང་སྨྲ། །བཀྲེས་སྐོམ་སྣང་བ་རྒྱུན་མི་ཆད། །དམར་ལ་གདུང་ཞིང་ནོར་ལ་སྲེད། །མི་ཕྱུགས་སྐྱེ་འགྲོའི་བླ་ཚེ་འཕྲོག །ཁ་ཟས་ལོ་ཏོག་སྲིད་ལ་བརྐུ། །རྟག་ཏུ་གནོད་གདུག་སེམས་འཆང་བའི། །མཁའ་ལ་རྒྱུ་བའི་ཚོགས་རྣམས་ཀུན། །གནས་འདིར་མཆོད་སྦྱིན་མགྲོན་དུ་འདུས། །ཆོས་ཉིད་བདེན་པའི་གཏམ་ལ་ཉོན། །ཟག་མེད་དྲི་གསུར་འདོད་ཡོན་སྤྲིན། །འཛད་པ་མེད་པའི་གཏེར་ཆེན་བསྔོ། །རང་རང་ཡིད་ལ་ཅི་འདོད་པའི། །ལོངས་སྤྱོད་རྒྱ་ཆེན་མཐའ་ཡས་ལྡན། །ཀུན་ཏུ་མགུ་ཞིང་ཚིམས་ནས་ཀྱང༌། །བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེས། །གནས་ངན་སྒྲིབ་པའི་འཆིང་བ་ལས། །མྱུར་ཏུ་གྲོལ་ཏེ་འཚང་རྒྱ་ཤོག །ཅེས་དང༌། མཚན་བཞིའི་སྔགས་གང་མང་བརྗོད་ཅིང་ཆོས་ཀྱི་སྦྱིན་པའང་བྱའོ། །ཞེས་པའང་ཚེ་མཆོག་གླིང་གི་མཛོད་སྐུ་ཐུབ་བསྟན་དཔལ་ལྡན་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།