ཁྲག་འཐུང་བདུད་འཇོམས་གླིང་པའི་དག་སྣང་ཡེ་ཤེས་དྲྭ་བའི་ཆོས་སྡེའི་ཁོངས་སུ་བཞུགས་པའི་གཏེར་གསར་སྔོན་འགྲོ་བསྡུས་པའི་ཁྲིད་ཡིག་གོ་བདེ་ཆུ་འབབ་ཀྱི་ཚུལ་དུ་བཀོད་པ།

From Dudjom Wiki
Revision as of 20:01, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-02-AH-002
Wylie title khrag 'thung bdud 'joms gling pa'i dag snang ye shes drwa ba'i chos sde'i khongs su bzhugs pa'i gter gsar sngon 'gro bsdus pa'i khrid yig go bde chu 'bab kyi tshul du bkod pa
Location phrin las nor bu'i gsung 'bum
Volume 2, Text 2, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Khrag 'thung bdud 'joms gling pa'i dag snang ye shes drwa ba'i chos sde'i khongs su bzhugs pa'i gter gsar sngon 'gro bsdus pa'i khrid yig go bde chu 'bab kyi tshul du bkod pa. In Phrin las nor bu'i gsung 'bum, Vol. 2.
Side notes  
More details More details
Genre

[edit]
༄༅། །ཁྲག་འཐུང་བདུད་འཇོམས་གླིང་པའི་དག་སྣང་ཡེ་ཤེས་དྲྭ་བའི་ཆོས་སྡེའི་ཁོངས་སུ་བཞུགས་པའི་གཏེར་གསར་སྔོན་འགྲོ་བསྡུས་པའི་ཁྲིད་ཡིག་གོ་བདེ་ཆུ་འབབ་ཀྱི་ཚུལ་དུ་བཀོད་པ་བཞུགས།

དེ་ཡང་། རྣམ་པར་དབྱེ་བ་གཞུང་ཡིན་ཏེ། །གནད་དུ་བསྡུས་པ་མན་ངག་ཡིན། །ཅེས་འབྱུང་བ་ལས། མཁས་པའི་ གཞུང་ལུགས་རྣམས་ཀྱི་རྗེས་སུ་འབྲང་ནས་ས་བཅད་དང་རྣམ་དབྱེ་སོགས་ཀྱི་སྤྲོས་པ་སྐྱུང་སྟེ་ཉམས་ལེན་གསར་བུ་བ་རྣམས་ལ་སྨན་པའི་སླད་དུ་མན་ ངག་ལྟར་གོ་བདེ་ཆུ་འབབ་ཀྱི་ཚུལ་དུ་འཆད་པ་ལ། ན་མོ་ཕྱག་འཚལ་ལོ། །གང་ལ་ན་བླ་མ་ལའོ། །དེ་སུ་ཞིག་ན་བསླུ་མེད་གཏན་གྱི་མགོན་པོ་བླ་ མ་མཁྱེན། ཞེས་རང་རེ་སེམས་ཅན་རྣམས་གནས་སྐབས་སུ་བདེ་བ་མངོན་མཐོ་ལྷ་དང་མིའི་གོ་འཕང་སྣང་བ་དཀར་པོ་ནས་གཏན་དུ་བདེ་བ་སྣང་བ་

དཀར་པོའི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ནམ་ཡང་བསླུ་བ་མེ༵ད་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་ པ་པོ་དཀོན་མཆོག་ཀུན་འདུས་གཏན༵་གྱི༵་མགོ༵ན་པོ༵་རང་གི་རྩ་བའི་བླ༵་མ༵་ཁོ་ན་ཡིན། དེ་ལ་མཁྱེ༵ན་ཅེས་དང་བའི་དད་པ། འདོད་པའི་དད་པ། ཡིད་ ཁྱེད་ཤེས་ཀྱི་དད་པ་དང་གསུམ་གྱི་སྒོ་ནས་ཐུགས་རྗེ་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་ཞུ་ཞེས་སྙིང་ནས་གསོལ་བ་གདབ་པའོ། །འོ་ན་བསླུ་བ་མེད་ པའི་བླ་མ་ལ་བརྟེན་དགོས་པའི་རྒྱུ་མཚན་བསླུ་བ་པོ་གཞན་འགའ་ཡོད་དམ་སྙམ་ན་ཤིན་ཏུ་མི་བཟད་པ་ཡོད་དེ། དེ་དག་གང་ཞིག་ཅེ་ན། ནམ་ཡང་

ཡིད་རྟོན་དུ་མི་རུང་བའི་འཁོར་བའི་ཆོས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་རྣམས་སོ། །དེ་དག་གང་ལས་བྱུང་སྙམ་ན། དེ་ལ་འཇིག་རྟེན་འདིར་རྟག་པར་ལྟ་བའི་གྲུབ་མཐའ་མང་དུ་ཡོད་ཅིང་། དེ་དག་སོ་སོར་རང་རང་གི་ལྷ་ཡི་ངོ་བོ་ངོས་འཛིན་སྟངས་མི་འདྲ་བ་དང་། ལྷ་ཡིས་འཇིག་རྟེན་ཇི་ལྟར་སྤྲུལ་པའི་རྣམ་བཞག་མི་འདྲ་བ། ལྷ་ལ་མཆོད་པ་ཇི་ལྟར་བྱ་བའི་ཚུལ་སོགས་མི་ འདྲ་བ་ཡོད་ཀྱང་། མདོར་བསྡུ་ན་དེ་དག་སོ་སོའི་ལྷ་གང་ཡིན་དེ་ཁོ་ན་ཉིད་ལས་ཁྱད་པར་དུ་འཕགས་པའི་ལྷ་གཞན་མེད་པར་འདོད་པ་ནི་རྟག་པར་ལྟ་བ་རྣམས་ཕལ་ཆེར་མཐུན་ལ། དེ་ཡང་ལྷ་ རང་གི་ངོ་བོ་རྟག་ལ། སྣོད་བཅུད་བདེ་སྡུག་ལ་སོགས་པ་ནི་ལྷ་ཡིས་བཟོར་རུང་བས་མི་རྟག་པ་དང་། ལྷ་མཉེས་པ་ལས་འཇིག་རྟེན་ན་བདེ་བ། ལྷ་མི་མཉེས་པ་ལས་འཇིག་རྟེན་ན་ཉེས་ཆད་ སྡུག་བསྔལ་གཏོང་བ་སོགས་འདོད་དོ། །དེ་དག་ལ་ནང་པ་སངས་རྒྱས་པའི་རིགས་པས་གཞལ་ན། ལྷ་ཡི་ངོ་བོ་རྟག་བརྟན་ཐེར་ཟུག་ཏུ་གྱུར་པ་ཞིག་ཡིན་ཕན་ཆད་ལྷ་ཡིས་འཇིག་རྟེན་སྤྲུལ་པ་ དང་། འཇིག་རྟེན་ལ་ཕན་གནོད་ཀྱི་བྱ་བ་བྱེད་པ་ནམ་ཡང་མི་སྲིད་དོ། །ལྷ་ནམ་ཡང་མི་གཡོ་བ་རྟག་པའི་རང་བཞིན་ལས་རྟག་ཏུ་གཡོ་ཞིང་འགྱུར་བ་ཕན་གནོད་ཀྱི་བྱ་བ་བྱེད་པ་མི་སྲིད་པ་ནི་

དཔེར་ན་སྤྲིན་སྟུག་མ་འཁྲིགས་པའི་ནམ་མཁའ་སྟོང་པ་ལས་ཆར་རྒྱུན་འབབ་པ་མི་སྲིད་པ་བཞིན་ནོ། །འོ་ན་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལས་ཀྱང་ཆོས་ སྐུ་རྟག་པ་དམ་པའི་ངང་ལས་གཟུགས་སྐུའི་སྤྲུལ་པ་འབྱུང་བར་བཤད་པ་མ་ཡིན་ནམ་སྙམ་ན། རྡུལ་དང་རྫས་སུ་མ་གྲུབ་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རྟག་ཆད་གཉིས་ཀྱི་ མཐའ་ལས་ཡོངས་སུ་འདས་པ་ཆོས་ཀྱི་སྐུ་ཡི་རང་བཞིན་ནི་གཟུགས་སྐུའི་ངོ་བོ་ཡིན་ཅིང་། གཟུགས་སྐུ་ནི་ཆོས་སྐུའི་ཡོན་ཏན་ཟད་མི་ཤེས་པའི་རང་རྩལ་དུ་འདོད་པ་ལས་ཡེ་ནས་ཐ་དད་དུ་ བཞག་པའི་རྣམ་པར་རྟོག་པའི་ཆོས་སུ་གྱུར་པ་ཡོངས་ཡེ་མེད་པས་རྟག་པར་ལྟ་བ་རྣམས་ཀྱི་འདོད་ཚུལ་དང་ནམ་ཡང་འདྲ་བ་མ་ཡིན་ལ། གཞན་ཡང་རྟག་པར་ལྟ་བ་རྣམས་ཀྱི་འདོད་ཚུལ་ནི་ལྷ་ མཉེས་པ་ལས་སེམས་ཅན་ལ་བདེ་བ་དང་། ལྷ་མི་མཉེས་པ་ལས་སེམས་ཅན་ལ་སྡུག་བསྔལ་འབྱུང་བར་བཤད་པ་སྟེ་དེས་ན་ལྷ་མཉེས་པ་དང་། མི་མཉེས་པའི་རྒྱུ་རྐྱེན་སེམས་ཅན་གཞན་ལ་ ལྟོས་པ་ཅན་དུ་གྲུབ་པས་འགྱུར་བའི་ཆོས་ལས་མ་འདས་པས་ན་ལྷ་རྟག་པའི་ངོ་བོར་བསྒྲུབས་པའང་རྟོག་པས་སྒྲོ་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་བོ། །གཞན་ཡང་ལྷ་མཉེས་པ་དང་།

མི་མཉེས་པ་ལས་འཇིག་རྟེན་ན་བདེ་སྡུག་སྟེར་བར་བྱེད་ན་ལྷ་ཡང་དག་པ་ཡིན་མི་སྲིད་དེ། ཅིའི་ཕྱིར་ན་འཇིག་རྟེན་སོ་སོའི་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཀྱང་བཟང་བྱས་ལ་བཟང་པོའི་དྲིན་གཟོ་བའི་ སླད་དུ་ཕན་འདོགས་པ་དང་། ངན་བྱས་ལ་ངན་ལན་འཇལ་བའི་སླད་དུ་དགྲ་རུ་བཟུང་བ་སོགས་ཆགས་སྡང་གི་བྱ་བ་བྱེད་པའི་ནུས་པ་ཡོད་པ་མཐོང་ཆོས་སུ་གྱུར་པ་དེ་ཀ་ཡིན་པས། དེའི་ཕྱིར་ གང་ན་གནས་སྐབས་ཕན་པ་ལྟར་སྣང་བ་ཞིག་ཡིན་ཀྱང་། སྙིང་རྗེ་ཆེན་པོས་མ་ཟིན་པ་ཞིག་ཡིན་ཕན་ཆད་ལན་དང་རྣམ་སྨིན་ལ་རེ་བའི་ཕན་པ་བསྒྲུབ་པ་འཇིག་རྟེན་ཆོས་ཀྱི་ཁོངས་སུ་གཏོགས་ པ་ལས་ལྷ་ཡིས་བྱས་པའི་ཁོངས་སུ་བཞག་པ་འོས་པ་མིན་ནོ། །འོ་ན་ཁྱེད་ཅག་ནང་པ་སངས་རྒྱས་པ་རྣམས་ཀྱིས་ཀྱང་། ལྷ་མཉེས་ན་བདེ་བ་དང་། མ་མཉེས་ན་མི་བདེ་བ་འབྱུང་བ་སོགས་ བཤད་པ་མ་ཡིན་ནམ་སྙམ་ན། ཐེག་པ་ཆེན་པོ་སྤྱིའི་ལུགས་ལ་སེམས་ཅན་རྣམས་ཀྱི་ཁམས་ལ་བདེ་བར་གཤེགས་པའི་སྙིང་པོ་ཏིལ་ལ་མར་གྱིས་ཁྱབ་པའི་ཚུལ་དུ་བཞུགས་པའི་རིགས་སད་དེ། མཐར་བག་ཆགས་ཡོངས་སུ་ཟད་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་སེམས་ཀྱི་བག་ཆགས་བཟང་ངན་ལ་བརྟེན་ནས་ལྷ་ཡང་ཡོད་ལ་འདྲེ་ཡང་ཡོད་པས་དེའི་ཕྱིར་སྡུག་བསྔལ་ཡང་

ཡོད་ལ་བདེ་བ་ཡང་ཡོད་པར་ཁས་བླངས་ཏེ་གཏན་དུ་བདེ་བའི་ཐབས་རང་སེམས་སངས་རྒྱས་ཡིན་པ་ངོ་ཤེས་ཤིང་། དེའི་ཐོག་ཏུ་བརྟན་པ་ཡོངས་སུ་རྫོགས་པ་མ་ ཐོབ་བར་དུ་ལྷ་དཀོན་མཆོག་གསུམ་ལ་ཡིད་ཆེས་ཤིང་དད་པས་བསྟེན་པ་ཡིན་ནོ། །རྟག་པར་ལྟ་བའི་གྲུབ་མཐའ་འཛིན་པ་རྣམས་ཀྱི་འདོད་པ་ལྟར། རྟག་ཏུ་ལྷ་རྟག་བརྟན་ཐེར་ཟུག་ཏུ་གྲུབ་པ་ ཡན་གར་བ་ཞིག་ཕར་བཅད། རང་སེམས་ཅན་ཡན་གར་བ་ཞིག་ཚུར་བཅད་ནས་རྟག་ཏུ་ལྷ་དང་སེམས་ཅན་གྱི་བར་ན་འབྲེལ་བ་བསྒྲུབ་པའི་གཞི་མ་གྲུབ་བཞིན་དུ་འབྲེལ་བ་བསྒྲུབ་པ་སྨིག་སྒྱུ་ལ་ ཆུར་རེ་བ་བཞིན་འདོད་པ་མིན་ནོ། །སངས་རྒྱས་པའི་ལུགས་ལ་ལྷ་ལས་བདེ་བའི་དངོས་གྲུབ་འབྱུང་བའང་རང་སེམས་ལྷ་རུ་དག་པའི་བདེན་པའི་མཐུ་ལས་བྱུང་བ་ལས། རྟག་བརྟན་ཐེར་ ཟུག་ཏུ་གྲུབ་པའི་ལྷ་ཡན་གར་བ་ཞིག་ནས་མི་ཡིས་མི་ལ་འཁྱོས་མ་སྦྱིན་པ་ལྟ་བུ་ནི་མིན་ལ། དེ་བཞིན་དུ་མི་བདེ་བ་བྱུང་བའང་རང་སེམས་མ་དག་པའི་བག་ཆགས་ཀྱི་སྣང་བ་རང་ལ་སྣང་བ་ ཙམ་ལས་དགྲ་འདྲེ་ཡན་གར་བ་ཞིག་ཕྱོགས་གཤེད་ནས་འོང་སྟེ་གནོད་པ་བསྐྱལ་བ་ལྟ་བུ་ནི་མིན་པས་དེའི་ཕྱིར་ནང་པ་སངས་རྒྱས་པའི་གསུང་རབ་ལས། ལྷ་ཡི་ཕན་གནོད་བྱེད་པར་གསུངས་

པ་ཐམས་ཅད་རང་སེམས་དག་དང་མ་དག་གི་ཆོ་འཕྲུལ་རང་ལ་སྣང་བ་ཙམ་ལས་སྙིང་རྗེའི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ནས་སེམས་ཅན་རྣམས་ལ་ཆད་ པ་བཅད་པ་ལྟ་བུ་ནི་ནམ་ཡང་མ་ཡིན་ནོ། །དེའི་ཕྱིར་རྟག་པར་ལྟ་བ་རྣམས་ཀྱི་གྲུབ་མཐའི་འདོད་ཚུལ་བཞིན་འཇིག་རྟེན་སྣོད་བཅུད་བདེ་སྡུག་ལ་སོགས་པའི་སྣང་བ་ཐམས་ཅད་ལྷ་ཡིས་བྱས་པ་ མིན་ལ། ཡང་ཚེ་འདིའི་སྣང་བ་ཐམས་ཅད་རྒྱུ་རྐྱེན་མེད་པར་སྤང་ལས་ཤ་མོང་བརྡོལ་བ་ལྟར་རང་གར་བྱུང་ཞིང་། ནམ་ཞིག་མེད་འགྲོ་བའི་ཚེ་ནའང་སེམས་ཀྱི་རྒྱུན་ཆད་པས་དེའི་ཕྱིར་ཚེ་སྔ་ ཕྱི་ལས་རྒྱུ་འབྲས་སོགས་གཏན་ནས་མེད་པར་འདོད་པ་ཆད་ལྟ་བ་རྣམས་ཀྱི་འདོད་ཚུལ་བཞིན་དུ་མ་མཐོང་ཕྱིར་ན་མེད་པ་ནམ་ཡང་མིན་ཏེ། ཇི་ལྟར་ལོང་བས་མ་མཐོང་ཡང་མིག་གི་དབང་པོ་ གསལ་བ་གཞན་ལ་མཐོང་བ་ཡོད་པ་དང་། མ་ཐོས་པའི་ཕྱིར་ན་བདེན་པར་མ་གྲུབ་པ་མི་བདེན་ཏེ། ཇི་ལྟར་འོན་པས་སྒྲ་མ་ཐོས་ཀྱང་རྣ་བའི་དབང་པོ་གསལ་བ་གཞན་ནས་ཐོས་སུ་ཡོད་པ་ བཞིན་སངས་རྒྱས་པའི་ལུགས་ལ་གཉིས་སྣང་སེམས་ཀྱི་རྒྱུན་གཉིས་མེད་གཉུག་མའི་ཡེ་ཤེས་སུ་མ་དག་བར་དུ་སེམས་ལས་བྱུང་བའི་ཚེ་སྔ་ཕྱི་དང་ལས་དང་ལས་ཀྱི་འབྲས་བུ་རྟེན་ཅིང་འབྲེལ་

འབྱུང་གི་ཚུལ་དུ་ཆུད་མི་ཟ་བ་ཉིད་དུ་སྣང་བར་འདོད་པའོ། །ཀུན་མཁྱེན་རོང་ཟོམ་པས་འདི་སྐད་དུ། རྟག་པར་ལྟ་བ་རྣམས་ནི་ཚངས་པ་ཆེན་པོ་རྟག །དབང་ སྒྱུར་གྱི་ལྷ་རྟག །བདག་རྟག །རང་བཞིན་རྟག །རྡུལ་ཕྲ་རབ་རྟག །དེ་རྣམས་ལས་མི་རྟག་པའི་འཇིག་རྟེན་མངོན་པར་གྲུབ་བོ་ཞེའོ། །ཆད་པར་ལྟ་བ་རྣམས་ནི། རྒྱུ་མེད། འབྲས་བུ་ མེད། བྱེད་རྩོལ་མེད། ཡོན་ཏན་ཁྱད་པར་ཅན་མེད་དོ་ཞེས་འདོད་དོ། །ལྟ་བ་དེ་དག་ཐམས་ཅད་བསྡུས་ནས་སངས་རྒྱས་པས་འཇིག་རྟེན་པའི་ལྟ་བ་ཞེས་བཏགས་ཏེ། གང་གི་ཕྱིར་དེ་དག་ ཀུན་གྱིས་བདག་ཏུ་ལྟ་བ་མ་བཏང་བས་འཇིག་རྟེན་ལས་འདའ་བར་མི་ནུས་ཏེ། འདི་ལྟར་བདག་བྱེད་པ་ལ་ཆགས་པའི་བློའི་རུམ་དུ་ཞུགས་པས་དེའི་བྱ་བ་ངན་པ་རྣམས་ཀྱང་མི་ལྡོག་གོ། །དེ་ལྟར་ ལས་མ་ལོག་པས་ལས་ཀྱི་རྣམ་པར་སྨིན་པའི་ཚེ་མི་ལྡོག་སྟེ། ལས་དང་ཚེ་ལས་མ་གྲོལ་ན་ཐར་པ་ཐོབ་པར་མི་འགྱུར་རོ་ཞེས་སངས་རྒྱས་པ་འདོད་དོ། །སངས་རྒྱས་པ་རང་གི་གཞུང་གིས་ འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི། རྒྱུ་དང་འབྲས་བུའི་མཚན་ཉིད་ནི་ཐེག་པ་ཆེ་ཆུང་མེད་པས་མཐུན་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དུ་སྨྲ་སྟེ། འདི་སྐད་དུ། འཇིག་རྟེན་ཕྱི་

ནང་གི་དངོས་པོ་འདི་དག་ནི། དབང་ཕྱུག་གིས་མ་སྤྲུལ། བྱེད་པ་པོས་མ་བྱས། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་མ་བྱུང་། དུས་ཀྱིས་མ་བསྒྱུར་ཏེ། རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་ འབྱུང་བའི་མཚན་ཉིད་ཙམ་ལས་གྲུབ་པ། རྒྱུ་འབྲས་བུ་ལ་ལྟོས། འབྲས་བུ་རྒྱུ་ལ་ལྟོས་ཏེ། རང་གྲུབ་པ་མེད་པ། རྒྱུ་དང་རྐྱེན་ཚོགས་ན་ནི་འབྲས་བུ་སྐྱེ་བ། མ་ཚོགས་ན་ནི་སྐྱེ་བར་ཡང་མི་ འགྱུར་བ། རྒྱུ་ལ་བར་ཆོད་ཀྱི་གེགས་མི་སྲིད་དེ་རྐྱེན་ལ་རག་ལས་པ་ཙམ་མོ། །དེ་ལྟ་བས་ན་འཇིག་རྟེན་ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་ཆོས་ཐམས་ཅད་ལས་འདས་ནས། ཕུང་པོ་ ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྱུར་དུ་རུང་ངོ་ཞེས་འདོད་པ་ནི་མཐུན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་མདོར་བསྡུ་ན་ཕྱི་ནང་སྣོད་བཅུད་བདེ་སྡུག་ལ་སོགས་ འདི་དག་ཐམས་ཅད་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་གི་རྩ་བ་གཟུང་འཛིན་ཅན་གྱི་སེམས་ཀྱིས་བྱས་པ་སྟེ། འོ་ན་གཟུང་འཛིན་ཅན་གྱི་སེམས་དེ་གང་ལས་བྱུང་སྙམ་ན་སྨོན་ལམ་སྟོབས་པོ་ཆེ་ ལས། ལྷན་ཅིག་སྐྱེས་པའི་མ་རིག་པ། །ཤེས་པ་དྲན་མེད་ཡེངས་པ་ཡིན། །ཀུན་ཏུ་བརྟགས་པའི་མ་རིག་པ། །བདག་གཞན་གཉིས་སུ་འཛིན་པ་ཡིན། །ལྷན་ཅིག་ཀུན་བརྟགས་མ་རིག་

གཉིས། །སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན། །ཅེས་གསུངས་པ་ལྟར་རྒྱུ་མ་རིག་པ་ལས་བྱུང་ཞིང་། མ་རིག་པ་ནི་གཏི་མུག་གི་ངོ་བོ་རིག་པ་རང་ངོ་མ་འཕྲོད་ པའི་རྐྱེན་ལས་བྱུང་ཞིང་། དེ་ལས་འཁོར་བའི་སྣང་བ་ཇི་ལྟར་གྲུབ་པའི་ཚུལ་ནང་པ་སངས་རྒྱས་པའི་ལུགས་ལའང་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་ལ་སོགས་ཕྱི་ ནང་གི་ཆོས་འདི་དག་རྫས་སུ་གྲུབ་པ་དང་མ་གྲུབ་པའི་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་པ་ལས་ཐུན་མིན་རྫོགས་པ་ཆེན་པོའི་ལུགས་སུ་བྱས་ན་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱིས། རང་བྱུང་རིག་པ་དོན་དམ་ཉི་མ་ལ། །དགེ་སྡིག་དཀར་ནག་གཉིས་ཀའི་སྤྲིན་གྱིས་བསྒྲིབས། །བླང་དོར་འབད་རྩོལ་ཞེན་པའི་གློག་གིས་གདུངས། །བདེ་སྡུག་འཁྲུལ་སྣང་ཆར་གྱི་རྒྱུན་བབས་ པས། །འཁོར་བའི་ས་བོན་འགྲོ་དྲུག་ལོ་ཏོག་རྒྱས། །ཀྱེ་མ་ཉམ་ཐག་འགྲོ་ཀུན་སྙིང་རེ་རྗེ། །ཞེས་གསུངས་པ་བཞིན་གཞི་ཀ་དག་སྟོང་པ་ཆེན་པོའི་རང་རྩལ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ རང་སྣང་དུ་ངོ་ཤེས་པ་དང་། མ་ཤེས་པའི་ཁྱད་པར་ལས་སངས་རྒྱས་དང་སེམས་ཅན་གྱི་སྣང་བ་སོ་སོར་བྱུང་བ་སྟེ་ཇི་ལྟར་ན། གདོད་མའི་མགོན་པོ་ནི་རིག་པ་ཀུན་གཞི་ལུང་མ་བསྟན་ལས་

འཕགས་ཤིང་། གཞི་སྣང་གི་རྩལ་གཞན་དུ་མ་འཁྲུལ་པས་རང་ངོར་སྣང་བ། རང་ངོར་སྣང་བའི་ཡོན་ཏན་ཀུན་གཞིའི་ངང་དུ་བག་ལ་མ་ཞ་བས་བྱེ་བྲག་ཕྱེད་པ། བྱེ་བྲག་ཇི་ལྟར་ཕྱེད་པའི་ ཐོག་ཏུ་འཛིན་པ་མེད་པས་ཕྱེ་ཐོག་ཏུ་གྲོལ་བ། གང་ལྟར་སྣང་ཡང་ཟང་ཐལ་འདུས་མ་བྱས་པ་རང་རིག་པའི་རྩལ་འབའ་ཞིག་ལས་འདུས་བྱས་ཀྱི་རྒྱུ་རྐྱེན་གཞན་ལས་མ་བྱུང་བ། རྟག་ཏུ་འཕོ་ འགྱུར་མེད་པ་རང་སར་གནས་པ་སྟེ་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་དང་། དེ་དག་ཀྱང་ལུང་ལས་མ་བྱུང་བའི་མན་ངག རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་ རྒྱས་ཏེ་རང་བྱུང་གི་ཆོས་གསུམ་གྱིས་གདོད་མའི་དབྱིངས་སུ་བཙན་ས་ཟིན་པའོ། །སེམས་ཅན་རྣམས་ནི་གཞི་ཀ་དག་སྟོང་པ་ཆེན་པོའི་རང་རྩལ་གཞི་སྣང་དུ་ཤར་བ་རང་ངོ་མ་འཕྲོད་ནས་ བསམ་གྱིས་མི་ཁྱབ་ལ་རྣམ་པ་སྣ་ཚོགས་པར་སྣང་བའི་སྐུ་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་འོད་ལྔའི་སྣང་བ་ལ་བདག་ཏུ་འཛིན་པའི་གཟུང་འཛིན་གྱི་སེམས་མཆེད་དེ་ཡུལ་དང་ལུས་ཀྱི་འཁྲུལ་ གཞི་བྱུང་། རྒྱུ་རྐྱེན་ལས་མ་བྱུང་བའི་ཆོས་ཉིད་ཀྱི་རང་སྒྲ་ལ་བདག་ཏུ་བཟུང་བས་ངག་གི་འཁྲུལ་གཞི་བྱུང་། དེ་ལ་བརྟེན་ནས་བདག་གཞན་འཁོར་འདས་བདེ་སྡུག་ལ་སོགས་པའི་འཁྲུལ་

སྣང་ཉམས་སུ་མྱོང་བ་སྟེ་ཡིད་བཞིན་མཛོད་ལས། འཁྲུལ་སྣང་ཇི་སྙེད་བག་ཆགས་གསུམ་ཉིད་ལས། །ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་ བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་ལུས། ། དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ། །དེ་ལྟར་ཀུན་གཞིའི་སྟེང་དུ་བག་ཆགས་གསུམ། །ཐོག་མེད་དུས་ནས་བཞག་པ་དེ་གོམས་པས། །ཚེ་རབས་ཀུན་ཏུ་དེ་ལྟར་སྣང་བ་ཡིན། །ཅེས་ གསུངས་སོ། །ཐེག་ཆེན་ཚུལ་འཇུག་ལས། དེ་ཡང་ཐེག་པ་འོག་མའི་ཚུལ་གྱིས་ཀུན་གཞིའི་མཚན་ཉིད་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་ངོ་བོར་གནས་ཤིང་ སྨིན་པ་ཡིན་པས་ཤིང་ཐོག་སྨིན་པ་དང་འདྲ་ལ། ཟག་པ་མེད་པ་རྣམས་ཀྱི་ནི་རྟེན་དང་གནས་ཙམ་ཡིན་ཏེ་དུག་གི་བུམ་པའི་ནང་ན་སྨན་གནས་པ་ལྟ་བུའོ་ཞེས་བཤད། ཐེག་པ་གོང་མའི་ཚུལ་ ལས་ནི་ཀུན་གཞིའི་མཚན་ཉིད་ནི་གདོད་མ་ནས་བྱང་ཆུབ་སྙིང་པོའི་རང་བཞིན་དུ་དག་པ་ཡིན་པས་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། ཉོན་མོངས་པ་དང་གནས་ངན་ལེན་གྱི་བག་ཆགས་

ནི་གློ་བུར་གྱི་དྲི་མ་སྟེ་གསེར་གཡས་གཡོགས་པའམ་ནོར་བུ་རིན་པོ་ཆེ་འདམ་དུ་བསུབས་པ་བཞིན་ཡོན་ཏན་ཅུང་ཟད་མི་སྣང་བར་ཟད་དེ། རང་བཞིན་ཉམས་པར་བྱས་པ་མེད་དེ། ཇི་སྐད་དུ་ རྡོ་རྗེ་བཀོད་པ་ལས། སྒྲོན་མ་འབར་བའི་རིན་ཆེན་ནི། །གནས་ངན་འདམ་དུ་བྱིང་འགྱུར་ཡང་། །དེ་ཉིད་ཡོན་ཏན་རང་སྣང་བས། །འོད་ནི་མཁའ་ལ་གསལ་བ་བཞིན། །དེ་བཞིན་སེམས་ ཉིད་རིན་པོ་ཆེ། །ལུས་ངན་འཁོར་བར་བྱིང་འགྱུར་ཡང་། །དེ་ཉིད་རང་བཞིན་འོད་གསལ་བས། །ཤེས་རབ་ཆོས་ཉིད་མཁའ་ལ་གསལ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །མདོར་ན་གང་ ལྟར་ཡང་རུང་སྟེ་དཀར་ནག་གི་ཆོས་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པའི་སྣང་བ་ཙམ་ཡིན་ལ། སྣང་བ་དེ་ཡང་འདུ་བྱེད་ཀྱི་བག་ཆགས་དབང་གིས་སྣང་བ་ཡིན་ཏེ། ཇི་ལྟར་སྣང་བ་དེ་ བཞིན་ཡོད་པ་མ་ཡིན་པས། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པར་རྟོགས་ན། སངས་རྒྱས་ཀྱི་ལམ་གཞན་ནས་བཙལ་མི་དགོས་སོ་ཞེས་གསུངས། གང་ལྟར་ཡང་རྒྱུད་ བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རྒྱུ་མཚན་གསུམ་

གྱིས་བསྟན་དོན་བདེ་གཤེགས་སྙིང་པོའི་རིགས་མ་སད་པ་ཟེར་རུང་། སྔགས་ཐུན་མོང་ལྟར་ན་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ངོ་མ་འཕྲོད་པ་ཟེར་རུང་། རྫོགས་པ་ཆེན་པོ་ལྟར་ན་རང་བྱུང་རིག་པའི་རང་རྩལ་རང་སྣང་དུ་ངོ་མ་འཕྲོད་པར་གཞན་དུ་བཟུང་སྟེ་འཁྲུལ་པའི་མགོ་བརྩམས་པའོ་ཟེར་རུང་འདྲ་སྟེ་མདོ་དོན་རང་གི་རྒྱུད་ལ་ལྷན་ཅིག་བཞུགས་ པའི་སྤྲུལ་སྐུའི་ཡོན་ཏན་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་བག་ལ་ཞ་ཞིང་སྐུ་ཡི་སྣང་བ་བསྒྲིབས། རང་འོད་གཞན་དུ་བཟུང་ནས་འཛིན་པའི་བག་ཆགས་བརྟས་པས་ཇི་ལྟར་ཉི་མའི་འོད་ཀྱིས་ས་ གཞི་ལ་དྲོད་ཆགས། དེ་ལས་དྲོད་ཀྱི་རྫས་ཕྲ་བ་ལངས་ཤིང་། དེ་ལས་རླངས་པའི་རྫས་རགས་ཙམ། དེ་ལས་སྤྲིན་གྱི་ཕུང་པོ་རགས་པ། སྤྲིན་ཕུང་ཤིན་ཏུ་འཐུག་པོར་དཀྲིགས་ཏེ་འདུས་ ཤིང་འཁྲུགས་ཏེ་གྲང་བར་གྱུར་པ་ལས་མངོན་པར་རེག་པའི་ཡུལ་དུ་གྱུར་པའི་རྫས་ཤིན་ཏུ་རགས་པ་ཆར་བྱུང་བ་བཞིན་དུ་ཕྱི་རུ་ས་དང་ཆུ། ནང་དུ་ཤ་ཁམས་ས་དང་ཆུ་ཁམས་ཁྲག་སོགས་ གཟུགས་ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་བྱུང་། གསང་བར་ཉོན་མོངས་པ་འདོད་ཆགས་བརྟས། དག་པའི་སྒྲ་འོད་ཟེར་གསུམ་ལ་སོགས་པ་ལོངས་སྐུའི་རང་བཞིན་གསལ་བའི་ཡོན་ཏན་བག་

ལ་ཞ་ཞིང་། དེ་དག་གི་རྩལ་འོད་དང་ཟེར་དང་སྒྲ་ལ་གཟུང་འཛིན་གྱི་རྟོག་པ་སྐྱེས་ཏེ་བག་ཆགས་བརྟས་པས། ཕྱི་རུ་མེ་དང་རླུང་། ནང་དུ་དབུགས་དང་དྲོད་སོགས་ལ་བརྟེན་པ་འདུ་ཤེས་ དང་འདུ་བྱེད་བྱུང་། གསང་བ་ཉོན་མོངས་པ་ཞེ་སྡང་རྒྱས། ཆོས་སྐུའི་ཡོན་ཏན་ངོ་བོ་སྟོང་པའི་ཡེ་ཤེས་སྟོང་པ་རྒྱང་ཆད་དུ་བཟུང་ནས་ཀུན་གཞིའི་ངང་དུ་བག་ལ་ཞ་ཞིང་། བག་ཆགས་བརྟས་ པས་ཕྱི་རུ་ནམ་མཁའ། ནང་དུ་ཀུན་རྫོབ་བྱང་སེམས་ཀྱི་ཐིག་ལེ་དང་དེ་ལ་བརྟེན་པའི་རྣམ་ཤེས་ཀྱི་ཕུང་པོ་གྲུབ། གསང་བ་ཉོན་མོངས་པ་གཏི་མུག་བརྟས། དེ་ལྟར་གཞི་ཡི་སྐུ་གསུམ་བག་ ལ་ཞ་བའི་རྐྱེན་གྱིས། རྩ་བའི་ཉོན་མོངས་དུག་གསུམ་བྱུང་། ཉོན་མོངས་དུག་གསུམ་ལས་ཉོན་མོངས་ཕྲ་རགས་ཐམས་ཅད་རྒྱས་ཏེ། ཕྱི་ནང་འབྱུང་བའི་རྒྱུ་རྐྱེན་ཕྲ་བ་འདུས་པའི་རྟེན་འབྲེལ་ ལས་གཟུགས་མེད་ཁམས་ཀྱི་སེམས་ཅན། ཕྱི་ནང་འབྱུང་བའི་རྒྱུ་རྐྱེན་ཅུང་ཟད་རགས་པར་གྱུར་པའི་རྟེན་འབྲེལ་ལས་གཟུགས་ཁམས་ཀྱི་སེམས་ཅན། ཕྱི་ནང་འབྱུང་བའི་རྒྱུ་རྐྱེན་ཤིན་ཏུ་ རགས་པར་སོང་བའི་རྟེན་འབྲེལ་ལས་འདོད་པའི་ཁམས་ཀྱི་སེམས་ཅན་རིམ་བཞིན་བྱུང་སྟེ། ཁམས་གསུམ་སེམས་ཅན་ཐམས་ཅད་རང་རང་གི་བདེ་སྡུག་སྣ་ཚོགས་མེད་བཞིན་མྱོང་བ་དཔེར་

ན་རྫས་སྔགས་ཀྱི་སྦྱོར་བ་ཙམ་ལ་མཁས་ཀྱང་སེམས་པ་རང་འཚོ་མ་ཟིན་པའི་སྒྱུ་མ་མཁན་ལ་ལ་རང་གིས་སྤྲུལ་པའི་སྒྱུ་མའི་སྣང་བ་བཟང་ངན་ཇི་ལྟར་སྣང་བ་ རྣམས་ལ་བདེན་ཞེན་སྐྱེས་ནས་ཆགས་སྡང་བདེ་སྡུག་སྣ་ཚོགས་མྱོང་བ་ལྟར་རང་རེ་སེམས་ཅན་རྣམས་རང་གི་རིག་པའི་རྩལ་དང་རོལ་པ་ལ་དངོས་པོ་དང་བདེན་གྲུབ་ཏུ་བཟུང་ཞིང་། བདག་ཏུ་ བཟུང་བས་འཁྲུལ་ཏེ་འཁོར་བ་ལུགས་སུ་འབྱུང་བ་བྱུང་སྟེ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་སྣང་བའི་ཡུལ་ལ་ཞེན་ཅིང་ཚེ་རབས་བརྒྱུད་ མར་བསླུ་བ། དཔེར་ན་མིག་གི་དབང་པོ་མཛེས་པའི་གཟུགས་ལ་ཆགས་ནས་བསླུས་པ་ཕྱེ་མ་ལེབ་མེ་འོད་ལ་ཆགས་ནས་དེར་མཆོངས་ཏེ་འཆི་བ་ལྟ་བུ། རྣ་བའི་དབང་པོ་སྙན་པའི་གཏམ་དང་ གྲགས་པ་ལ་ཆགས་ནས་བསླུས་པ་རི་དྭགས་རྔོན་པའི་གླིང་བུའི་སྒྲ་ལ་ཆགས་ནས་ཡེངས་པའི་སྐབས་ན་རྔོན་པས་མདའ་འཕང་སྟེ་འཆི་བ་ལྟ་བུ། སྣ་བའི་དབང་པོ་བསུང་བའི་དྲི་ཞིམ་པོ་ལ་ ཆགས་ནས་བསླུས་པ་བུང་བ་མེ་ཏོག་གི་དྲི་ལ་ཆགས་ནས་དེར་སྤྱོད་པའི་རིང་ལ་མེ་ཏོག་ཁ་ཟུམ་པ་མ་ཚོར་བར་དེའི་ནང་དུ་འཆི་བ་ལྟ་བུ། ལྕེའི་དབང་པོ་ཞིམ་པའི་རོ་ལ་ཆགས་ནས་ཉ་མོ་རྙི་ཡི་

རྩེ་མོའི་རོ་ལ་ཆགས་ནས་ཉ་པའི་ལྕགས་ཀྱུས་བཟུང་ནས་འཆི་བ་ལྟ་བུ། ལུས་ཀྱི་དབང་པོ་རེག་བྱ་ལ་ཆགས་ནས་བསླུས་པ་གླང་པོ་ཆེ་འདམ་གྱི་རེག་བྱ་ལ་ཆགས་ནས་སྐབས་རེ་འདམ་ལས་ ཐོན་མ་ཐུབ་པར་འདམ་དུ་བྱིང་ནས་འཆི་བ་ལྟ་བུ་སྟེ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་མཐར་ཐུག་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་འབའ་ཞིག་ཡིན་པས་ན་ཡིད་རྟོན་གཏན་ནས་མི་རུང་བ་ བསླུ་བའི་ཆོས་ཤ་སྟག་གོ། །དེའི་ཕྱིར་རྟག་ཏུ་བསླུ་བ་འཁོར་བའི་ཆོས་ལས་ཐར་པའི་ཐབས་སུ་གཏན་དུ་བདེ་ཞིང་བསླུ་བ་མེད་པའི་ས་ཞིག་འཐོབ་པར་བྱ་དགོས། དེ་ཐོབ་པར་བྱེད་པ་ལ་གོང་དུ་ བཤད་པ་བཞིན་རང་རེ་སེམས་ཅན་རྣམས་ཀྱི་རྒྱུད་ན་བག་ལ་ཞ་བའི་ཚུལ་དུ་བཞུགས་པའི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་སྟེ་གཞིར་ གནས་སྐུ་གསུམ་གྱི་ཡོན་ཏན་མངོན་དུ་བྱ་དགོས། དེ་ལྟར་མངོན་དུ་བྱ་བ་ལ་ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་སྟེ་ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་བྱེད་ པ་པོ་རྣམས་ལ་སློབ་པ་ལམ་ཞུགས་པའམ་ཉམས་ལེན་པ་ཟེར། ཉམས་སུ་ལེན་མཁན་སུ་ཞིག་ཡིན་རུང་། དང་པོ་ཐོག་མ་ཉིད་དུ་ལམ་མཁན་བླ་མ་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་ལ་ངེས་

པར་བརྟེན་དགོས། ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་ བརྟེན་ནས་འབྱུང་། །ཞེས་གསུངས། བླ་མ་དེ་ཡང་ལྟར་སྣང་ཆོས་ལྟར་སྟོན་ཡང་དོན་དུ་འཇིག་རྟེན་རྟོག་གེའི་རིག་པ་སློབ་པ་ལ་དགའ་བ་ཞིག་བསྟེན་པས་མི་འོང་། རང་གི་སེམས་ཉིད་ངོ་ བོ་ཡེ་དག་གི་སངས་རྒྱས་ཡིན་པ་མངོན་སུམ་རང་ངོ་སྤྲད་དེ་གློ་བུར་དྲི་མའི་ཤུན་པ་སེལ་བར་མཛད་མཁན་ཡེ་ཤེས་དགོངས་པའི་རྩལ་ཆེན་ཡོངས་སུ་རྫོགས་པ་ཞིག་དགོས། དེ་ཡང་དང་པོ་བླ་ མ་བརྟག་ལ་མཁས་པ་ཞེས་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟར་གསུངས་པའི་མཚན་ཉིད་དང་ལྡན་པ་ཞིག་ངེས་པར་བཙལ་ནས་བསྟེན་དགོས་ཀྱང་། རྣམ་པ་གཅིག་ཏུ་ན་བླ་མ་བརྟག་ མཁན་བརྟེན་བྱེད་སློབ་མ་རང་ཉིད་ཐོས་བསམ་རྒྱ་ཆེན་པོ་ལ་མ་བྱང་བའམ། གལ་ཏེ་སྦྱངས་པ་ཅུང་ཟད་རེ་བྱས་ཡོད་ཀྱང་། ང་རྒྱལ་ལྕགས་ཀྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བའི་ དཔེ་བཞིན་ཐོས་དོན་རྒྱུད་ལ་འབྱོར་བར་མི་བྱེད་པའི་རྟོག་གེ་ངན་པའི་བག་ཆགས་ཀྱི་དབང་དུ་སོང་བའི་རིགས་ཡིན་ན་ཇི་སྐད་དུ། དགེ་སློང་ལེགས་པའི་སྐར་མས་བཅོམ་ལྡན་འདས་ལ།

ལོ་ནི་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱས། །འོད་ནི་འདོམ་གང་ཡོད་པའི་སྐུ་ལུས་ལས། །ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་། །ཆོས་ནི་ང་མཁས་མཉམ་པོའི་གཡོག་མི་བྱེད། ། ཅེས་བཤུང་ནས་སངས་རྒྱས་སྤངས་པ་ལྟ་བུ་བླ་མ་ལ་ཇི་ཙམ་བརྟགས་པ་དེ་ཙམ་དུ་བླ་མའི་སྐྱོན་ཇེ་ཆེར་མཐོང་སྟེ་བྱིན་རླབས་མི་འཇུག་པ་ནི། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་ གྲུབ་རིང་བར་བཤད། །ཅེས་གསུངས་པ་ལྟར་ཡིན། དེའི་ཕྱིར་ཆོས་ཉིད་དོན་ལ་མཁས་པ་ཡི། །མཁས་པ་དེ་ལ་དངོས་གྲུབ་ཉེ། །ཞེས་གསུངས་པའི་ཐོག་ཏུ་ཁེལ་ཐུབ་པ་བྱུང་ན་རབ་དང་དེ་ མིན། ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས་པ་ལ་རྒྱུ་མཚན་བཅོལ་ནས་རང་གི་བླ་མ་ལ་བརྟག་དཔྱད་མི་བྱ་བར་དད་པ་དག་སྣང་འབའ་ཞིག་གཙོ་ བོར་བཏོན་སྟེ་བསྟེན་ན་ཆོས་བསྒྲུབ་པ་ལ་ཕྱི་བཤོལ་མི་འབྱུང་བར་ཕན་པ་ཡིན། བདེ་གཤེགས་སྙིང་པོའི་རིགས་སད་པའི་རྟགས་ཇི་ལྟ་བུའི་སྒོ་ནས་ཤེས་སམ་སྙམ་ན། དབུ་མ་འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོན་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་

གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་ བྱ། །ཞེས་འབྱུང་བ་ལྟར་ཡིན། གང་ལྟར་ཡང་བསྟེན་བྱ་བླ་མ་ཐེག་པ་ཆེན་པོ་སྤྱིའི་ལུགས་སུ་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡོངས་སུ་བརླན་པ་ཞིག་དགོས། སྔགས་གསར་རྙིང་རྣམས་ ནས་བླ་མའི་མཚན་ཉིད་སོ་སོ་སོ་སོར་མང་དུ་གསུངས་པ་ཡོད་ཀྱང་། མདོར་བསྡུ་ན་རྒྱུད་ལུང་མན་ངག་སྟོན་པའི་བླ་མ་དེ་ཉིད་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་མཛོད་དང་ལྡན་པ། གསང་སྔགས་སྔ་འགྱུར་བའི་བཀའ་བབས་ཀྱི་ཆུ་བོ་བཞི་རྫོགས་པ། གདུལ་བྱའི་དོན་བསྒྲུབ་པའི་དོན་གཉེར་དང་ལྡན་པ། ཁྱད་པར་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་དོན་ལ་མཁས་ཤིང་། ཕྲིན་ལས་ བཞི་བསྒྲུབ་པའི་ལག་ལེན་ལ་མཁས་པ། བསྐྱེད་རྫོགས་མན་ངག་གི་དོན་ཁོང་དུ་ཆུད་པ། རང་གིས་ཀྱང་དེ་དག་བསྒྲུབས་པའི་དྲོད་རྟགས་དང་ལྡན་པ་སྟེ་སྒྱུ་འཕྲུལ་ལམ་རིམ་ལས་གསུངས་ པའི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་རང་བཞིན་བརྒྱད་དང་ལྡན་པ་ཞིག་རྙེད་པར་བྱས་ཏེ་བསྟེན་དགོས་པར་གསུངས། གལ་ཏེ་རང་སྣང་མ་དག་པའམ། སྙིགས་དུས་དབང་གིས་བླ་མ་སྐྱོན་ཀུན་

ཟད་ཡོན་ཏན་ཀུན་རྫོགས་རྙེད་པར་དཀའ་བ་ལྟར་སྣང་ཚེ་སྐྱོན་ཉུང་ལ་ཡོན་ཏན་ཤས་ཆེ་བར་འདུག་ན་དམ་པར་བཟུང་ནས་བསྟེན་དགོས་པའང་གསུངས་ཏེ། དོན་དམ་བསྙེན་པ་ལས། རྩོད་ དུས་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་ བྱ་བའོ། །ཞེས་དང་། དགོངས་འདུས་ལས། འཇིག་རྟེན་པ་ཡི་སྐྱོན་ལྡན་ཡང་། །ས་མཁན་ལམ་ལ་མཁས་ངེས་ན། །ཇི་ལྟར་བཟོད་པ་བྱ་དཀའ་ཡང་། །ཐམས་ཅད་ཐམས་ཅད་བཟོད་ པར་བྱ། །ཞེས་སོགས་གསུངས་སོ། །ཐ་ནའང་སློབ་མ་ཚོགས་ལམ་པ་ཡིན་ན། བླ་མ་སྦྱོར་ལམ་པ། སློབ་མ་སྦྱོར་ལམ་པ་ཡིན་ན། བླ་མ་མཐོང་ལམ་པ་ཞིག་ཡིན་པ་ངེས་པར་དགོས་པར་ གསུངས་སོ། །བར་དུ་བླ་མ་བསྟེན་ལ་མཁས་པར་བྱ་བའང་། ཡོན་ཏན་མཛོད་ལས། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུའི་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྟེན་ནས། །དམ་ཆོས་གླ་ རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །ཞེས་གསུངས་པ་ཡིད་ལ་བཅངས་ནས་བག་ཡོད་པར་བྱས་ཏེ་ཀུན་སློང་ཕྱིན་ཅི་ལོག་པ་སྤངས་ནས་ཡང་དག་པའི་

འདུ་ཤེས་བཞི་དང་ལྡན་པས་བསྟེན་དགོས་ཏེ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་ སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། ། ཞེས་དང་། ཀྱེ་རིགས་ཀྱི་བུ། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་ལ་ཁུར་ཐམས་ཅད་ཀྱིས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། གནོད་པ་ཐམས་ཅད་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅོག་པ་སློབ་མ་ལྟ་བུའི་སེམས་དང་། ཅི་བསྒོ་བ་ཉན་པ་བྲན་གྱི་སེམས་དང་། དྲེགས་པ་མེད་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་ པ་ལྟར་བསྟེན་དགོས། ཆོས་ཕྱོགས་ཀྱི་བཀའ་དྲིན་སྤྱི་དང་། ཁྱད་པར་རང་ལ་གནས་ལུགས་ཀྱི་དོན་སྟོན་པའི་བླ་མ་ཞིག་ཡིན་ཕན་ཆད་བླ་མའི་རྣམ་པའམ་མཛད་སྤྱོད་བཟང་ངན་ཇི་ལྟར་སྣང་ རུང་། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པ་ལྟར་ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཀུན་དང་མཉམ་པར་བལྟ་དགོས། ཅིའི་ཕྱིར་ན། རང་ཉིད་ནས་བླ་མ་སངས་རྒྱས་སུ་

མཐོང་བའི་རྟེན་འབྲེལ་ལས་ད་གཟོད་རང་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་འཐོབ་པ་གོར་མ་ཆག་པས་སོ། །དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ས་ཐོབ་པའི་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པར་གསུངས་ན། རང་གི་བླ་མ་ཐ་མལ་མི་གཟུགས་སུ་སྣང་ཞིང་། མིའི་ཀུན་སྤྱོད་ལ་གནས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་མཉམ་ པར་བལྟ་བ་ནི་མི་མཉམ་པ་མཉམ་པར་བལྟ་བའི་སྒྲོ་བཏགས་ཁོ་ན་ཡིན་པས་དོན་ལ་མི་གནས་པ་ཉིད་དོ་སྙམ་པའི་ལོག་པའི་རྟོག་པ་མི་གཞུག་པར་གཉེན་པོ་དད་པ་ཆེས་ཆེར་བསྐྱེད་དེ་བསྟེན་ དགོས། གང་ཞེ་ན། འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འཁྲུལ་སྣང་གི་བག་ཆགས་ཤུགས་ཆེ་བའི་དབང་དུ་སོང་བས་རང་ལས་ལོགས་སུ་གྱུར་པ་ས་ས་སོ་སོར་བདེན་ པར་གྲུབ་པ་ལྟར་སྣང་ཡང་། དོན་ལ་ཀུན་གཞིའི་སྟེང་དུ་རྟོག་པའི་བག་ཆགས་བཟང་ངན་གང་ལྟར་བཞག་པ་དེ་དག་མེ་ལོང་རང་གི་རྩལ་གྱི་ཡོན་ཏན་མེ་ལོང་རང་ལ་ཚུར་འཆར་བ་བཞིན་དུ་ ཤར་བ་ལས་བདེན་གྲུབ་ཀྱི་ཆོས་ཡན་གར་བ་ཞིག་གཞན་ཞིག་ནས་ཚུར་འོང་བ་མིན། རང་ཉིད་སྣང་སྲིད་དག་པ་རབ་འབྱམས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ན་ད་ལྟ་ལམ་

ཉམས་སུ་ལེན་པའི་སྐབས་སུ་རང་གི་བླ་མ་སངས་རྒྱས་སུ་བལྟ་ཞིང་དག་སྣང་གི་བློ་སྦྱོང་བ་འདི་ལས་ཐབས་གཞན་ཏིལ་འབྲུ་ཙམ་ཡང་མེད། དེའི་ཕྱིར་སྔོན་གྱི་ རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རང་རང་གི་བླ་མ་ལ་ཇི་ལྟར་བསྟེན་པའི་ངོ་མཚར་བའི་རྣམ་པར་ཐར་པ་རྣམས་དང་རྗེས་སུ་མཐུན་པར་བསྟེན་ན་ཇི་སྐད་དུ། འཇམ་དཔལ་ཞིང་གི་ཡོན་ཏན་ བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་ ཀུན་སློང་བཟང་པོའི་རྗེས་སུ་འགྲོ་བའི་དོན་གྱི་འབྲས་བུ་སྨིན་པ་ལ་སོམ་ཉི་མ་དགོས་སོ། །ཐ་མ་དགོངས་སྤྱོད་སློབ་པ་ལ་མཁས་པ་ཞེས་བླ་མའི་མཛད་སྤྱོད་ཇི་ལྟར་སྐྱོང་བ་དང་། ཐུགས་ཇི་ ལྟར་མཉེས་པ་བཞིན་གྱི་རྗེས་སུ་མཐུན་པའི་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པ་འབའ་ཞིག་ལ་སློབ་པ་ལས། རང་གི་སྙན་གྲགས་སྤེལ་བའི་ཆེད་དང་། རང་ལ་བཀུར་སྟི་ཡོང་བའི་ཆེད་དུ་བླ་ མའི་དགོངས་པ་ཕྱོགས་ཙམ་ཡང་མ་ལོན་བཞིན་དུ་བླ་མའི་མཛད་སྤྱོད་དཔེ་བཤུས་ནས་མ་མཁས་མཁས་མདོག མ་གྲུབ་གྲུབ་བརྫུ། མ་རྟོགས་རྟོགས་ཚུལ་བླ་མའི་བརྒྱུད་པ་འཛིན་པའི་

ཐུགས་སྲས་ཀྱི་ཐུ་བོ་ཡིན་མདོག་སོགས་མི་ཆོས་བླ་མའི་རྫུན་གྱིས་རང་མགོ་རང་གིས་མ་བསྐོར་བར་བསྟན་པ་དང་སེམས་ཅན་ཁོ་ནའི་དོན་དུ་དམིགས་ནས་བཀུར་སྟི་དང་ཕུ་དུད་ཕྱི་གཙང་ནང་ གཙང་པདྨའི་སྦུབས་ལྟ་བུའི་སྒོ་ནས་བསྟེན་པ་གལ་ཆེ། ཅིའི་ཕྱིར་ན། བླ་མ་སངས་རྒྱས་ཀུན་ལས་ལྷག །ཅེས་རང་རེ་སྔོན་གྱི་སངས་རྒྱས་རྣམས་ཀྱི་གདུལ་ཞིང་དུ་མ་གྱུར་ནས་འཁོར་ བར་ཡུན་རིང་དུ་འཁྱམས་ཏེ་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་སྡུག་བསྔལ་ཁོར་མོ་ཡུག་ཏུ་མྱོང་བའི་སེམས་ཅན་རྣམས་ལ་གཏན་དུ་བདེ་བའི་ལམ་མཆོག་སྟོན་མཁན་བླ་མ་ཁོ་ན་ལས་གཞན་ སུ་ཡང་མ་མཆིས་པས་ན་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཀུན་ལས་ལྷག་པར་བལྟ་དགོས་པར་གསུངས་པའི་གནད་ཀྱང་དེ་ཡིན་ཏེ་བྱམས་པས་ཞུས་པའི་མདོ་ལས། གང་ཉན་ཐོས་དང་ རང་སངས་རྒྱས་དང་བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་དང་ཡེ་ཤེས་མཐོང་བའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པར་བྱ་བ་ལས་ བྱུང་བར་རིག་པར་བྱའོ། །བྱམས་པ། སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་དངོས་པོ་ཇི་སྙེད་པ་ཐམས་ཅད་ཀྱང་རང་གི་དགེ་བའི་རྩ་བ་ལས་བྱུང་ལ། དེ་ཡང་དགེ་བའི་བཤེས་

གཉེན་ལས་བྱུང་བར་རིག་པར་བྱའོ། །ཞེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ ཟུངས་ཤིག་ཅེས་སོགས་མཐའ་ཡས་པར་གསུངས་པས་དེས་ན་སློབ་དཔོན་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སེམས་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ། ། ཅེས་གསུངས་པའི་དོན་ལ་ངེས་པ་རྙེད་པར་བྱ་བ་ཁོ་ནའོ།། །།ད་ཐུན་མོང་ཕྱི་ཡི་སྔོན་འགྲོ་ལ་བཞི་ལས། དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ། དལ་འབྱོར་འདི་ནི་ཤིན་ ཏུ་རྙེད་པར་དཀའ༔ ཞེས་དལ་བ་བརྒྱད་ནི། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་གྱིས་ཉེན་ནས་ཆོས་བྱེད་དུ་མི་ཁོམ་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། ཡི་དྭགས་སུ་སྐྱེས་ན་ བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་ཉེན་ནས་ཆོས་བྱེད་དུ་མི་ཁོམ་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། དུད་འགྲོ་རྣམས་ནི་རྟག་ཏུ་ཕན་ཚུན་གཅིག་གིས་གཅིག་ལ་འཚེ་བ་དང་ལྷག་པར་གླེན་

ལྐུག་ཏུ་གྱུར་པས་ཆོས་བྱེད་མི་རུང་བ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། ཆོས་དར་བའི་ཡུལ་དབུས་སུ་སྐྱེས་ཀྱང་ལས་རྒྱུ་འབྲས་ཚེ་སྔ་ཕྱི་སྡིག་སྤོང་དགེ་སྒྲུབ་ལ་སོགས་པར་ཡིད་ཆེས་ གཏན་ནས་མེད་པ་ལོག་ལྟ་ཅན་དུ་སྐྱེས་ན་སེམས་ལས་སུ་མི་རུང་བས་མི་ཁོམ་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། ཀླ་ཀློར་སྐྱེས་ན་དགེ་སྡིག་གང་ཡིན་ངོ་རང་མི་ཤེས་པས་ཆོས་བྱེད་མི་ ཁོམ་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། ལྐུག་པར་སྐྱེས་ན་དབང་པོར་སྐྱོན་ཞུགས་པའམ་བླང་དོར་གྱི་གནད་ཤེས་པའི་རྣམ་དཔྱོད་མེད་པས་མི་ཁོམ་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། མིར་སྐྱེས་ཀྱང་སངས་རྒྱས་མ་བྱོན་པའི་ཞིང་དུ་སྐྱེས་ན་ཆོས་ཀྱི་སྣང་བ་མེད་པའི་མུན་བསྐལ་ཡིན་པས་ཆོས་ཀྱི་སྒྲ་ཙམ་ཡང་ཐོས་པ་མ་ཡིན་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ། ལྷ་ཚེ་རིང་ པོར་སྐྱེས་ན་ཚེ་རིང་ཞིང་འདོད་ཡོན་ལ་གཡེང་ནས་ཆོས་བྱེད་མི་ཁོམ་པ་ལ་ད་རེས་དེར་མ་སྐྱེས་པས་དལ་བ་སྟེ་དལ་བ་བརྒྱད་དང་། ད་རེས་སྤྱིར་མི་ལུས་ཐོབ། ཡང་སྒོས་ཆོས་དར་བའི་ཡུལ་ དབུས་སུ་སྐྱེས། མིག་གི་དབང་པོ། རྣ་བའི་དབང་པོ། སྣ་ཡི་དབང་པོ། ལྕེ་ཡི་དབང་པོ། ལུས་ཀྱི་དབང་པོ་སྟེ་དབང་པོ་སྒོ་ལྔ་ཚང་། མི་དགེ་བའི་ལས་བྱེད་པ་ལ་མི་དགའ་བས་ལས་

མཐའ་མ་ལོག སངས་རྒྱས་ཀྱི་བསྟན་པ་ལ་དད་པ་སྟེ་རང་ལ་ལྟོས་པའི་འབྱོར་པ་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཆོས་གསུངས། དེའི་བསྟན་ པ་མ་ནུབ་པར་གནས། བསྟན་པ་ལ་ཞུགས་པའི་གང་ཟག་གཞན་ཡང་ཡོད། དེ་དག་གིས་གཞན་རྗེས་སུ་འཛིན་པས་གཞན་ལ་ལྟོས་པའི་གཞན་འབྱོར་ལྔ་བཅས་འབྱོར་པ་བཅུ་སྟེ་དལ་བ་བརྒྱད་ དང་། འབྱོར་པ་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་ནི་ཁབ་རྩེ་གྱེན་དུ་བསླང་ནས་དེ་སྟེང་སྲན་མ་སྟོར་ན་གཅིག་ཙམ་ཡང་ཆགས་པར་དཀའ་བ་བཞིན་དཔེ་ཡི་སྒོ་ནས་རྙེད་པར་དཀའ་བ་བསམ་ པ༑ སེམས་ཅན་གཞན་གྱི་གྲངས་ལ་ལྟོས་ན་མིའི་འགྲོ་བ་ཤིན་ཏུ་ཉུང་བ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་བསམ་པ། མིའི་ནང་ནས་ཀྱང་རྒྱུ་དགེ་བ་སྒྲུབ་མཁན་ཤིན་ཏུ་དཀོན་པས་རྒྱུ་ཡི་སྒོ་ ནས་རྙེད་པར་དཀའ་བ་ལ་སོགས་པར་བསམས་ཏེ། ད་རེས་མི་ལུས་རིན་པོ་ཆེ་ལན་གཅིག་འཐོབ་པ་འདི་ཆུད་ཟོས་སུ་མི་གཏོང་བར་དམ་པའི་ལྷ་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས། དེ་ཡང་ཁྲིད་ཡིག་ཐར་ལམ་སྣང་སྒྲོན་ལས། ཚེ་འདི་དང་ཕྱི་མའི་གནས་སྐབས་ཀུན་ཏུ་འཇིགས་པ་དང་ཕོངས་པའི་སྡུག་བསྔལ་ཇི་སྙེད་འབྱུང་བ་རྣམས་ནི་དལ་འབྱོར་དོན་མེད་དུ་གཡེངས་པའི་

ཉེས་པ་ལས་འབྱུང་ལ། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་སྐྱིད་ཡོན་ཏན་ཐམས་ཅད་ནི་དལ་འབྱོར་ཆུད་མ་ཟོས་པ་ཁོ་ན་ལས་བྱུང་བ་སྟེ། སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རིགས་ཀྱི་བུ། འཁོར་བ་ན་རྒྱུ་བ་གང་ཅི་ཡོད་པ་དེ་དག་ཀྱང་རང་གི་དལ་བ་དང་འབྱོར་པས་བརྒྱན་པའི་ལུས་རྙེད་པར་དཀའ་བ་ཉིད་སེམས་པ་མངོན་དུ་མ་བྱས་པར་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་རྣམ་པར་འཁོར་ཏེ་སྡུག་བསྔལ་གྱི་མེས་གདུང་པར་བྱས་པ་ཡིན་གྱིས། ཁོ་བོས་ནི་དལ་བ་དམ་པ་བསམ་པས་སྲིད་པ་ལས་རྣམ་པར་གྲོལ་བས། ཐམས་ཅད་ཀྱིས་ཀྱང་དེ་ལྟར་བྱ་དགོས་སོ། །ཞེས་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས། ཀྱེ་རིགས་ཀྱི་བུ། གང་ལ་དལ་བ་དང་འབྱོར་པ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པའི་ཆར་ཆེན་པོ་ཡང་འབབ་སྟེ། གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། །ཞེས་སོ། །ཞེས་སོགས་མི་ལུས་རིན་པོ་ཆེ་ཐོབ་པ་ལ་ཕན་ཡོན་ཚད་མེད་པ་གསུངས་པ་ལྟར་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པར་བསམ་པ་ནི། སྐྱེས་ཚད་མི་རྟག་འཆི་བའི་ཆོས་ཅན་ཡིན༔ ཅེས་གནས་གང་ན་འགྲོ་བ་གང་ཞིག་སྐྱེས་ཕན་ཆད་གྲངས་ཚད་མང་ཉུང་ལ་མ་ལྟོས་པར་མི་རྟག་པ་འཆི་བའི་ཆོས་ཅན་ཡིན་པ་ནི།

སློབ་དཔོན་རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ ཟ། །ཞེས་འཇིག་རྟེན་གྱི་ཁམས་འདི་དང་འདི་ན་སེམས་ཅན་འདི་དང་འདི་ཉིད་མ་ཤི་བར་ད་ལྟའང་གསོན་པོར་གནས་ཡོད་དོ་ཞེས་རང་གཞན་སུ་ཞིག་གིས་མིག་གིས་མཐོང་བའམ། རྣ་བས་ ཐོས་པའམ་ཡང་ན་ཐེ་ཚོམ་ཡོད་དམ་ཞེས་མཁས་པའི་བསྟིང་ཚིག་འདྲི་རྨེད་ཀྱི་ཚུལ་དུ་གསུངས་པ་ལྟར་འཆི་བ་ལས་མ་འདས་ཤིང་། ཕྱི་ནང་སྣོད་བཅུད་གང་ལ་བསམས་ཀྱང་འཇིག་པའི་ཆོས་ ཅན་ཡིན་པ་ནི། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ ནོ། །ཞེས་འབྱུང་། སྐྱེས་ནས་འཆི་བར་བདེན་ཡང་ལོ་ན་རྒན་གཞོན་དང་། གཟུགས་ཁམས་ཐང་ཞན་སོགས་ལ་ཚོད་དཔགས་ནས་ལོ་ན་གཞོན་པའམ་གཟུགས་ཁམས་བདེ་བར་འདུག་ན་དེ་ དག་ལ་རྒྱུ་མཚན་བྱས་ནས་རེ་ཞིག་མི་འཆི་སྙམ་པའི་ཚོད་ཀྱང་གཏན་ནས་འཇལ་མི་གཏུབ་པ་ནི་ཇི་སྐད་དུ་ཀུན་བཟང་བླ་མའི་ཞལ་ལུང་ལས། ཁ་ཅིག་གོག་པོ་འགོག་ཙམ་ན་འཆི་བའང་ཡོད།

ཁ་ཅིག་དར་ལ་བབས་ནས་འཆི་བའང་ཡོད། ཁ་ཅིག་རྒས་ཤིང་ཁོགས་ནས་འཆི་བའང་ཡོད། ཁ་ཅིག་སྨན་དག་སྲུང་བ་བྱེད་ལོང་མེད་པར་འཆི་བའང་ཡོད། ཁ་ཅིག་ལོ་ནད་སྟན་ལ་འབྱར་ ནས་ཤི་མིག་གསོན་ལ་བལྟས། རུས་མགོ་ལྤགས་ཀྱིས་གཡོགས་ཏེ་འཆི་བའང་ཡོད། ཁ་ཅིག་གདོང་ཐུག་ལྟ་བུས་ཟས་ཟ་འཕྲོ། གཏམ་བཤད་འཕྲོ། ལས་ཀ་བྱེད་འཕྲོ་ལ་ཤི་བ་དུ་མའང་ ཡོད། ཁ་ཅིག་རང་གིས་རང་གསོད་པ་ཡང་ཡོད་པ་ཡིན་ལ། དེ་ལྟར་འཆི་བའི་རྐྱེན་གྲངས་མང་བའི་དབུས་ན་འཚོ་བའི་ཚེའི་ནུས་པ་ཆུང་བ་རླུང་གསེབ་ཀྱི་མར་མེ་ལྟར་གནས་པ་ཡིན་པས། དུས་ད་ལྟ་ཙམ་འཆི་བ་གློ་བུར་དུ་སླེབས་ཏེ་སང་གི་ཉི་མ་ཙམ་ལ་མགོའམ་ཁ་ལ་རྭ་ཅོ་སྐྱེས་པའི་དུད་འགྲོ་ཞིག་ཏུ་སྐྱེས་མེད་པའི་ངེས་པའང་མེད་པས་ནམ་འཆི་ཆ་མེད་དང་། གར་སྐྱེ་ངེས་མེད་ ལ་ཡིད་ཆེས་འཐོབ་པར་བྱའོ། །ཞེས་སོགས་འཆི་རྐྱེན་ངེས་པ་མེད་པའི་ཚུལ་ཚད་མེད་པ་གསུངས་པ་རྣམས་ལ་ཡིད་ཆེས་པར་བྱས་ཏེ། མི་རྟག་པའི་གཏམ་ལས། འདི་ལྟར་སྐྱེས་པ་ཐམས་ ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །བདག་ཀྱང་དེ་ལས་མ་འདས་པས། །དེ་རིང་ཉིད་དུ་ཆོས་མཛོད་ཅིག །ཅེས་དང་། མྱ་ངན་ལས་འདས་པའི་མདོ་ལས། ཞིང་རྨོ་བ་རྣམས་ཀྱི་

ནང་ནས་སྟོན་གྱི་ལོ་ཏོག་རྙེད་པ་འདི་ཉིད་མཆོག་གོ། །རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་གོ། །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་ དང་འཆི་བའི་འདུ་ཤེས་ཉིད་མཆོག་གོ། །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་བཟློག་པར་བྱེད་དོ། །ཞེས་གསུངས་སོ། །དེ་ཡང་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་བཟློག་ པར་བྱེད་དོ་ཞེས་གསུངས་པ་གང་ཞེ་ན་ཐེག་དམན་ལྟར་ན་ཟད་དང་སྐྱེ་བ་མེད་པར་ཤེས་པ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་དང་། རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་ལྟར་ན་འདོད་པའི་ ཁམས་ཀྱི་སེམས་ཐུགས་རྗེ་ཀུན་ཁྱབ་བདེ་སྟོང་སྤྲུལ་སྐུའི་དགོངས་པར་ཟད་པ་དང་། གཟུགས་ཁམས་ཀྱི་སེམས་ལྷུན་གྲུབ་གསལ་སྟོང་ལོངས་སྐུའི་དགོངས་པར་ཟད་པ་དང་། གཟུགས་ མེད་ཁམས་ཀྱི་སེམས་རིག་སྟོང་ཆོས་སྐུའི་དགོངས་པའི་དབྱིངས་སུ་ཟད་པ་སྟེ་འཆི་མེད་རྟག་པ་དམ་པ་སྐུ་གསུམ་རྒྱལ་བའི་གོ་འཕང་ལ་འཁོད་པར་བྱེད་པ་ཡིན་ནོ་ཞེས་པའི་དོན་ཏེ། སྐུ་ གསུམ་བསྟན་པའི་མདོ་ལས། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་གྱིས་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པའི་རྟག་པའོ། །ཞེས་དང་།

རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་དང་། དབུ་མ་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་ གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་ཆོས་སྐུ་ལོངས་སྐུ་རྟག་པར་འདོད་ཅིང་། སྤྲུལ་པའི་སྐུ་ནི་དག་དང་མ་དག་གི་ གདུལ་བྱའི་ཆུ་སྣོད་སྣ་ཚོགས་དང་མཐུན་པ་ནམ་མཁའི་ཟླ་གཟུགས་འཆར་བ་ལྟ་བུ་ཡིན་གྱི། ནམ་མཁའི་ཟླ་བ་དངོས་ཆུ་ནང་ན་རང་མཚན་དུ་འཕོས་པ་མེད་པ་ལྟར་ཡིན་གཤིས་རྟག་མི་རྟག་ ལས་འདས་པའི་ཆོས་ཉིད་ལ་སྤྲུལ་སྐུ་རྒྱུན་མི་ཆད་པའི་རྟག་པ་ཞེས་བྱ་སྟེ་དེའི་ཕྱིར་མི་རྟག་བསྒོམ་པའི་འབྲས་བུ་འཆི་མེད་རྟག་པ་དམ་པ་སྐུ་གསུམ་རྒྱལ་བའི་གོ་འཕང་ཐོབ་པར་བྱ་བ་ལ་བརྩོན་ པར་བྱའོ།། །།གསུམ་པ་ལས་རྒྱུ་འབྲས་བསླུ་བ་མེད་པར་བསམ་པ་ནི། དགེ་སྡིག་ལས་ཀྱི་རྒྱུ་འབྲས་བསླུ་བ་མེདཿ ཅེས་པ་སྟེ། ཤི་ཡང་ཅང་མི་སྐྱོན་ཏེ་མུ་སྟེགས་ཆད་ལྟ་བའི་ གཞུང་ལས། མེ་ཤི་ཐལ་བ་རླུང་འཁྱེར་འདྲ། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་བཤད་པ་ལྟར། ད་ལྟའི་སྐྱེ་བ་འདི་ཁོ་ན་ལས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ལོག་ལྟ་ཅན་རྣམས་ཀྱི་འདོད་

ཚུལ་ལྟར་གཏན་ནས་མིན་ཏེ། སེམས་ཅན་ཞིག་ཡིན་ཕན་ཆད་སེམས་ཀྱི་རྒྱུན་མ་འགགས་པར་ཡོད་པས་ཤི་ནས་ཅང་མེད་དུ་མི་འགྲོ་བར་ཀུན་གཞིའི་སྟེང་དུ་ བཞག་པའི་ལས་དང་བག་ཆགས་ཀྱི་རྗེས་སུ་རང་དབང་མེད་པར་འགྲོ་དགོས། དཔེར་ན་ཉིན་མོ་སད་པའི་སྣང་བ་ནུབ་ནས་མཚན་མོ་གཉིད་དུ་སོང་བའི་རྨི་ལམ་རྨིས་པའི་དུས་སུ་རང་ཉིད་ཤོང་ ཙམ་པའི་མལ་སྟན་ཆུང་ངུ་ཞིག་གི་ནང་དུ་སྣོད་བཅུད་ཀྱི་སྣང་བའི་བདེ་སྡུག་རྒྱ་ཆེ་ལ་གྲངས་མང་བ་རྣམ་པ་སྣ་ཚོགས་ཉིན་མོ་ལྟར་ཉམས་སུ་མྱོང་བ་ནི་རང་ཉིད་མལ་ནས་ཐོན་ཏེ་ཡུལ་དེ་དག་ རྣམས་སུ་བདེ་སྡུག་མྱོང་བར་ཕར་ཕྱིན་པ་མིན་ལ། བདེ་སྡུག་ཉམས་སུ་མྱོང་སའི་ཡུལ་སྣོད་བཅུད་རྒྱ་ཆེ་ལ་གྲངས་མང་བ་དེ་དག་རང་གི་མལ་སྟན་ཆུང་ངུ་དེའི་ནང་དུ་ཤོང་བའི་ཐབས་མེད་ པས་ཚུར་འོང་བའང་མིན། རང་གི་ཉིན་མོའི་སྣང་བའི་བག་ཆགས་སམ། སྐྱེ་བ་སྔ་ཕྱིའི་བག་ཆགས་ཀྱི་ཆོ་འཕྲུལ་རང་ལ་སྣང་བ་ཁོ་ན་ཡིན། སྤྱོད་འཇུག་ལས། འདི་ལྟར་འཇིགས་པ་ ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་

གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་དང་། ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་ནི། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ལས། གཞན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་གླིང་བཞི་པའི་འཇིག་རྟེན་འདི་ཉིད་ཡོངས་སུ་མ་དག་པའི་ཞིང་ཁམས་ཡིན་པར་གྲགས་ཏེ། དེ་བཞིན་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ན་རེ། ངས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་མཐོ་དམན་དང་གཅོང་རོང་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་ རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་ན་རེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་སྐད་མ་ཟེར་ཅིག ཁྱོད་རང་གི་སེམས་ལ་མཐོ་དམན་ཡོད་པར་ཟད་དེ། བཅོམ་ལྡན་ འདས་ཀྱི་ཞིང་ལ་ནི་ཡོངས་སུ་མ་དག་པ་མེད་དོ། །ངས་ནི་བཅོམ་ལྡན་འདས་ཀྱི་ཞིང་འདི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་རིན་པོ་ཆེའི་གཞི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་དག་

པར་མཐོང་ངོ་ཞེས་ཟེར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དུ་སངས་རྒྱས་ཀྱི་ཞིང་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་ པའི་ཞིང་ཁམས་བཞིན་དུ་སྣང་བར་མཛད་ནས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ཅི་ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ། དམུས་ལོང་རྣམས་ཀྱིས་མི་མཐོང་ངོ་། །ཤཱ་རིའི་བུས་གསོལ་པ། ཉི་མ་དང་ཟླ་བས་མ་ནོངས་ཀྱི། དམུས་ལོང་རྣམས་ཀྱིས་ནོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་འདི་ནི་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ ཆེ་རྒྱན་བཀོད་པའི་ཞིང་ཁམས་བཞིན་དུ་རྟག་ཏུ་འདི་འདྲ་བ་སྟེ། ཁྱེད་རྣམས་ཀྱིས་མ་མཐོང་ངོ་། །དཔེར་ན་ལྷའི་བུ་རྣམས་ནི་རིན་པོ་ཆེའི་སྣོད་གཅིག་གི་ནང་ནས་བདུད་རྩིའི་ཟས་ཟའང་། ཇི་ལྟར་བསོད་ནམས་བསགས་པ་བཞིན་དུ་བདུད་རྩིའི་རོ་སོ་སོར་མྱོང་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་ཀྱང་ཇི་ལྟར་ལས་དག་པ་དེ་བཞིན་དུ། སངས་རྒྱས་ཀྱི་ ཞིང་ཡང་མ་དག་པ་དང་དག་པར་མཐོང་ངོ་ཞེས་གསུངས་སོ། །ཞེས་འབྱུང་ངོ་། །གཉིས་འཛིན་སེམས་ཀྱི་རྒྱུན་མ་དག་བར་དུ་ལས་དང་བག་ཆགས་ཁོ་ནའི་རྗེས་སུ་འབྲང་དགོས་པས་ན་ལས་

དང་རྒྱུ་འབྲས་མི་བསླུ་བའི་བདེན་པ་ལ་ཡིད་ཆེས་པར་བྱ་དགོས་ཏེ། ཇོ་བོ་རྗེས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་བྱ། །ཞེས་དང་། ཀུན་ མཁྱེན་ཆེན་པོས། ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་བར། །རྒྱུ་འབྲས་ལས་ཡོད་དེ་ཡིས་སྤྲུལ་པ་སྟེ། །སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་ སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་འདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས། རྒྱུ་འབྲས་གོ་རིམ་ལ་རྨོངས་པ་རྣམས་ནས་ཚེ་འདིར་སྡིག་སྤོང་དགེ་བསྒྲུབ་ལ་འབད་ མཁན་ལ་ལ་སྡུག་བསྔལ་མྱོང་བ་དང་། ལས་འབྲས་དང་ཆོས་ལ་ཡིད་ཆེས་མེད་མཁན་ལ་ལ་ཚེ་འདིར་བདེ་ཞིང་སྐྱིད་ལ་བྱ་བ་ལམ་འགྲོ་ཆེ་བ་འདུག་པས་དེའི་ཕྱིར་ལས་འབྲས་མི་བདེན་ངེས་ པའོ་སྙམ་པ་ནི་རྒྱུ་འབྲས་སྔ་ཕྱིའི་གོ་རིམ་མ་ཤེས་པ་ཆད་ལྟ་བའི་བག་ཆགས་ཀྱི་ཤན་ཞུགས་པས་ནོངས་པ་སྟེ། སྡིག་སྤོང་དགེ་བསྒྲུབ་བྱེད་མཁན་ལ་ཚེ་འདིར་སྡུག་བསྔལ་མྱོང་བ་ནི་སྐྱེ་བ་ སྔོན་མའི་སྡུག་བསྔལ་བྱུང་ཞིང་། ཕྱིན་ཆད་སྡུག་བསྔལ་མྱོང་བར་མི་འགྱུར་བའི་རྟགས་སུ་གསུངས། ལ་ལ་ཚེ་འདིར་སྡིག་པ་མི་དགེ་བ་ལ་བག་ཚ་བ་མེད་པར་རྟག་ཏུ་སྤྱད་ཀྱང་བདེ་ཞིང་སྐྱིད་

པ་ལྟ་བུར་སྣང་བ་ནི་སྐྱེ་བ་སྔ་མར་ཟག་པ་དང་བཅས་པའི་དགེ་བའི་རྒྱུ་ཕྲན་ཚེགས་འགའ་ཞིག་བསྒྲུབས་པའི་འབྲས་བུ་ཚེ་འདིར་མངོན་དུ་སྣང་ཞིང་བདེ་འབྲས་ཡུད་ ཙམ་དེ་ནམ་ཟད་པ་ན་སླར་སྐྱེ་བ་སྔ་མ་སྔ་མའི་སྡུག་བསྔལ་གྱི་རྒྱུ་གང་བསྒྲུབས་པའི་འབྲས་བུའི་རྗེས་སུ་འབྲང་དགོས། ཚེ་འདིར་མི་དགེ་བ་བྱས་པའི་འབྲས་བུ་སྡུག་བསྔལ་དང་མི་བདེ་བ་ཚེ་ འདི་ཉིད་རང་ལ་སྨིན་པ་དང་། ཚེ་འདིར་དགེ་བ་བྱས་པའི་འབྲས་བུ་ཕན་པ་དང་བདེ་བ་ཚེ་འདི་ཉིད་རང་ལ་སྨིན་པ་མཐོང་ཆོས་མྱོང་འགྱུར་གྱི་ལས། ཚེ་འདིར་སྡིག་པ་བྱས་པའི་འབྲས་བུ་ཚེ་ འདི་ཉིད་རང་ལ་མ་སྨིན་ཀྱང་ཚེ་ཕྱི་མར་སྡུག་བསྔལ་མྱོང་བར་འགྱུར་བ་དང་། དེ་བཞིན་དགེ་བ་བྱས་པའི་འབྲས་བུ་ཚེ་འདི་ཉིད་རང་ལ་མ་སྨིན་ཀྱང་ཚེ་ཕྱི་མར་འབྲས་བུ་བདེ་བ་མྱོང་བ་ལ་སྐྱེས་ ནས་མྱོང་འགྱུར་གྱི་ལས་དང་། རྒྱུ་མི་དགེ་བའི་འབྲས་བུ་སྡུག་བསྔལ་དང་། དགེ་བའི་འབྲས་བུ་བདེ་བ་གང་ཡིན་དུས་སུ་མ་བབས་པས་གལ་ཏེ་ཚེ་འདིའམ་ཕྱི་མར་མ་སྨིན་ན་སྐྱེ་བ་གཞན་ དང་གཞན་དུ་ངེས་པར་མྱོང་བར་འགྱུར་བ་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་ཏེ་དེའི་ཕྱིར་དགེ་བ་དང་། སྡིག་པའི་ལས་ཀྱི་རྒྱུ་ཇི་ལྟར་བསགས་པ་བཞིན་དུ་འབྲས་བུའང་དེ་བཞིན་དུ་བསླུ་

བ་མེད་པར་སྨིན་པ་ནི་ཇི་སྐད་དུ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་ པར་འགྱུར། །ཞེས་དང་། ཡོན་ཏན་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་ལྟ་བར་མི་མངོན་ཡང་། །ལུས་ཅན་རྣམས་དང་འདུ་འབྲལ་སྤངས་པ་ བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས་པས་དེས་ན་ལས་དང་རྒྱུ་འབྲས་བག་ཆགས་བཟང་ངན་ཐམས་ཅད་ཡོངས་སུ་དག་པ་སངས་རྒྱས་ཀྱི་ས་ལ་ཕྱིན་པའི་ བར་དུ་སྡིག་པ་མི་དགེ་བའི་ཕྱོགས་སུ་གཏོགས་པ་ཕྲ་ཞིང་ཕྲ་བ་ནས་སྤོང་བ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་དང་མཐུན་པའི་བཟང་པོ་དགེ་བའི་རིགས་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་པ་སོགས་ལ་ བརྩོན་དགོས། ཉོན་མོངས་པའི་རྩ་བ་བདག་ཏུ་ལྟ་བ་དང་། དེ་ལས་ཉོན་མོངས། དེ་ལས་ལས་སྣ་ཚོགས་བསགས་ཤིང་། ལས་དེ་དག་ནི་དཔེར་ན་རྩ་བ་དུག་ཡིན་ན་འབྲས་བུའང་འདུག་ རྩ་བ་སྨན་ཡིན་ན་འབྲས་བུའང་སྨན། ས་བོན་ཁ་བ་ལས་འབྲས་བུ་ཁ་བ། ས་བོན་མངར་བ་ལས་འབྲས་བུ་མངར་བ་འབྱུང་བ་བཞིན་དུ། སྡིག་པའི་རྒྱུ་ལས་འབྲས་བུའང་སྡུག་བསྔལ་དང་མི་

བདེ་བ། དགེ་བའི་རྒྱུ་ལས་འབྲས་བུའང་ཕན་པ་དང་བདེ་བ་འབྱུང་བ་སོགས་ལས་བཟང་ངན་གྱི་བདེ་སྡུག་བསླུ་བ་མེད་པར་མྱོང་བ་ལ་ཡིད་ཆེས་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་བས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་གསུངས། དེས་ན་ མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པར་བྱེད་པ་དགེ་བ་བཅུ་སྟེ། སྲོག་གཅོད་པ་སྤངས་ནས་གཞན་གྱི་སྲོག་སྐྱོབ་པ། མ་བྱིན་པ་ལེན་པ་སྤངས་ནས་ཆོས་སྦྱིན་ལ་བརྩོན་པ། མི་ཚངས་པར་སྤྱོད་ པ་སྤངས་ནས་ཚངས་པར་སྤྱོད་པ་ལ་གནས་པ། རྫུན་སྤངས་ནས་བདེན་པར་སྨྲ་བ། ཕྲ་མ་སྤངས་ནས་འཁོན་པ་སྡུམ་པ། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ་བ། ངག་འཁྱལ་སྤངས་ནས་ཁ་ ཏོན་བཟླས་བརྗོད་སོགས་ལ་བརྩོན་པ། བརྣབ་སེམས་སྤངས་ནས་གཏོང་སེམས་བསྐྱེད་པ། གནོད་སེམས་སྤངས་ནས་ཕན་སེམས་བསྐྱེད་པ། ལོག་ལྟ་སྤངས་ནས་ལས་འབྲས་དང་དཀོན་ མཆོག་ལ་ཡིད་ཆེས་པ་སྟེ། རིན་ཆེན་ཕྲེང་བ་ལས། སྲོག་མི་གཅོད་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །རྫུན་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམ།།

ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །ཞེས་གསུངས་པ་ལྟར་དགེ་བ་བཅུ་དང་། སོ་སོར་ཐར་པའི་སྡོམ་པ། བྱང་ ཆུབ་སེམས་དཔའི་བསླབ་བྱ། གསང་བ་སྔགས་ཀྱི་དམ་ཚིག་སོགས་མྱ་ངན་ལས་འདས་པའི་དགེ་བའི་ཕྱོགས་གང་ཡོང་འགྲུབ་པར་བྱས་ན་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ལས། ཡིད་ལ་ བསམ་པའི་དགེ་བྱས་པས། །གང་དག་གང་དུ་འགྲོ་འགྱུར་པ། །དེ་དང་དེར་ནི་དགེ་བ་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས། འོན་ཏེ་ཐེག་པ་ཆེན་པོའི་ལམ་ ནི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་ངང་ནས་རང་འདོད་ཀྱི་འཁྲི་བ་མ་ཞུགས་པའི་གཞན་ཕན་འབའ་ཞིག་བསྒྲུབ་པ་ལ་གཙོ་བོར་བཏོན་པ་ཡིན་སྟབས་བསྟན་པ་དང་སེམས་ ཅན་གྱི་དོན་དུ་དགོས་པ་བྱུང་ན་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་པས་བག་མི་ཚ་བར་དང་དུ་བླང་བར་བྱ་བ་སྟེ། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བ་རིང་གཟིགས་པས།། བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླངས་ཏེ། །རྨི་ལམ་ནང་བཞིན་དགོས་པ་དེ་སྤྱད་ཀྱང་། །དེ་ལ་ལས་མེད་

རྣམ་པར་སྨིན་པ་མེད། །དེ་བཞིན་ཆགས་མེད་ཡེ་ཤེས་འདི་བསླབས་ཏེ། །མྱ་ངན་འདས་དང་དམ་པ་མཆོག་ཞིར་འགྲོ། །ཞེས་དང་། ཇི་ལྟར་རྨི་ལམ་སྒྱུ་མའི་ རང་བཞིན་དུ། །སྐྱེས་བུ་འདོད་བསྟེན་དེ་ཡང་དེ་འདྲ་སྟེ། །ངོ་བོ་ཉིད་ཀྱིས་སྟོང་ལ་དངོས་པོ་མེད། །ལས་མེད་རྣམ་པར་སྨིན་པ་དེ་ཡོད་མིན། །ཅེས་པ་དང་། དེ་བཞིན་ལུས་དང་ངག་གི་མི་ དགེ་བ་གཞན་ལའང་སྦྱར་ཏེ་གསུངས་སོ། །གང་ལྟར་ཡང་ལས་རྒྱུ་འབྲས་ཀྱི་གཞིའམ་རྩ་བ་ནི། ཡུལ་ཅན་སེམས་ཡོད་ཕན་ཆད་ཡུལ་རྐྱེན་ཡོད་ཅིང་། དེར་བརྟེན་ཡུལ་དང་ཡུལ་ཅན་སོ་ སོར་འཛིན་པ་ལས་བྱུང་བའི་འབྲས་བུ་སྣང་བ་བཟང་ངན་སྣ་ཚོགས་རྟེན་འབྲེལ་ལས་ཤར་བ་ཡིན་ལ། གང་ལྟར་ཤར་ཡང་དོན་ལ་དངོས་པོར་རྡུལ་ཕྲ་རབ་ཙམ་དུའང་མ་གྲུབ་པ་མེད་པ་གསལ་ སྣང་ཙམ་ཡིན་པ་ཐག་ཆོད་དགོས་ཏེ་རྒྱ་བོད་ཀྱི་མཁས་གྲུབ་ཡོངས་ཀྱིས་བསྔགས་པ་མ་ཧཱ་པཎྜི་ཏ་ཆེན་པོ་དྷརྨ་བྷ་དྲ་ནས། རྐྱེན་རྣམས་ཉེ་བར་གནས་བཞིན་དུ། །འབྲས་བུ་སྣང་བར་མི་འགྱུར་ ཞེས། །གང་དུའང་སྐུར་པ་མ་བཏབ་པས། །འདི་ལ་སྐུར་བའི་གནས་མ་མཐོང་། །རྒྱུ་འབྲས་རྟེན་ཅིང་འབྲེལ་ཚུལ་དུ། །སྣང་བ་ཙམ་ལས་མ་གཏོགས་པ། །རྒྱུ་འབྲས་དངོས་པོ་མི་སྒྲུབ་

པས། །འདི་ལ་སྒྲོ་འདོགས་གནས་མ་མཐོང་། །ཞེས་གསུངས་པའི་དོན་མངོན་པར་རྟོགས་པར་བྱས་ཏེ། ལས་འབྲས་བཟང་ངན་ལ་བརྟེན་པའི་འཁོར་འདས་ཀྱི་སྣང་བ་རྟེན་ཅིང་འབྲེལ་འབྱུང་ གི་ཚུལ་དུ་ཤར་བར་བྱེད་པ་ཡུལ་དང་ཡུལ་ཅན་གྱི་སེམས་ཟག་པ་དང་བཅས་པ་ཡོངས་སུ་ཟད་པ་བྱ་དགོས་ཏེ། གང་དུ་ཞེ་ན་རིག་པ་ཐིག་ལེ་ཆེན་པོ་ཉག་གཅིག་གི་ངང་ལས་མི་གཡོ་བ་སྟེ་ཀུན་ མཁྱེན་ཆེན་པོ་ཀློང་ཆེན་པས། ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོངས། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་ཟློས་ འཁོར་འདས་མཉམ་པར་བརྗོད། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །ཞེས་གསུངས་པའི་ཐོག་ཏུ་བཙན་ས་ཟིན་ངེས་པར་བྱ་བ་ཁོ་ནའོ།། །།བཞི་པ་འཁོར་བའི་ཉེས་ དམིགས་དྲན་ནས་ཆོས་ལ་འཇུག་པར་སྨོན་པ་ནི། ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོའི་ངང་༔ དྲན་ནས་བདག་བློ་ཆོས་ལ་འགྱུར་པར་ཤོག༔ ཅེས་པས། དམྱལ་བ་ཡི་དྭགས་ དུད་འགྲོ་སྟེ་ངན་སོང་གསུམ་དང་ལྷ་དང་ལྷ་མ་ཡིན་མི་སྟེ་འགྲོ་བ་རིགས་དྲུག་བསྡུ་ན་ཁམས་གསུམ་དུ་འདུ་བ་སྟེ། གོང་དུ་དལ་བ་བརྒྱད་བསྟན་པའི་སྐབས་སུ་བཤད་པ་དམྱལ་བ་ལ་ཚ་གྲང་།

ཡི་དྭགས་ལ་བཀྲེས་སྐོམས། དུད་འགྲོ་ལ་གླེན་ལྐུག ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད་སོགས་ཀྱི་སྡུག་བསྔལ་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དང་གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་སོགས་འཇིག་རྟེན་པའི་བསམ་གཏན་ལ་ཡུན་རིང་དུ་གནས་ཐུབ་པའི་ལྷ་རྣམས་ཀྱང་འཇིག་རྟེན་ལས་འདས་པའི་ ཆོས་ཉིད་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པ་མ་མཐོང་བས་ནམ་ཟག་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་ནུས་པ་ཟད་པ་ན་སླར་ངན་སོང་ལ་སོགས་འཁོར་བའི་གནས་རིས་དམན་སར་ལྷུང་བའི་སྡུག་ བསྔལ། མི་ལ་སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། ལྷག་པར་དགྲ་སྡང་བ་དང་འཕྲད་པའི་སྡུག་བསྔལ། གཉེན་བྱམས་པ་དང་འབྲལ་བའི་སྡུག་བསྔལ། མི་འདོད་པ་ ཐོག་ཏུ་འབབ་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། སྡུག་བསྔལ་སྔ་མ་མ་སངས་པའི་ཐོག་ཏུ་སྡུག་བསྔལ་ཕྱི་མ་མགོ་འཛུག་པ་སྡུག་བསྔལ་གྱི་སྡུག་བསྔལ། ད་ལྟ་དགའ་བཞིན་སྤྲོ་བཞིན་ཡོད་འཕྲོ་ལ་ད་ལྟ་གློ་བུར་སྡུག་བསྔལ་དུ་ཚུད་པ་འགྱུར་བའི་སྡུག་བསྔལ། ད་ལྟ་སྡུག་བསྔལ་མངོན་གྱུར་དུ་མེད་ཀྱང་ཅི་བསམ་ཅི་བྱེད་ཐམས་ཅད་མ་འོངས་པའི་

སྡུག་བསྔལ་གྱི་རྒྱུ་ཡི་ས་བོན་བཏབ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱི་སྒྲོག་ཏུ་མ་བཅིངས་པའི་འཁོར་བ་གཏན་ནས་ཡོད་པ་མ་ཡིན་པས་དེའི་ཕྱིར། ཁམས་གསུམ་ འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་རྒྱ་ཆེ་ལ་གཏིང་ཟབ་པ་རྒྱ་མཚོ་ལྟ་བུའི་ངང་སྟེ་དེའི་རང་བཞིན་དྲན་པར་བྱས་ནས་བདག་གི་བློ་གཏན་དུ་བདེ་བའི་ས་ལ་ཕྱིན་པ་ཐར་པའི་ལམ་ དམ་པའི་ཆོས་ལ་འགྱུར་བར་ཤོག་ཅིག་པའོ། །དེ་ཡང་ཀུན་བཟང་སྨོན་ལམ་ལས། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡང་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་ མེད་དེ། །དེ་ཉིད་རིག་ན་སངས་རྒྱས་སོ། །ཞེས་གསུངས་པའི་ཐོག་ཏུ་བརྟན་པ་མ་ཐོབ་བར་དུ་དྲན་པ་བརྟེན་དགོས། དེ་ལ་ཀུན་གྱི་གཞི་ནི་འདུས་མ་བྱས། །ཞེས་གསུངས་པ་སྟེ། དེ་ཡང་ མདོ་ལྟར་ན་བག་ཆགས་སྣ་ཚོགས་པའི་ཀུན་གཞི། སྔགས་ལྟར་ན་ཡེ་དོན་གྱི་ཀུན་གཞིའམ། སྦྱོར་བ་དོན་གྱི་ཀུན་གཞི་ལ་སོགས་དབྱེ་བ་འགའ་གསུངས་པ་ཡོད་ཀྱང་། དོན་སྙིང་འདིའི་ སྐབས་ཀྱི་ཀུན་གཞི་ནི་རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་

པས་བག་ཆགས་སྣ་ཚོགས་གསོག་པའི་རྟེན་ཀུན་གཞི་ལ་མི་གོ་བར། གཉིས་མེད་ཡེ་ཤེས་རྒྱ་མཚོའི་རྟེན་གཞི་ཆོས་ཀྱི་སྐུ་ལ་གོ་དགོས། དེའི་ངང་དུ་བརྟན་པ་མ་ ཐོབ་བར་དུ་དྲན་པ་བརྟེན་དགོས་ཏེ། དྲན་པ་མེད་ན་གཏན་གྱི་འདུན་མ་དམ་པའི་ལྷ་ཆོས་འགྲུབ་པ་ལྟ་ཞོག་འཕྲལ་སེལ་འཇིག་རྟེན་གྱི་བྱ་བའང་མི་འགྲུབ་སྟེ་དཔལ་མགོན་ཀླུའི་དབང་པོའི་བཤེས་ པའི་སྤྲིང་ཡིག་ལས། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག། སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་སོགས་གསུངས། དེས་ན་ནམ་ཞིག་ཕ་དམ་པས། དྲན་པ་སངས་པ་ཡེ་ཤེས་ཡིན། །གསུངས་པ་བཞིན་དྲན་ པ་བརྟེན་པའི་ཡུལ་དགེ་བའི་ཆོས་དང་། དྲན་པ་རྟེན་མཁན་གྱི་སེམས་གཉིས་ཀ་གཉིས་མེད་རོ་གཅིག་ཏུ་དག་པའི་ས་ལ་འཁྱོལ་བར་བྱེད་དགོས་པའོ། །དེ་ལྟར་ཐུན་མོང་ཕྱི་ཡི་སྔོན་འགྲོ་དལ་ འབྱོར་རྙེད་དཀའ། ཚེ་མི་རྟག ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་པ་བཞི་ལ་བློ་སྦྱངས་དགོས་པའི་དོན་པོ་བློ་ཞུམ། བག་ཁུམ། འཇིགས་སྐྲག་སྐྱེ། སེམས་སྐྱོ་

བ་སོགས་ཤིན་ཏུ་མི་བཟོད་པའི་སྡུག་བསྔལ་གྱི་བག་ཆགས་སྐྱེ་བ་སྔར་ནས་ད་བར་རི་བོ་བཞིན་དུ་དཔང་མཐོ་ལ་སྲ་ཞིང་འཐས་པ་བསགས་པའི་སྟེང་དུ། ད་དུང་ཚེ་འདིར་སྡུག་བསྔལ་དེ་དག་ བསྐྱར་དུ་གསལ་བཏབ་སྟེ་བསམ་ནས་སྡུག་བསྔལ་གྱི་བསྣོན་མ་ཇེ་འཕེལ་ཇེ་བརྟན་དུ་བཏང་ནས་ཚེ་འདི་ཕྱི་ཚང་མར་སྡུག་བསྔལ་རྒྱུན་མི་ཆད་པས་མནར་ནས་དཔའ་ཞུམ་སྟེ་དུ་སྡོད་དགོས་པའི་ དོན་དུ་གསུངས་པ་མ་ཡིན་གྱི། འཁོར་བའི་སྡུག་བསྔལ་གྱི་མཚན་ཉིད་དེ་དག་དྲན་ནས་འཁོར་བ་ལ་སྙིང་ནས་ཞེ་བསུན་ཏེ། ད་རེས་སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་ཚང་བ་མི་ལུས་རིན་པོ་ཆེ་ ཐོབ་པའི་གོ་སྐབས་བཟང་པོ་འདི་ཆུད་ཟོས་སུ་མི་གཏོང་བར་གཏན་དུ་བདེ་བ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་དགེ་བའི་ཕྱོགས་ལ་སེམས་གཟེངས་བསྟོད་པའི་སླད་དུ་གསུངས་པ་ཡིན་ པས་རང་དྲིན་རང་ལ་ཆེ་བར་བསམས་ཏེ་བྱ་བ་འདི་དང་འདི་ལྟ་བུས་ཆོས་བསྒྲུབ་ཁོམ་མ་བྱུང་བ་སོགས་བསྙད་འདོགས་མི་འཚོལ་བར་ཆོས་གཤའ་མ་ཞིག་བསྒྲུབ་དགོས་པ་ནི། བཅོམ་ལྡན་ འདས་ཀྱིས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱིས། །ཐར་པ་རང་ལ་རག་ལས་ཤེས་པར་བྱ། །ཞེས་གསུངས་པས་ཤེས་སོ། །དེ་ལྟར་བློ་ལྡོག་རྣམ་པ་བཞི་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོ་

ཞེས་བྱ་སྟེ། ཅིའི་ཕྱིར་ན། འཁོར་བ་ལས་ངེས་པར་འབྱུང་ཞིང་། དམ་པའི་ཆོས་ལ་བློ་ཁ་ཕྱོགས་པའི་སླད་དུ་ཉན་རང་བྱང་སེམས་ལ་སོགས་ཐེག་པ་ཐུན་མོང་ ནས་ཉམས་སུ་བླངས་བྱ་ཡིན་པས་དེ་སྐད་དུ་གྲགས་སོ།། །།དེ་ནས་ཐུན་མིན་ནང་གི་སྔོན་འགྲོའི་ཆོས་ལ་དང་པོ་སྐྱབས་འགྲོ་ཡིན། དེ་ཡང་སྐྱབས་ཡུལ་དམན་པ་ནི། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་དག་ལ་བརྟེན་ནས་ནི། ། འཇིགས་པ་ཀུན་ལས་ཐར་མི་འགྱུར། །ཞེས་གསུངས་པ་བཞིན་རི་དང་། ཤིང་དང་། ནགས་ཚལ་དང་། རྒྱལ་པོ་དང་། བློན་པོ་དང་། ཕྱུགས་པོ་དང་། འཇིག་རྟེན་གྱི་ལྷ་དང་གཞི་ བདག་མཐུ་བོ་ཆེ་ལ་སོགས་པ་ནི་སྐྱབས་ཡུལ་དམན་པ་སྟེ། གང་ཞེ་ན་དེ་དག་རང་རང་ཡང་འཇིགས་པ་དང་མ་བྲལ་བའི་ཕྱིར་རོ། །སྐྱབས་ཡུལ་གྱི་མཆོག་དམ་པ་ནི་དཀོན་མཆོག་གསུམ་སྟེ། སློབ་དཔོན་ཆེན་པོ་པདམ་སཾ་བྷ་ཝས། འཁོར་བའི་དཔོན་འདི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་གསུངས། དེ་ཡང་ངོ་བོ་ཡེ་དག་གི་ཆ་

ནས་ཆོས་ཀྱི་སྐུ་དང་། གློ་བུར་སྒྲིབ་དག་གི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ། དེ་ལས་འཕྲོས་པའི་སྤྲུལ་པའི་སྐུ་སྟེ་སྐུ་གསུམ། རྣམ་པ་ཡོན་ཏན་གྱི་ངོས་ནས་སྐུ་གསུམ་སོ་སོར་སྣང་ཡང་། དོན་ལ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུའམ་རྡོ་རྗེའི་སྐུ་སྟེ་སྐུ་བཞི། དྲི་མ་མེད་པས་ཆོས་དབྱིངས་ཡེ་ཤེས། སྲིད་ཞིའི་ཡོན་ཏན་ཐམས་ཅད་མ་འགགས་པར་འཆར་བས་མེ་ལོང་ཡེ་ཤེས། ཡེ་ཤེས་ཀྱི་རོལ་རྩལ་འཁོར་འདས་ཀྱི་རྣམ་པ་ཅི་ལྟར་འཆར་ཡང་དོན་ལ་བཟང་ངན་རྡུལ་ཕྲ་རབ་ཙམ་དུའང་མ་གྲུབ་པ་གནས་ཚུལ་དང་སྣང་ཚུལ་གྱི་ཡོན་ཏན་དག་མཉམ་ཆེན་པོ་ཡིན་པས་མཉམ་ ཉིད་ཡེ་ཤེས། སྲིད་དང་ཞི་བའི་ཆོས་ཁམས་རྒྱ་མཚོ་རྣམ་པར་མི་རྟོག་བཞིན་དུ་མ་འདྲེས་སོ་སོར་དུས་གཅིག་ཏུ་མཁྱེན་པས་སོ་སོར་རྟོག་པའི་ཡེ་ཤེས། གང་ལའང་འབད་རྩོལ་མ་དགོས་པར་ རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་མངའ་དབང་འབྱོར་བས་བྱ་གྲུབ་ཡེ་ཤེས་ཏེ་སྐུ་བཞི་ཡེ་ཤེས་ལྔ། དེ་ཡང་ལོངས་སྐུའི་ཁ་སྦྱོར་ཡན་ལག་བདུན་དུ་སྦྱར་ན། སྟོན་པ་ངེས་པ་རིགས་ ལྔའི་ཁྱབ་བདག་རྡོ་རྗེ་འཆང་། འཁོར་ངེས་པ་འཁོར་གྱི་ཚུལ་དུ་སྣང་ཡང་དོན་ལ་སྟོན་པའི་དགོངས་པ་དང་ཐ་མི་དད་པ་རྒྱལ་ཚབ་ཞི་ཁྲོ་རིགས་ལྔ་དང་། འབྲས་བུའི་སེམས་དཔའ་སེམས་མ།

ཆོས་ངེས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འབའ་ཞིག དུས་ངེས་པ་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། གནས་ངེས་པ་འོག་མིན་གྱི་ཞིང་ ཁམས་རྣམ་པར་དག་པ་སྟེ་ངེས་པ་ལྔ་དང་ལྡན་པའི་ལོངས་སྤྱོད་ཀྱི་ཡོན་ཏན་ཟད་མི་ཤེས་པ་ལ་རྟག་ཏུ་རྫོགས་པར་སྤྱོད་པ། རྣམ་པ་ཐམས་ཅད་པར་སྣང་བའི་ཡབ་སྟོང་པ་ཆེན་པོ་རྣམ་ཀུན་ མཆོག་ལྡན་གྱི་ཡུམ་དང་རྟག་ཏུ་གཉིས་སུ་མེད་པར་སྦྱོར་བས་ཁ་སྦྱོར། སྐུ་ཡི་བ་སྤུའི་ཁུང་བུ་ཚུན་ཆད་ཟག་པ་མེད་པའི་བདེ་བ་ཆེན་པོས་ཡོངས་སུ་གང་བ། གདོས་པ་ཟག་པ་དང་བཅས་པའི་ ལུས་མ་ཡིན་པ་སྣང་སྟོང་ཟུང་འཇུག་གི་སྐུ་སྣང་ལ་རང་བཞིན་མེད་པ། རང་སྣང་ཡེ་ཤེས་རོལ་པའི་རྩལ་གདུལ་བྱ་སེམས་ཅན་རྣམས་ལ་གཟིགས་པས་སྙིང་རྗེས་ཡོངས་སུ་གང་བ། སྐུ་དང་ ཡེ་ཤེས་ཀྱི་ཕྲིན་ལས་ནམ་ཡང་ཟད་པ་མེད་པས་རྒྱུན་མི་ཆད་པ། གདུལ་བྱ་གང་ལ་གང་འདུལ་གྱི་ཕྲིན་ལས་འབད་རྩོལ་མེད་པར་འབྱུང་བས་འགོག་པ་མེད་པ་སྟེ་ཁ་སྦྱོར་ཡན་ལག་བདུན། དེ་ལྟར་གཟུགས་སྐུ་ཤིན་ཏུ་རྣམ་པར་དག་པ་ལོངས་སྤྱོད་རྫོགས་སྐུའི་བྱིན་རླབས་ལས་རང་བྱུང་བ་སངས་རྒྱས་སྤྲུལ་པའི་སྐུ་ཡི་ཡོན་ཏན་ནི་མ་ངེས་པ་ལྔ་དང་ལྡན་པར་མཛད་པ་སྟེ། དེ་ལ་སྟོན་

པ་མ་ངེས་པ་དག་དང་མ་དག་པའི་གདུལ་བྱའི་ཁམས་དང་འཚམས་པའི་སྐུ་ཅིར་ཡང་སྤྲུལ་པ། འཁོར་མ་ངེས་པ་གདུལ་བྱའི་གང་ཟག་དབང་པོ་དང་ཁམས་མ་ངེས་པ་སྣ་ཚོགས་པར་སྣང་བ། ཆོས་མ་ངེས་པ་གདུལ་བྱའི་བློ་དང་འཚམས་པའི་ཐེག་པ་མཐོ་དམན་གྱི་བྱེ་བྲག་སྣ་ཚོགས་གསུངས་པ། གནས་མ་ངེས་པ་གདུལ་བྱ་འདུལ་བའི་དུས་ལ་བབས་ན་རིགས་དྲུག་གི་གནས་གང་ དུའང་བྱོན་པ། དུས་མ་ངེས་པ་གདུལ་བྱའི་བློ་དང་འཚམས་པ་སྔ་ཕྱི་བར་གསུམ་ལ་སོགས་པའི་དུས་སྣ་ཚོགས་པར་སྣང་བར་མཛད་པའོ། །གཞན་ཡང་སྐུ་གསུམ་གྱི་ངོ་བོ་དང་རོལ་པའི་ཁྱད་ པར་གང་ཞིག་ཡིན་ནམ་སྙམ་ན་ཀུན་མཁྱེན་ཆེན་པོའི་གསུང་ལས་འདི་སྐད་དུ་དེ་ཡང་ཆོས་སྐུའི་ངོ་བོ་སྟོང་པ་ཟང་ཐལ་བའི་རིག་པ། རོལ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ། ལོངས་ སྐུའི་ངོ་བོ་རང་བཞིན་གསལ་བའི་ལྷུན་གྲུབ། རོལ་པ་མཚན་དཔེས་བརྒྱན་པའི་རིགས་ལྔ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་གཞིའི་ཆ། རོལ་པ་གང་ལ་གང་འདུལ་དུ་ སྣང་བའི་སྟོན་པ་སྟེ་སྐུ་གསུམ་དང་རོལ་པ་ཕྱེད་པར་གཅེས་སོ། །མ་ཕྱེད་ན་སྐུ་གསུམ་ངོ་བོ་གཅིག་པས་སྤྲུལ་སྐུ་དང་ལོངས་སྐུ་གདུལ་བྱ་ལ་སྣང་བ་ལྟར་ཆོས་སྐུ་སྣང་བར་ཐལ་བ་དང་།

ཆོས་སྐུ་མི་སྣང་བ་ལྟར་གཟུགས་སྐུ་གཉིས་གདུལ་བྱ་ལ་སྣང་བ་མི་སྲིད་པར་ཐལ་བའི་སྐྱོན་ཡོད་དེ། ངོ་བོ་གཅིག་ཡིན་པའི་ཕྱིར་རོ་ཞེས་གསུངས། དེ་ལྟར་ སྐྱབས་བླ་ན་མེད་པ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་སངས་རྒྱས་དང་། ཆོས་རྗོད་བྱེད་སྒྲ་དང་མིང་ཚིག་བརྡ་དང་ཡི་གེའི་རང་བཞིན་ལ་སོགས་པར་སྣང་བ་ལུང་གི་ཆོས་དང་། ལུང་གི་ཆོས་ ལ་བརྟེན་ནས་གང་ཟག་གི་རྒྱུད་ལ་རྟོགས་པའི་ཡེ་ཤེས་སྐྱེས་པ་རྟོགས་པའི་ཆོས་དང་། དེ་ལྟར་ལུང་དང་རྟོགས་པའི་ཆོས་དགེ་བ་ཁོ་ནའི་ཕྱོགས་ལ་འདུན་པ་དགེ་འདུན་ཏེ་སྐྱབས་ཡུལ་དཀོན་ མཆོག་གསུམ་མོ། །དེ་ཡང་རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་ སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཅེས་མཐར་ཐུག་གི་སྐྱབས་ཡུལ་སངས་རྒྱས་ཆོས་སྐུ་འབའ་ཞིག་ལས་ཆོས་དང་དགེ་ འདུན་གཉིས་མིན་པར་གསུངས་པའི་དགོངས་པ་ནི། ནམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ན་སྔ་མའི་ལུང་གི་ཆོས་རྣམས་རང་བཞིན་གྱིས་སྤང་བའི་ཕྱིར་དང་། བྱང་སེམས་ཉན་རང་ལ་སོགས་

སློབ་པ་ལམ་དུ་ཞུགས་པ་རྣམས་ཀྱི་རྟོགས་པའི་ཆོས་རྣམས་སངས་རྒྱས་ཀྱི་ས་མ་ཐོབ་བར་དུ་གོང་ནས་གོང་དུ་བོགས་དབྱུང་དུ་ཡོད་པས་ན་མི་རྟག་པར་བསླུ་བའི་ཕྱིར་དང་། དགེ་འདུན་དེ་དག་ རང་ཡང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་མ་དག་པས་སངས་རྒྱས་ཀྱི་ས་ལ་མ་ཕྱིན་པའི་བར་དུ་ལམ་ལ་བརྟེན་དགོས་པས་མཐར་ཐུག་པ་མེད་པའི་ཕྱིར་དང་། སངས་རྒྱས་ལ་ མ་བརྟེན་པར་རང་སའི་སྒྲིབ་པ་རྣམས་སྤང་མི་ཐུབ་པས་འཇིགས་པ་དང་བཅས་པའི་ཕྱིར་གསུངས་པ་ཡིན་ལ། གསང་སྔགས་བླ་ན་མེད་པའི་ལུགས་སུ་བྱས་ན་ཆོས་དང་དགེ་འདུན་གཉིས་ཀྱང་ ཡོངས་སུ་དག་པ་སངས་རྒྱས་དང་དབྱེར་མ་མཆིས་པ་སྟེ། ཅིའི་ཕྱིར་ན་སྐྱབས་ཡུལ་དཀོན་མཆོག་གསུམ་ནི་རྩ་བ་གསུམ་སྟེ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་སངས་རྒྱས་ཆོས་སྐུ། དེའི་ཡོན་ཏན་གྱི་སྣང་བ་གསུང་དམ་པའི་ཆོས་ཡི་དམ་ལོངས་སྐུ། དེ་ལྟ་བུའི་ཟག་པ་མེད་པའི་དགེ་བ་ལ་ཐུགས་རྟག་ཏུ་འདུན་པས་དགེ་འདུན་ནམ་མཁའ་འགྲོ་སྟེ་དཀོན་མཆོག་གསུམ་དངོས་ རྩ་བ་གསུམ་དང་། ལྷ་ཞི་དྲག་ཕོ་མོ་ལ་སོགས་པ་རྣམ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཇི་ལྟར་སྣང་བ་དེ་དག་ཐམས་ཅད་ངོ་བོ་སངས་རྒྱས་ཀུན་འདུས་བླ་མ་དང་བླ་མའི་རྣམ་རོལ་འབའ་

ཞིག་ཏུ་བལྟ་བ་ལས་དམན་པར་ལོགས་སུ་བཞག་ཏུ་མེད་དོ། །གཞན་ཡང་བླ་མའི་སྐུ་ནི་ཚོགས་གཉིས་གསོག་པའི་ཞིང་གི་མཆོག་བླ་ན་མེད་པ་ཡིན་པས་དགེ་ འདུན། བླ་མའི་གསུང་ནི་ལས་ཉོན་གྱི་ཚ་གདུང་སེལ་བའི་བདུད་རྩི་ཡིན་པས་དམ་ཆོས། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས། གཉིས་ཆོས་ཀྱི་དྲི་མ་སངས་ཤིང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་ པས་སངས་རྒྱས་སོ། །ཞེས་གསུངས་པ་ལྟར་བླ་མའི་ཐུགས་ནི་སངས་རྒྱས་ཏེ་བླ་མའི་སྐུ་གསུང་ཐུགས་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་ཚང་བའོ། །དེ་ཡང་ འཕྲོས་དོན་དུ་ཡི་དམ་ཞེས་ཟེར་བའི་དོན་གང་ཞིག་ཡིན་སྙམ་ན། བླ་མ་དང་མཁའ་འགྲོ་གཉིས་ལས་གུད་དུ་ཕྱེས་པའི་ལྷ་བྱེ་བྲག་རང་མཚན་པ་ཞིག་ལ་མི་གོ་བར་རང་གི་རྩ་བའི་བླ་མ་ནས་ཁྱེད་ ཀྱིས་བྱང་ཆུབ་བསྒྲུབ་པའི་ལྷ་སྐལ་འདི་གྱིས་ལ་སྒྲུབས་ཤིག་ཅེས་ལུང་བསྟན་པའམ། ཡང་ན་དཀྱིལ་འཁོར་གང་དུ་དབང་གང་ཞིག་བསྐུར་བའི་སྐབས་ན་རིགས་ཀྱི་མེ་ཏོག་འདོར་བའི་ཚེ་ རིགས་ལྔའི་ཚོམ་བུའི་ནང་གི་རིགས་ཀྱི་རྟགས་གང་ལ་ཕོག་པའི་ལྷ་དེ་རང་དང་ལས་འབྲེལ་ཡོད་པས་འགྲུབ་ཐག་ཉེ་བ་ཡིན་གཤིས་ལྷ་དེ་ཉིད་ཁོ་ན་ལ་ལྷའི་རིགས་གཞན་ཀུན་འདུས་པ་ཤེས་པར་

བྱས་ཏེ་བྱང་ཆུབ་བར་དུ་མི་བཏང་བར་ཡི་དམ་དུ་བཅས་ནས་བསྒྲུབ་དགོས་པའི་དོན་ཡིན་གྱི། ཡི་དམ་དེ་བླ་མ་དང་མཁའ་འགྲོ་ལས་གུད་དུ་བཟང་བར་ཕྱེས་ནས་བསྒྲུབ་པ་ལྟ་བུ་མིན་ལ། དེས་ན་བླ་མ་ཞི་དྲག་གམ། མཁའ་འགྲོ་ཞི་དྲག་གང་ཞིག་ཡིན་རུང་འདྲ་སྟེ་བླ་མས་ལུང་བསྟན་པའམ། རིགས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་བསྒྲུབ་པ་ལ་ཡི་དམ་ཟེར། དཔེར་ན་བླ་མ་རྡོ་རྗེ་ སེམས་དཔའ་བསྒྲུབ་པ་ལ་དམ་བཅས་པ་ཡིན་ན་དེ་ཡི་དམ་ཡིན། དེ་བཞིན་དུ་བླ་མ་རྡོ་རྗེ་གཞོན་ནུ། ཡི་དམ་རྡོ་རྗེ་གཞོན་ནུ། མཁའ་འགྲོ་རྡོ་རྗེ་ཕག་མོ། ཡི་དམ་རྡོ་རྗེ་ཕག་མོ། བླ་མ་ཡེ་ ཤེས་ཀྱི་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོ་ཡི་དམ་ཡང་ཡིན་ལ་མཁའ་འགྲོ་ཡང་ཡིན་པ་ལྟ་བུའོ། །ནན་ཏན་དུ་གསལ་བཤད་བྱས་ན་སྔགས་ལུགས་སུ་དཀོན་མཆོག་གསུམ་རྩ་བ་གསུམ་དུ་ འདུས་པར་བསྟན་པའི་སྐབས་སུ་སངས་རྒྱས་ཀྱི་རྣམ་པའི་ཡོན་ཏན་མ་འདྲེས་པར་སྟོན་པའི་དོན་ཡིན་ཏེ། དཔེར་ན་རྒྱལ་བ་རིགས་ལྔ་ཞེས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་རིགས་ ཐམས་ཅད་རིགས་ལྔར་བསྡུས་པ་དང་། རིགས་རེ་རེའི་ནང་རིགས་གཞན་བཞིའི་ཡོན་ཏན་མ་ཚང་བ་མེད་པ་འདུ་བ་དང་། ཡང་རིགས་རེ་རེར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་

སུ་དབྱེ་བས་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔར་དབྱེ་བ་དང་། དེ་དག་ལས་རིགས་བརྒྱ་སྟོང་བྱེ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པར་དབྱེ་བའང་རྣམ་པའི་ཡོན་ཏན་ རྣམ་པ་ཐམས་ཅད་པར་འཆར་བ་ལ་བསྔགས་པ་སྟེ་ཇི་སྐད་དུ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་ དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཆེ་བའི་ཡོན་ཏན་གཟུགས་ སྐུའི་སྐུ་དང་ཞིང་ཁམས་རྣམ་པ་ཐམས་ཅད་པར་སྣང་བའི་སྐབས་སུ་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པར་སྣང་བ་ལས་ལྷ་ཡི་མཚན་དུ་སོ་སོར་བརྗོད་ཀྱི་དོན་ལ་བཟང་ངན་སྤུ་རིས་འབྱེད་པ་ མ་ཡིན་ནོ། །སྤྱིར་སྔགས་ཀྱི་ལུགས་སུ་ལྷ་ཡི་མིང་མང་པོ་འབྱུང་བ་ཐམས་ཅད་བསྡུས་ན་འཇིག་རྟེན་པའི་ལྷ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་ཡི་མཚན་གྱི་ནང་དུ་འདུ་ཞིང་། ལྷ་ཞེས་བྱ་བའི་མིང་གི་དོན་ནི། ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། མི་འཆི་དཔའ་དང་ལྷག་པར་བརྟན། །འདོད་དོན་སྟེར་དང་ཞི་བ་དང་། །ལུས་གནས་ཕན་པ་བསྒྲུབ་པ་དང་། །བཀུར་

བར་འོས་ཕྱིར་ལྷ་ཞེས་བྱ། །ཞེས་ཨ་བྷི་དྷ་ན་ཞེས་བྱ་བའི་གཙུག་ལག་ལས་བྱུང་བ་ལྟར་འདིར་ཡང་གང་དུ་རིགས་པའི་སྐབས་དེར་ལྷར་སྦྱར་བར་བྱའོ་ཞེས་གསུངས་པ་ལྟར་རོ། །རྫོགས་པ་ ཆེན་པོའི་ལུགས་སུ་གཉིས་སུ་མེད་པ་རང་བྱུང་ཡེ་ཤེས་ཀྱི་ལྷ་དག་པ་གཉིས་ལྡན་སངས་རྒྱས་ཉག་གཅིག་གི་སྐུ་དང་ཞིང་ཁམས་སུ་འདུ་ཞིང་། ལྷ་ཡི་རྣམ་པ་ཇི་སྙེད་པ་ཐམས་ཅད་དེ་ལས་ འཕྲོས་པ་དེ་བཞིན་གཤེགས་པའི་རྣམ་རོལ་འབའ་ཞིག་ཡིན་ཕྱིར་ཡི་དམ་གྱི་ལྷ་སངས་རྒྱས་ཉག་གཅིག་ཡིན་པ་སྨོས་ཅི་དགོས། བྱ་བའི་རྒྱུད་དུ་ཆོས་ཉིད་ཀྱི་ལྷ་ཞེས་གསུངས་པ་དང་། རྣམ་དག་དབྱིངས་ཀྱི་ལྷ་ཞེས་གསུངས་པ་རྣམས་ཀྱང་རྣམ་པར་དག་པ་ཁོ་ན་ཡིན་པར་བལྟ་དགོས་པ་ནི། ལྟ་བའི་བརྗེད་བྱང་ཆེན་མོ་ལས། བྱ་བའི་རྒྱུད་ཀྱི་ལྷར་ལྟ་བའང་ཆོས་ཉིད་དག་པའི་སྒོ་ ནས་ལྷར་ལྟ་ཞེས་གྲགས་ཏེ། དེ་ཡང་བདེན་པ་གཉིས་དབྱེར་མེད་པར་ལྟ་བའི་མཐུས་གྲུབ་སྟེ། ཆོས་ཉིད་སངས་རྒྱས་ཡིན་ན་ཆོས་ཅན་སངས་རྒྱས་མ་ཡིན་པར་མི་རུང་སྟེ། ཆོས་ཅན་གྱི་ངོ་ བོ་ཆོས་ཉིད་ཡིན་པའི་ཕྱིར་ཞེས་གསུངས། དེ་ལྟར་བླ་མ་སངས་རྒྱས་ཀུན་འདུས་སམ་དཀོན་མཆོག་ཀུན་འདུས་ཞེས་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་

ལྟར་ན་སྐུ་གསུམ་སོགས་སྣང་ཆའི་ཡོན་ཏན་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་དང་། དོན་ལ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་སྐུ་གསུམ་ སྐུ་ལྔ་རིགས་ལྔ་ཡེ་ཤེས་ལྔ་སོགས་ཇི་ལྟར་སྤྲོས་ཀྱང་རུང་སྟེ་སྐྱབས་ཡུལ་གྱི་མཆོག་དམ་པ་ཡིན་ནོ། །ཡང་སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་ཐུབ་པའི་བློ་གྲོས་ཀྱི་མཐུ་ ཆུང་ཡང་། དད་པ་དང་ལྡན་པའི་བློ་གསར་བུ་བ་རྣམས་ནས། སྐྱབས་ཡུལ་དཀོན་མཆོག་གསུམ་དད་པ་དང་འདུན་པས་བཞག་པའི་ཡུལ། སངས་རྒྱས་རྣམས་ཀྱི་སྐུ་གཟུགས་རི་མོར་བྲིས་ པའམ། འབུར་དུ་དོད་པ་ལ་སོགས་སྐུ་རྟེན་གྱི་རིགས་དང་། དམ་པའི་ཆོས་ཀྱི་རྟེན་ཡི་གེའི་གླེགས་བམ་དུ་སྣང་བ་རྣམས་དང་། དགེ་འདུན་སོ་སོའི་སྐྱེ་བོ་ཆོས་ལ་ཞུགས་པ་རྣམས་ཏེ། དེ་དག་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་བཀུར་སྟི་བྱས་ནས་སྐྱབས་སུ་འགྲོ་བའོ། །སྐྱབས་སུ་འགྲོ་བའི་དོན་ནི། སྐྱེས་བུ་བློ་ཆུང་ངུ་རྣམས་ངན་སོང་ལ་འཇིགས་ནས་ཚེ་འདིར་ བདེ་ཞིང་། ཕྱི་མ་ལྷ་དང་མིའི་གོ་འཕང་ཐོབ་པའི་ཆེད་དུ་འགྲོ། སྐྱེས་བུ་འབྲིང་པོ་རྣམས་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་རང་དོན་ཞི་བདེའི་གོ་འཕང་དོན་དུ་གཉེར་བའི་ཆེད་དུ་འགྲོ།

སྐྱེས་བུ་ཆེན་པོ་རྣམས་ནི་རང་དོན་དུ་སྲིད་པ་ཕྱོགས་གཅིག་ལ་མི་གནས་པར་ཞི་བའི་གོ་འཕང་ཐོབ་པ་དང་། གཞན་དོན་དུ་ཞི་བ་ཕྱོགས་གཅིག་ལ་མི་གནས་པར་སྲིད་པ་ན་འགྲོ་བའི་དོན་བྱེད་པ་ ལ་དམིགས་པ་སྟེ་མཐའ་གཉིས་ལ་མི་གནས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བས་འགྲོ། སྔགས་ལུགས་ལྟར་ན་སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ལྷ་ཡི་དཀྱིལ་ འཁོར་དུ་སད་པའི་བར་དུ་འགྲོ་བའོ། །མདོར་བསྡུ་ན་བི་མ་ལ་མི་ཏྲས། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །ཞེས་གསུངས་པས་ཐེག་པ་ཆེན་པོའི་ལུགས་སུ་ངན་སོང་ལ་འཇིགས་པ་ཙམ་ མ་ཡིན་པར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་སྲིད་དང་ཞི་བའི་འཇིགས་པ་གང་ཡོད་པ་དྲན་ཞིང་། མཐར་ཐུག་པའི་མྱ་ངན་ལས་འདས་པའི་མཆོག་གང་ཡིན་པ་དྲན་ནས་དཀོན་ མཆོག་ལ་སྐྱབས་སུ་འགྲོ་བའོ། །སྐྱབས་འགྲོའི་སྡོམ་པ་ནི་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་སུ་བཞུགས་པ་ལས་བླངས་ཤིང་། དེ་ལས་ཉིན་རེར་ལན་གསུམ་རེ་ དང་། མཚན་རེར་ལན་གསུམ་རེ་སྟེ་དུས་དྲུག་གམ། ཐ་ནའང་ཉིན་རེར་དུས་གསུམ་རེ་མ་ཆག་པར་སྐྱབས་འགྲོའི་དོན་བསམ་བཞིན་ངག་ནས་གང་ལྕོགས་འདོན་པའོ། །སྐྱབས་འགྲོའི་

དགག་པའི་བསླབ་བྱ་གསུམ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་འགོད་ནུས་པའི་ཡོན་ཏན་ཚད་མེད་པ་མངའ་བ་སངས་རྒྱས་ལ་སྐྱབས་སུ་སོང་ཕྱིན་ ཆད། གཏན་དུ་བདེ་བའི་ལམ་སྟོན་པར་མི་ནུས་པའི་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ་བ་དང་། ཕན་བདེ་མ་ལུས་པ་འབྱུང་བ་དམ་པའི་ཆོས་ལ་སྐྱབས་སུ་སོང་ཕྱིན་ཆད་འཚེ་བ་ཆོས་སུ་ སྨྲ་བའི་ཆོས་ལུགས་ལོག་པའི་གྲུབ་མཐའ་མི་འཛིན་པ་ཙམ་དུ་མ་ཟད། སེམས་ཅན་ལ་འཚེ་བ་རྣམ་པ་ཀུན་ནས་སྤོང་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ཕྱིན་ཆད་ནང་པ་སངས་རྒྱས་པ་ དང་ལྟ་བ་མི་མཐུན་པ་དང་། ལྷག་པར་ནང་པའི་བསྟན་པ་ལ་སྡང་བར་བྱེད་པའི་མུ་སྟེགས་པ་རྣམས་དང་འགྲོགས་པར་མི་བྱ་སྟེ་མདོ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་ བ༑ ༑དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་ འདུན་ལ་ནི་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་དང་། སྐྱབས་འགྲོའི་བསྒྲུབ་པའི་བསླབ་བྱ་གསུམ་ནི། རྒྱལ་བའི་སྐུ་རྟེན་རྣམ་པ་བཟང་ངན་ཅི་

ལྟར་ཡིན་ཡང་རུང་སངས་རྒྱས་དཀོན་མཆོག་གི་རྟེན་དུ་འདུ་ཤེས་བཞག་སྟེ་གུས་ཤིང་བཀུར་སྟི་བྱ་བ་ལས་ས་རྡོ་ལ་སོགས་པ་ལྟར་ཕལ་པའི་དངོས་པོར་མི་བལྟ་སྟེ་བཤེས་སྤྲིང་ལས། ཇི་ལྟར་ བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས། དེ་བཞིན་དམ་པའི་ཆོས་ཀྱི་ཚིག་འདོན་ཡོངས་སུ་རྫོགས་པ་སྟོན་པའི་ གླེགས་བམ་རྣམས་ལ་བཀུར་སྟི་བྱ་བ་སྨོས་ཅི་དགོས། ཐ་ན་ཚིག་དོན་ཡོངས་སུ་ཚང་བ་མ་བཞུགས་པའི་དཔེ་ཆའི་རས་མ་ཚལ་བུ་ཙམ་ལའང་བརྙས་པར་མི་བྱ་བར་གུས་པར་བྱ་བ་གལ་ཆེ་བ་ ནི། སྙན་གྱི་དགོངས་རྒྱན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་གསུངས་པས་སོ། །དགེ་ འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་རྣམ་པ་ལྟར་སྣང་ལ་བཟང་ངན་ཇི་ལྟར་སྣང་ཡང་རུང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་པ་ལས་ནམ་ཡང་བརྙས་པར་མི་བྱ་སྟེ། ལྷག་ བསམ་བསྐུལ་བའི་མདོ་ལས། རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པ་ཡོངས་མི་བྱ། །ཞེས་གསུངས་སོ། །དེ་བཞིན་སྔགས་ཉམས་སུ་ལེན་མཁན་གང་ཟག་

རྣམ་པ་དགེ་ཚུལ། དགེ་སློང་། དགེ་ཚུལ་མ། དགེ་སློང་མ། དགེ་བསྙེན། སྔགས་འཆང་གོས་དཀར་ལྕང་ལོ་ཅན། ཁྱིམ་པ་ཕོ་མོ་དཀྱུས་མའི་རྣམ་པ་ སོགས་མཐོང་ཚུལ་ལ་ཇི་ལྟར་སྣང་ཡང་རིག་འཛིན་ནང་གི་དགེ་འདུན་ཞེས་གསུངས་པས་གུས་ཤིང་བཀུར་སྟི་བྱ་བའི་འོས་སུ་གྱུར་པ་དང་། མདོར་ན་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་ པོས། འོན་ཀྱང་ཡེ་ཤེས་ལྡན་པ་གཙོ་བོར་ཟུངས། །ཞེས་གསུངས་པའི་དོན་ལ་ངེས་ཤེས་བརྙེས་པར་བྱས་ཏེ་སྐྱབས་ཡུལ་དུ་བཟུང་བར་བྱའོ། །སྐྱབས་འགྲོའི་ཕན་ཡོན་ནི། ནང་པ་སངས་ རྒྱས་པའི་གྲལ་དུ་ཚུད་ཅིང་། ངན་སོང་དུ་མི་ལྷུང་བ། འཁོར་བའི་སྡུག་བསྔལ་ཅི་རིགས་པ་ལས་སྐྱོབ་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ འཐོབ་པ་སོགས་ཕན་ཡོན་ཚད་མེད་པ་ནི། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །ཞེས་དང་། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་ འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་ཉི་མའི་སྙིང་པོའི་མདོ་སོགས་

ལས་གསུངས་པ་ལྟར་རོ། །ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ་ནི། སྤྱིར་བཏང་ཡན་ལག་བདུན་པའི་སྐབས་སུ་ཡིན་ཀྱང་། སྐྱབས་འགྲོའི་ཚིག་དང་སྦྲགས་ཏེ་བཙལ་བའི་སྲོལ་ཀྱང་མང་དུ་ འབྱུང་བ་བཞིན་སྔོན་འགྲོ་བསྡུས་པ་འདིར་ཡང་དེ་བཞིན་གསུངས་པས། དེ་ལྟར་ན་སྐྱབས་འགྲོའི་ཚིག་རྐང་གཉིས་རེ་ཚར་བ་དང་། ཕྱག་རེ་འཚལ་བར་བྱས་ན་ལུས་ངག་གི་བྱ་བ་ཆབས་ཅིག་ ཏུ་སྟབས་འགྲིགས་བདེ་བར་མངོན་པས། དེ་ལྟར་བྱས་ན་འབུམ་ལྔ་སོགས་གྲངས་གསོག་སྐབས་སྐྱབས་འགྲོ་འབུམ་ཐོན་སྐབས་ཕྱག་ཀྱང་འབུམ་ཆབས་ཅིག་ཏུ་ཐོན་ཐུབ་པ་ཡིན། ཡང་སེམས་བསྐྱེད་ ཀྱི་ཚིག་རྐང་གཉིས་བསྣན་པས་ཚིག་རྐང་བཞི་རེ་ཚར་བ་དང་ཕྱག་རེ་བཙལ་བར་བྱས་ན་སྐྱབས་སེམས་ཕྱག་འབུམ་དང་བཅས་འབུམ་རེ་ཆབས་གཅིག་ཏུ་འགྲུབ་ཐུབ་པ་ཡིན་ནོ། །ད་སྐབས་ཀྱི་བསྒོམ་ དོན་སྐྱབས་ཡུལ་ཚོགས་ཞིང་ཀུན་འདུས་ནོར་བུའི་ལུགས་སུ་གསལ་གདབ་པ་ལ་བྱིན་རླབས་ཀྱི་བབས་ཆེ་བའི་ཕྱིར་ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ཟབ་གསང་མཁའ་འགྲོའི་སྙིང་ ཐིག་གི་ཁྲིད་རིམ་ཐར་ལམ་སྣང་སྒྲོན་ལས་འདི་སྐད་དུ། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བདེ་ལུགས་སུ་འཁོད། སེམས་རྣལ་དུ་ཕབ་ལ་དམིགས་པ་འདི་ལྟར་བསྒོམ་སྟེ།

རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཡངས་ཤིང་། རྒྱ་ཆེ་ལ་ཁོད་སྙོམས་པ། མནན་ན་ནེམ་ཞིང་བཏེགས་ན་འཕར་བ། བདུད་ རྩིའི་ཆུ་ཀླུང་། དཔག་བསམ་གྱི་ལྗོན་ཤིང་། མེ་ཏོག་སྣ་ཚོགས་དང་། གུར་གུམ་རྩ་ལྗང་གཞོན་ནུའི་ནེའུ་གསེང་གིས་གཏམས་པ་ལ་ཅང་ཤེས་སྤུ་སྡུག་ངོམ་པའི་རི་དྭགས་སྣ་ཚོགས་བག་ ཕེབས་པར་རྒྱུ་བ་སོགས་མདོར་ན་ཞིང་ཁམས་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཤིན་ཏུ་མཛེས་ཤིང་ཉམས་དགའ་བའི་རང་བཞིན་ཅན་དུ་བསམ། དེའི་དབུས་སུ་དྲི་མེད་དྷ་ན་ཀོ་ ཤའི་ཆུ་མཚོ་ཡན་ལག་བརྒྱད་དང་ལྡན་པ་འཁྱིལ་བ་ལ་ལྷའི་བྱ་སྐད་སྙན་སྒྲོགས་པ་དུ་མས་གང་ཞིང་། མཚོ་མཐའ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་བུ་དང་། གསེར་གྱི་བྱེ་མས་ཁེབས་པ། མཚོ་དཀྱིལ་དུ་རིན་པོ་ཆེ་ལས་གྲུབ་པའི་པདམའི་སྡོང་པོ་རྩ་བ་གཅིག་ལ་ཡལ་ག་དང་ལོ་འདབ་ཕྱོགས་བཅུར་རྒྱས་པས་ནམ་མཁའི་ཁྱོན་གང་བ། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་རབ་ ཏུ་དུད་པ། ཕན་ཚུན་གསེར་གྱི་ཐ་གུས་བྲེས་པ། མེ་ཏོག་གི་ཆུན་འཕྱང་དང་ཁ་དོག་སྣ་ཚོགས་པའི་དར་དཔྱངས། རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ། གསེར་དངུལ་གྱི་དྲིལ་གཡེར་ལ་

སོགས་པས་མཛེས་པར་སྤྲས་པ་ལས་རླུང་གཡོས་པ་ཙམ་གྱིས་ཆོས་ཀྱི་སྒྲ་སྐད་ལྷང་ལྷང་སྒྲོག་པ། དེའི་དབུས་ཀྱི་སྙིང་པོ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ ཡངས་པའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གེ་སར་ཟེ་ཕོན་རྒྱས་པའི་སྟེང་དུ་ཉི་ཟླ་བརྩེགས་པའི་གདན་དང་བཅས་པ་གསལ་བཏབ། དེའི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ འདུས་པའི་སྤྱི་གཟུགས་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་གུ་རུ་སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། སྐུ་མདོག་དཀར་དམར་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ། གཞོན་ནུ་ལོ་ བརྒྱད་ལོན་པའི་ལང་ཚོས་མཛེས་པ། ཞལ་ཁྲོ་འཛུམ་གཟི་མདངས་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་པུས་མོ་གཡས་པའི་སྟེང་ནས་བསྡིག་སྟབས་སུ་འཛིན་ཅིང་། གཡོན་ མཉམ་བཞག་བདུད་རྩིའི་ཐོད་ཞལ་ཚེ་བུམ་དང་བཅས་པ་བསྣམས་པ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཀ་མཐིང་ནག ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། ཟ་འོག་དབང་མདོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་བ། དབུ་ལ་ཤ་བའི་སྙན་ཞུ་རྒོད་ལྡེམ་དར་སྣས་བརྒྱན་པས་བརྗིད་པ། མཆན་ཁུང་གཡོན་དུ་ལྷ་ལྕམ་སྦས་པའི་ཚུལ་གྱི་ཁ་ཊྭཱཾ་ཀ་

འཆང་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་ཟེར་འོད་ཕུང་དྭངས་མར་འཁྲིགས་པའི་ཀློང་དུ་རོལ་པ། ཐུགས་དགྱེས་ཤིང་བརྩེ་བ་བདག་ སོགས་ལ་དགོངས་པས་ཕྱོགས་ཏེ་བཞུགས་པར་བསམ། ཞེས་འབྱུང་བ་བཞིན་གསལ་བཏབ། ཁྲིད་གཞུང་དུ་པདྨའི་སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ཕྱོགས་བཞི་དབུས་ལྔར་གྱེས་པ་ཞེས་ འབྱུང་བ་ཕྱོགས་བཞིའི་ཡལ་ག་རྣམས་ཚོགས་ཞིང་ལྷ་ཚོགས་རྒྱས་པ་སྔོན་འགྲོ་རྒྱས་པའི་གཞུང་དུ་འབྱུང་བ་ལྟར་གསལ་བའི་དོན་དུ་གྲངས་ངེས་སུ་གསུངས་པ་ཡིན་ལ། འདིར་ཡལ་ག་བཞི་ མ་སྤྲོས་པ་ནི་གཟུ་ལུམ་དང་སླ་ཆོས་རས་ཆོས་སོགས་ཀྱིས་མིན་པར་སྔར་སྨོས་པ་བཞིན་ཚོགས་ཞིང་དཀོན་མཆོག་ཀུན་འདུས་ནོར་བུའི་ལུགས་བླ་མ་གུ་རུ་རིན་པོ་ཆེ་གཅིག་ལ་ཡོངས་སུ་རྫོགས་ པར་ཚང་བས་ཉམས་སུ་བླངས་བདེ་ཞིང་བྱིན་རླབས་ཀྱི་འཇུག་པ་མྱུར་བའི་ཕྱིར་བསྡུས་པ་ཡིན་ལ། གོང་དུ་སྐྱབས་ཡུལ་དཀོན་མཆོག་གསུམ་མམ། རྩ་བ་གསུམ། སྐུ་གསུམ་སོགས་ཀྱི་ རྣམ་བཞག་ཞིབ་ཙམ་བཤད་པ་ལྟར་གྱི་དོན་ཁོང་དུ་ཆུད་ན་གཟུགས་སྐུ་རྣམ་པ་ཐམས་ཅད་པའི་ཡོན་ཏན་ཆོས་སྐུའི་ངང་ལ་རོ་གཅིག་ཏུ་འདུས་པ་དང་། ཆོས་སྐུ་ཐིག་ལེ་ཆེན་པོ་གཅིག་གི་ཡོན་

ཏན་གཟུགས་སྐུའི་རྣམ་པ་བསམ་གྱིས་མི་ཁྱབ་པར་འཆར་བར་ངེས་ཤེས་སྙིང་ནས་བརྙེས་ཏེ་སྔོན་བྱོན་གྲུབ་ཐོབ་གོང་མ་རྣམས་ཀྱིས། ལྷ་གཅིག་བསྒྲུབས་པས་ལྷ་བརྒྱ་འགྲུབ། །ཅེས་ གསུངས་པའི་དོན་ཁོང་དུ་འཇུ་ན་འགལ་འདུའི་ཟུག་རྔུ་ལྡང་བ་མ་ཡིན་ནོ། །གང་ལྟར་ཡང་དེའི་མདུན་དུ་རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། རྒྱབ་ཏུ་གཉེན་འཁོར། མཐའ་སྐོར་ དུ་དགྲ་གཉེན་བར་མའི་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རང་དང་ལྷན་ཅིག་ཡོད་པར་བསམས་ཏེ་རང་ནས་དེ་དག་གི་བྱང་དྲངས་ཏེ། ལུས་གུས་པས་ལག་པའི་སྙིམ་ པ་པདྨ་ཁ་འབུས་པ་ལྟ་བུ་གནས་གསུམ་དུ་སྦྱར་བ་དང་ཆབས་ཅིག ངག་གུས་པས་སྐྱབས་འགྲོའི་དོན་སྔར་བཤད་པ་ལྟར་བསམ་ཞིང་ཚིག་སྙན་པས་སྐྱོར་བ་དང་། ཡིད་ཁྱེད་ཤེས་ཀྱི་དད་པ་ ཆེན་པོས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་དང་བཅས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་སྟེ་བླ་ན་མེད་པ་ཐེག་པ་ཆེན་པོའི་ལུགས་ཀྱི་སངས་རྒྱས་ཀྱི་གོ་ འཕང་ཡོངས་སུ་རྫོགས་པ་དེ་མུ་ཐོབ་བྱར་དུ་སངས་རྒྱས་ཀུན་གྱི་འབྱུང་གནས་བདག་གི་དྲིན་ཅན་རྩ་བའི་བླ་མ་དཀོན་མཆོག་གསུམ་གྱི་ངོ་བོ་ཁྱོད་ལ་སྙིང་ནས་སྐྱབས་སུ་མཆིའོ་བསམས་ཏེ།

འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་གསོག་པ་ཡིན་ལ། ཐུན་གྱི་རྗེས་སུ་སྐྱབས་ཡུལ་གུ་ རུ་རིན་པོ་ཆེའི་ཐུགས་ཀ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲིབ་པ་ཐམས་ཅད་ཤུལ་ཙམ་མ་ལུས་པར་དག་ནས་ལུས་འོད་ཀྱི་གོང་བུར་ གྱུར་ཏེ་སྐྱབས་ཡུལ་གུ་རུ་རིན་པོ་ཆེ་ལ་ཐིམ། གུ་རུ་རིན་པོ་ཆེའང་འོད་ཀྱི་གོང་བུར་གྱུར་ནས་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་འཇའ་ལྟར་ཡལ་བར་བསམ་ལ་རང་རིག་གསལ་སྟོང་ དབྱེར་མེད་བདེ་བ་ཆེན་པོའི་ངང་ལ་འཛིན་མེད་དུ་མཉམ་པར་བཞག་གོ། །འདི་ནི་འབྲས་བུའི་སྐྱབས་འགྲོ་སྟེ་རང་གི་སེམས་ཉིད་ངོ་བོ་ཡེ་དག་གི་སངས་རྒྱས་ཡིན་ལ། དེའི་ཡོན་ཏན་བླ་མའི་ བྱིན་རླབས་ཀྱིས་མངོན་དུ་གྱུར་པ་ན་གློ་བུར་འཁྲུལ་པའི་དྲི་མ་རང་ཟད་དུ་སོང་བས་སྣང་བ་ཐམས་ཅད་བླ་མ་དང་བླ་མའི་རྣམ་རོལ་ལྷ་དང་ལྷ་མོའི་རང་བཞིན་ཟག་མེད་བདེ་བ་ཆེན་པོའི་སྐུ་དང་ ཞིང་ཁམས་འབའ་ཞིག་ཏུ་འཆར་ཞིང་། དེ་དག་ཐམས་ཅད་ཀྱང་རྒྱུ་རྐྱེན་ལས་སྐྱེས་པ་མ་ཡིན་པའི་འདུས་མ་བྱས་ཆེན་པོ་ཡིན་སྟབས་སྤངས་ཐོབ་བྲལ་བས་སངས་རྒྱས་དང་། དེའི་ཡོན་ཏན་

རང་བཞིན་འཕོ་འགྱུར་མེད་པར་ལྷུན་གྲུབ་ཏུ་འཆར་བས་ཆོས། དེ་ལྟ་བུའི་ཟག་པ་མེད་པའི་ཆོས་དགེ་བའི་ཡོན་ཏན་བླ་ན་མེད་པ་ལ་རྟག་ཏུ་གཉིས་སུ་མེད་པའི་ཚུལ་གྱིས་འདུན་པ་ནི་དགེ་འདུན་ ཏེ་ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ཀུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་ གསུངས་སོ།། །།གཉིས་པ་སེམས་བསྐྱེད་ལ། ད་ནས་བཟུང་སྟེ་འཁོར་བ་མ་སྟོང་བར༔ མ་གྱུར་སེམས་ཅན་ཀུན་གྱི་ཕན་བདེ་བསྒྲུབ༔ ཅེས་པ་སྟེ་དེ་ཡང་སེམས་བསྐྱེད་ཀྱི་ངོ་བོ་ ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལྟ་བུའི་སེམས་མཆོག་བསྐྱེད་དགོས་པ་གལ་ཆེ་བ་ནི། བཅོམ་ལྡན་འདས་ཀྱིས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བྱའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་ པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་

ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་གསུངས་པས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡིན། དེ་ཡང་སེམས་ཅན་སྤྱི་ཡི་སྣང་བ་ནས་གཞལ་ན་འཁོར་བ་ལ་ཐོག་མ་ མེད་པ་དང་། ལམ་ཉམས་སུ་ལེན་པའི་གང་ཟག་སྒོས་ཀྱི་སྣང་བ་ནས་གཞལ་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཏུ་ཡོད་པས་འཁོར་བ་ལ་མཐའ་ཡོད་པར་གསུངས་པ་སོགས་སྣ་ཚོགས་ གདུལ་བྱའི་ཁམས་དང་འཚམས་པའི་དྲང་ངེས་ཀྱི་ཁྱད་པར་སོ་སོར་གསུངས་པ་ཡོད། དོན་དུ་སྤྱི་སྒོས་ཀྱི་སྣང་བ་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་སྣང་བ་ལས་ལོགས་སུ་སོ་སོར་ དངོས་མཚན་དུ་གྲུབ་པ་མེད་པར་ཤེས་དགོས། མདོ་དོན་གཉིས་སྣང་མ་ཟད་བར་དུ་རང་སྣང་འཁོར་བ་ཡོད་ཅིང་། དེ་ལས་གཞན་སྣང་ཡུལ་དུ་སྣང་བའི་འཁོར་བའི་སེམས་ཅན་ཡོད། གང་ལྟར་ཡང་རང་སྣང་གཞན་སྣང་གི་སེམས་ཅན་གྱི་སྣང་བའི་རྣམ་དབྱེ་ཅི་ལྟར་བཞག་ཀྱང་སེམས་ཅན་ཐམས་ཅད་ངོ་བོ་ཡེ་དག་གི་སངས་རྒྱས་ཡིན་པས་གློ་བུར་འཁྲུལ་པའི་དྲི་མ་བསལ་བ་ན་

རང་བཞིན་རྣམ་དག་གི་སངས་རྒྱས་སུ་འགྲུབ་པ་ནི། དྲི་མ་རྣམས་ནི་གློ་བུར་བ། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང་། ཀུན་མཁྱེན་ཆེན་པོས། ཡེ་སངས་རྒྱས་ལ་ཡང་སངས་རྒྱས་ འབྱུང་སྟེ། །ཅེས་གསུངས་པས། མདོར་ན་རང་སྣང་འཁོར་བ་ཡོངས་སུ་མ་སྟོང་པའི་བར་དུ་གཞན་སྣང་སེམས་ཅན་བག་ཆགས་ཀྱི་རང་གཟུགས་ཅི་ཡོད་པ་རྣམས་ལ་དམིགས་ཏེ། དུ་ནས་བཟུང་སྟེ་འཁོར་བ་ན་མེད་བཞིན་དུ་འཁྲུལ་པའི་སྣང་བ་ལ་སྤྱོད་པའི་སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ཀྱི་ས་ལ་མ་སྟོང་བར་དུ། སྐྱེ་བ་གྲངས་མེད་འཁོར་བ་ན་སྐྱེས་པའི་ སྐབས་སུ་ཕ་མར་གྱུར་པའི་སེམས་ཅན་ཀུན་གྱི་ཕན་བདེ་འབའ་ཞིག་བསྒྲུབ་པ་ལ་བརྩོན་པ་ཡིན་ནོ། །ཞེས་བསམས་ཏེ་སེམས་བསྐྱེད་དགོས་པའོ། །དེ་ཡང་གཞན་སྣང་སེམས་ཅན་རང་གི་ སེམས་ཀྱི་བག་ཆགས་མཐུ་བརྟས་པ་ལས་བྱུང་བ་རང་གི་རིག་པས་ཀྱང་སླ་བར་བསྒྲུབ་ནུས་ཏེ། རང་གི་སེམས་འདི་མེད་ན་གཞན་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་སྣང་བ་གང་གིས་ཤེས་ཏེ། ས་རྡོ་ལ་སོགས་བེམ་པོ་རྣམས་ལ་སེམས་མེད་པས་གཅིག་གིས་གཅིག་ལ་མི་ཤེས་པ་བཞིན་ནོ། །དེའི་ཕྱིར་བདག་གཞན་བཟང་ངན་གྱི་སྣང་བའི་རྣམ་བཞག་ཅི་ལྟར་བཞག་ཀྱང་དོན་ལ་རང་སྣང་

གི་ཆོ་འཕྲུལ་འབའ་ཞིག་ཡིན་པ་ཤེས་དགོས་ཏེ་ཇི་སྐད་དུ། སངས་རྒྱས་སེམས་ཡིན་ཅི་སྨོས་ཏེ། །སེམས་ཅན་ཀུན་ཀྱང་རང་གི་སེམས། །སྟོན་པས་བསྟན་ པ་རང་གི་སེམས། །དེ་ཕྱིར་ངོ་བོ་ཉིད་མཉམ་པས། །འཕགས་ལམ་ངེས་དོན་འདི་ལས་མེད། །ཅེས་གསུངས་སོ། །ལམ་ཉམས་སུ་བླངས་ཏེ་རང་སྣང་གི་འཁྲུལ་པ་བག་ཆགས་དང་བཅས་ པ་ཟད་དུས་གཞན་སྣང་འཁོར་བའི་བག་ཆགས་ཀྱང་ཆབས་ཅིག་ཏུ་ཟད་པ་ལས་ཤུལ་དུ་རྡུལ་ཙམ་ཡང་ལུས་པ་མི་སྲིད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་པ་ཙམ་མ་ གཏོགས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །རྣམ་རྟོག་དེ་དང་བྲལ་བ་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདའ། །ཞེས་དང་། རང་སྣང་འཁོར་བ་བློ་ཟད་ཆོས་ཟད་ཀུན་ཏུ་བཟང་པོའི་ས་ལ་ སྟོངས་པའི་ཚེ་ན་གཞན་སྣང་སེམས་ཅན་ཞེས་པ་མིང་དང་རྡུལ་ཕྲ་རབ་ཙམ་ཡང་བཙལ་ཀྱང་རྙེད་མི་ཤེས་པ་ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཡིན་ཕྱིར། ཕ་མ་འགྲོ་དྲུག་སེམས་ཅན་མ་ ལུས་པ། །ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །ཅེས་སྨོན་ལམ་དུ་གསུངས་པའི་དོན་ཡང་དེ་ཡིན་ནོ། །སངས་རྒྱས་ཀྱི་ས་དང་སློབ་པ་ལམ་གྱི་ས་ལ་འགྲོ་བའི་དོན་བྱེད་པ་གཉིས་ལ་

ཁྱད་པར་གང་ཞིག་ཡོད་དམ་སྙམ་ན་སྔར་གྱི་བག་ཆགས་ཡོངས་སུ་མ་ཟད་པས་མ་དག་པ་དང་སངས་རྒྱས་ཀྱི་ས་ལ་བགྲོད་པའི་སྤང་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་འཕེལ་དུ་སོང་བར་བྱེད་ པས་དག་པ་སྟེ་མ་དག་པ་དང་དག་པའི་སྣང་བ་འདྲེས་མར་འཆར་བ་བྱང་ཆུབ་སེམས་དཔའི་སྐབས་ན་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཚེ་དེ་ལྟར་མ་རྟོགས་ཤིང་མ་ དག་པའི་སེམས་ཅན་རྣམས་ལ་དམིགས་ནས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་ གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་པ་ལྟར། འགྲོ་བ་རྣམས་ཉོན་མོངས་པའི་ནད་མ་སོས་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་སྙུན་མི་དྭངས་སོ་ཞེས་འབྱུང་བ་བཞིན་ སེམས་ཅན་ཚད་མེད་པ་ལ་དམིགས་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་རྫོགས་པར་བྱེད། སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད། ཞིང་ཁམས་རྒྱ་མཚོ་ལྟ་བུ་སྤྱོང་བར་བྱེད་པ་ལ་སོགས་པའི་ སྒོ་ནས་སེམས་ཅན་གྱི་དོན་བསྒྲུབ་པ་ཡིན་ལ། ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་ས་ལ་འགྲོ་བའི་དོན་མཛད་ཚུལ་ནི། སངས་རྒྱས་རྣམས་སངས་མ་རྒྱས་པའི་སྔོན་རོལ་དུ་གོང་དུ་བཤད་པ་

བཞིན་མ་དག་དག་པ་བྱང་ཆུབ་སེམས་དཔའི་སྐྱེ་བ་བཞེས་ནས་སློབ་པ་ལམ་ལ་གནས་པའི་སྐབས་ན་སྨོན་ལམ་ཚད་མེད་པ་བཏབ་པའི་མཐུ་དང་། གདུལ་བྱའི་ ལས་སྨོན་དག་པའི་རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པའི་སྐབས་ན་ནོར་བུ་དང་དཔག་བསམ་ཤིང་གི་དཔེ་ལྟར་རྣམ་པར་མི་རྟོག་བཞིན་དུ་འགྲོ་བའི་དོན་མཛད་པ་དང་། སྔ་འགྱུར་བའི་མན་ངག་གི་རྒྱུད་ སྡེ་རྣམས་ནས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ལས་སྤྲུལ་སྐུའི་ཡོན་ཏན་ཐུགས་རྗེ་འགགས་པ་མེད་པའི་ཆོས་ཉིད་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་ལས་སྨོན་དག་པའི་རྒྱུ་རྐྱེན་རྟེན་འབྲེལ་ ལ་ལྟོས་པ་མིན་པར་ངོ་བོ་ཉིད་ཀྱིས་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པ་ནི་གསང་སྙིང་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་ གསུངས་པ་ལྟར་རོ། །སེམས་བསྐྱེད་ཀྱི་རྣམ་དབྱེ་ལ་བློ་སྟོབས་ཀྱི་སྒོ་ནས་དབྱེ་ན། དང་པོ་རང་ཉིད་ཐར་པའི་གོ་འཕང་དོན་དུ་གཉེར་ཏེ་དེ་ནས་མ་གྱུར་སེམས་ཅན་རྣམས་ལ་ཕན་འདོགས་པ་ རྒྱལ་པོ་ལྟ་བུའི་སེམས་བསྐྱེད། རང་དང་སེམས་ཅན་ཐམས་ཅད་ཆབས་གཅིག་ཏུ་ཐར་པའི་གོ་འཕང་བསྒྲུབ་པ་ལ་བརྩོན་པ་དཔེར་ན་གྲུ་པས་འགྲུལ་པ་རྣམས་རང་དང་ཆབས་གཅིག་ཏུ་གྲུར་

ཞུགས་ཏེ་ཆུ་བོའི་ཕ་རོལ་ཏུ་སྒྲོལ་བ་མཉན་པ་ལྟ་བུའི་སེམས་བསྐྱེད། རང་ལས་སེམས་ཅན་རྣམས་གཅེས་པར་འཛིན་པའི་བློས་དང་པོ་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ ཏེ་དེ་ནས་རང་ཉིད་ཐར་པའི་གོ་འཕང་དོན་དུ་གཉེར་བ་དཔེར་ན་རྫི་བོས་དང་པོ་གནག་ཕྱུགས་བ་ལང་ར་ལུག་ལ་སོགས་དུད་འགྲོ་རྣམས་གཅན་གཟན་གྱི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ་རང་གི་ སྔོན་དུ་དེད་ནས་རང་ཉིད་དེ་དག་གི་ཕྱི་བཞིན་དུ་འགྲོ་བ་རྫི་བོ་ལྟ་བུ་བླ་ན་མེད་པའི་སེམས་བསྐྱེད་དེ། དེ་ལྟར་ལུགས་རྣམ་པ་གསུམ་རང་གི་བློ་ནུས་དང་སྦྱར་ཏེ་ཇི་སྐད་དུ། སྡོམ་པའི་ཆོ་ག་ལ་ མཁས་དང་། བདག་ཉིད་གང་ཞིག་སྡོམ་ལ་གནས། སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་ལམ་སྒྲོན་ལས་གསུངས་པ་ལྟར་གྱི་དགེ་བའི་བཤེས་ གཉེན་ཚུལ་དང་མཐུན་པ་རྙེད་ཚེ་དེ་ལས་སེམས་བསྐྱེད་ཀྱི་སྡོམ་པ་ནོས་ཤིང་། གལ་སྲིད་ཚུལ་དང་མཐུན་པ་མ་རྙེད་ཚེ། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་མངོན་སུམ་དུ་བཞུགས་ པར་མོས་པའི་དྲུང་ལས་བླངས་པའམ། རྟེན་གྱི་དྲུང་ལས་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ཏེ། དོན་རང་ཉིད་ཚེ་རབས་ཐོག་མེད་ནས་ད་བར་འཁྱམས་པའི་སྐབས་སུ་ཕ་མ་ལ་

བརྟེན་ནས་སྐྱེ་བ་བླངས་པ་ཡིན། ཕ་མ་ནི། སྐྱ་ཀའི་ཕྲུ་གུས་མ་ཡི་སྤུ། །གཏོག་པ་དྲིན་ལན་ཡིན་པར་བསྒོམ། །ཞེས་པའི་རིགས་སམ། དེ་དང་ཕྱོགས་མཐུན་ གྱི་སེམས་ཅན་ཤ་གཟན་རང་གི་ཕྲུ་གུ་ལ་འཚེ་བའི་རིགས་འདྲ་མ་གཏོགས། གཞན་ཕ་མ་ཕལ་ཆེར་ནི་རང་གི་ཕྲུ་གུ་ལ་བྱམས་པ་ཅན་ཤ་སྟག་ཡིན་ལ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཕ་ མར་ཤེས་པ། དེ་དག་གི་དྲིན་དྲན་པ། དྲིན་བཟོ་བ། དྲིན་ལན་བསབ་པའི་བསམ་བློ་སྙིང་ཐག་པ་ནས་བཏང་སྟེ་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱེད་པ། སེམས་ཅན་རྣམས་ཀྱི་སྡུག་ བསྔལ་ལ་བསམས་ཏེ་སྙིང་རྗེ་སྐྱེ་བ། སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལ་རྗེས་སུ་ཡི་རང་ནས་དགའ་བ་བསྒོམ་པ། སེམས་ཅན་ཐམས་ཅད་ལ་དགྲ་གཉེན་ཉེ་རིང་མེད་པར་བརྩེ་བ་ཆེན་ པོས་བསྐྱངས་པའི་བཏང་སྙོམས་ཏེ་སྨོན་པ་ཚད་མེད་བཞི་བསྒོམ་པ་དང་། དེ་དག་ལ་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་སྐྱབས་བྱིན་པ་ལ་སོགས་སྦྱིན་པ་གཏོང་བ། སེམས་ཅན་གྱི་དོན་ དུ་རང་གི་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པ། སེམས་ཅན་གྱི་དོན་གང་འགྲུབ་བྱེད་པ་ལ་སོགས་ཚུལ་ཁྲིམས་བསྲུང་བ། གཞན་དོན་བསྒྲུབ་པའི་སྐབས་

ན་རྐྱེན་དབང་དུ་མི་གཏོང་བ་གནོད་པས་མི་མཇེད་པའི་བཟོད་པ། ཐེག་པ་ཆེན་པོའི་ཆོས་སྤྱི་དང་། ཁྱད་པར་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ལ་སོགས་ཟབ་མོའི་ཆོས་ཀྱི་དོན་བློ་ལ་ ཤོང་བས་ཆོས་ལ་བཟོད་པ། སེམས་ཅན་གྱི་སྡུག་བསྔལ་ལ་ཇི་མི་སྙམ་པ་སྟེ་སྣང་ཆུང་དུ་བཞག་པ་མ་ཡིན་པར་སྡུག་བསྔལ་སེལ་བ་ལ་བཟོད་པའི་ཁུར་ཐེག་པ། སེམས་ཅན་གྱི་དོན་བསྒྲུབ་ པ་ལ་དཀའ་ངལ་ཐེག་པ་གོ་ཆའི་བརྩོན་འགྲུས། གཞན་དོན་དུ་ཉོན་མོངས་པ་སྤོང་བ་དང་དགེ་བ་བསྒྲུབ་པ་ལ་སྤྲོ་བ་སྦྱོར་བའི་བརྩོན་འགྲུས། དགེ་བ་ཕྲན་བུ་རེ་འགྲུབ་ན་འདི་ཙམ་གྱིས་ཆོག་གོ་ སྙམ་སྟེ་ལེ་ལོའི་དབང་དུ་གཏོང་བའམ་ཡང་ན་བདག་གིས་དགེ་བ་འདི་དང་འདི་ལྟ་བུ་བསྒྲུབས་སོ་སྙམ་པའི་དགེ་བ་གཞན་ལ་ངོམས་པའམ་ང་རྒྱལ་སོགས་ཀྱི་དབང་དུ་མི་གཏོང་བར་སངས་ རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་དགེ་བ་བླ་ནས་བླར་སྤེལ་བ་ལ་བརྩོན་པ་བསྐྱེད་པ་ཆོག་ཤེས་མེད་པའི་བརྩོན་འགྲུས་ཏེ་བརྩོན་འགྲུས། བསམ་གཏན་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་བསམ་གཏན་གྱི་རྣམ་བཞག་མང་དུ་ཡོད་ཀྱང་། དོན་བསྡུ་ན་ཞི་གནས་དང་ལྷག་མཐོང་གཉིས་སམ། མཉམ་བཞག་དང་རྗེས་ཐོབ་གཉིས་སུ་འདུ། དེ་ཡང་ཞི་གནས་ལ་སེམས་གནས་

པའི་ཐབས་དགུ་ལ་བརྟེན་དགོས་པས་རང་གི་མདུན་དུ་དམིགས་རྟེན་ཤིང་བུའམ་རྡེའུ། ཡང་ན་དམིགས་རྟེན་དག་པ་སངས་རྒྱས་ཀྱི་སྐུ་བརྙན་སྤྲོས་མེད་བྲིས་ འབུར་གང་རུང་ཞིག་བཞག དེ་ལ་སེམས་འཇོག་པར་བྱེད་པ་དང་། བླན་ཏེ་འཇོག་པར་བྱེད་པ་དང་། རྒྱུན་དུ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་ དང་། ཞི་བར་བྱེད་པ་དང་། རབ་ཏུ་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་ཞི་བར་བྱེད་པ་དང་། མཉམ་པར་འཇོག་པར་བྱེད་པའོ། །དེའི་མཐུ་ལས་མིག་གི་དབང་པོ་དང་དེའི་རྣམ་ཤེས། དེ་གཉིས་ཀྱི་ཡུལ་གཟུགས་སྡུག་པའི་རིགས་ལ་ཆགས་ཤིང་། མི་སྡུག་པའི་རིགས་ལ་སྡང་བ། རྣ་བའི་དབང་པོ་དང་དེའི་རྣམ་ཤེས། དེ་གཉིས་ཀྱི་ཡུལ་སྒྲ་སྙན་པའི་རིགས་ལ་ཆགས་ཤིང་། མི་སྙན་པའི་རིགས་ལ་སྡང་བ། སྣ་ཡི་དབང་པོ་དང་དེའི་རྣམ་ཤེས། དེ་གཉིས་ཀྱི་ཡུལ་དྲི་བསུང་བའི་རིགས་ལ་ཆགས་ཤིང་། མི་བསུང་བའི་རིགས་ལ་སྡང་བ། ལྕེ་ཡི་དབང་པོ་དང་དེའི་ རྣམ་ཤེས། དེ་གཉིས་ཀྱི་ཡུལ་རོ་ཞིམ་པའི་རིགས་ལ་ཆགས་ཤིང་། མི་ཞིམ་པའི་རིགས་ལ་སྡང་བ། ལུས་ཀྱི་དབང་པོ་དང་དེའི་རྣམ་ཤེས། དེ་གཉིས་ཀྱི་ཡུལ་རེག་བྱ་འཇམ་པའི་རིགས་ལ་

ཆགས་ཤིང་། རྩུབ་པའི་རིགས་ལ་སྡང་བ། ཡིད་ཀྱི་དབང་པོ་དང་དེའི་རྣམ་ཤེས། དེ་གཉིས་ཀྱི་ཡུལ་ཆོས་བློ་ངོར་བབས་པའི་རིགས་ལ་ཆགས་ཤིང་། མི་འབབ་པའི་རིགས་ལ་སྡང་བ་སྟེ་ སེམས་ཕྱི་རོལ་ཚོགས་དྲུག་གི་སྣང་བ་ལ་རྣམ་པར་གཡེང་ནས་འཁོར་བའི་ལས་བདེ་སྡུག་ཁོར་མོ་ཡུག་ཏུ་གསོག་པར་བྱེད་པའི་ཉོན་མོངས་པ་རྣམས་ངང་གིས་ཞི་ནས་ལུས་སེམས་ཤིན་ཏུ་ སྦྱངས་པའི་བདེ་བས་ཟིན་པ་ན་ཞི་གནས་ཀླུངས་སུ་ཕེབས་པ་ཡིན། བསམ་གཏན་ལ་སྒྲིབ་པའི་ཉེས་པ་ལྔ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པ་དང་། སེམས་ཕུང་པོ་ལྔ་ལ་སོགས་ དངོས་དང་དངོས་མེད་གང་གི་ཁོངས་སུ་ཡོད་མེད་བརྟགས་ཤིང་དཔྱད་པ་པཎྜི་ཏའི་དཔྱད་བསྒོམ་དང་། སེམས་གང་དུ་གྲུབ་ཡོད་མེད་བརྟག་དཔྱད་མི་བྱེད་པར་རང་བབས་ཀྱི་ཐོག་ཏུ་འཇོག་པ་ ཀུ་ས་ལིའི་འཇོག་བསྒོམ་གང་རུང་ལ་བརྟེན་ནས་སེམས་ཀྱི་ངོ་བོ་རིག་སྟོང་རྗེན་པར་མཐོང་བ་ལྷག་མཐོང་གི་ཡོན་ཏན་མངོན་དུ་བྱེད་དགོས། དེ་ཡང་ཉེས་པ་ལྔ་ནི་རྒྱལ་བའི་བཀའ་དང་བླ་མའི་ གདམས་ངག་ལ་སོགས་པའི་དོན་ལ་མི་བསམ་མི་འཇུག་པ་ལེ་ལོ། བསམས་ཤིང་འཇུག་ཀྱང་དྲན་པ་རྒྱུན་ཆགས་སུ་མ་བརྟེན་པའི་བརྗེད་ངས། སྐབས་རེ་སེམས་ལ་དྭངས་ཆ་མེད་པའམ་

རྨུག་པའམ་འཐིབ་པ་སྟེ་བྱིང་བ། སྐབས་རེ་སེམས་ཚོགས་དྲུག་གི་ཡུལ་གྱི་དབང་དུ་ཤོར་ནས་རྟོག་ཚོགས་འཕྲོ་བའམ་རྒོད་དྲགས་པས་རྒོད་པ་སྟེ་བློ་ཏིང་ངེ་འཛིན་ ལ་གནས་སུ་མི་སྟེར་བ་བྱིང་རྒོད། ཞི་ལྷག་ཟུང་དུ་འཇུག་པ་ལ་གེགས་བྱེད་པ་སེམས་ཡེངས་པའི་ཚེ་འདུ་མི་བྱེད་པ་དང་། སེམས་གནས་པའི་ཚེ་ན་ཧ་ཅང་སྒྲིམ་དྲགས་པས་འདུ་བྱེད་པ་སྟེ་ སྒྲིབ་པ་ལྔའི་གཉེན་པོ་དད་པ་དང་འདུན་པ་དང་བརྩོན་འགྲུས་དང་ཤིན་ཏུ་སྦྱངས་པ་བཞིས་ལེ་ལོ་སྤོང་བ་དང་། དྲན་པས་བརྗེད་ངས་སྤོང་བ་དང་། ཤེས་བཞིན་གྱིས་བྱིང་རྒོད་སྤོང་བ་དང་། སེམས་པས་སེམས་མངོན་པར་འདུ་མི་བྱེད་པའི་སྐབས་སུ་གཟེངས་བསྟོད་པར་བྱེད་པ། བཏང་སྙོམས་ཀྱིས་མངོན་པར་འདུ་བྱེད་དྲགས་པའམ་འཇུར་དྲན་གྱི་གཉེན་པོ་བྱེད་པའོ། །དེ་ལས་ ནམ་ཞིག་ན་གཟུགས་མེད་ཀྱི་ལྷ་ནམ་མཁའ་མཐའ་ཡས་དང་རྗེས་སུ་མཐུན་པའི་མཉམ་བཞག་དབང་པོའི་ཡུལ་སྣང་འགགས་པ། རྣམ་ཤེས་མཐའ་ཡས་དང་རྗེས་སུ་མཐུན་པའི་མཉམ་བཞག་ ཤེས་པའི་ངོ་ལ་གསལ་ཡང་སྣང་བའི་ངོ་ལ་འགགས་པ། གཉིད་ཐུག་ལྟར་ཚོར་བ་ཐམས་ཅད་འགགས་པ་ཅི་ཡང་མེད་པ། བདེ་བའི་ཚོར་བ་ཅུང་ཟད་ཙམ་ཡོད་ཀྱང་སྣང་བའི་ངོ་ལ་ཅི་ཡང་

མེད་པར་རྟོགས་པ་ཡོད་མིན་མེད་མིན་ཏེ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་བསམ་གཏན་གྱི་སྒྲིབ་པ་ལས་གྲོལ་ཞིང་མཉམ་བཞག་ལྷག་མཐོང་གི་ཡོན་ཏན་ནམ་མཚན་ཉིད་ཕུང་པོ་ལྔ་དང་བྲལ་བ་ ལ་རྣལ་དུ་འབྱོར་པ་འོང་སྟེ་རྡོ་རྗེ་སྙིང་པོ་ལས། ཞི་ལྷག་ཟུང་འཇུག་གི་ཉམས་གསལ་ལ་དྭངས་པ། འཕྲོ་ལ་མི་རྟོག་པ་བཞི་ནི་མཉམ་བཞག་མཚན་ཉིད་བཞི་ལྡན་ཞེས་ཕུང་པོ་ལྔ་དང་བྲལ་བ་ ཞིག་ཡིན་ཏེ་ཁ་དོག་དང་དབྱིབས་ཀྱི་ངོ་བོར་མ་གྲུབ་པས་གཟུགས་ཀྱི་ཕུང་པོ་དང་བྲལ། མྱོང་རིག་ཞེན་པ་མེད་པས་ཚོར་བའི་ཕུང་པོ་དང་བྲལ། ཐ་དད་པའི་གཏད་སོ་དང་བྲལ་བས་འདུ་ཤེས་ ཀྱི་ཕུང་པོ་དང་བྲལ། ཀུན་སློང་གི་སེམས་མེད་པས་འདུ་བྱེད་ཀྱི་ཕུང་པོ་དང་བྲལ། ཡུལ་སྣང་གི་འཛིན་པ་མེད་པས་རྣམ་ཤེས་ཀྱི་ཕུང་པོ་དང་བྲལ་བའོ་ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ ཕུང་པོ་ལྔ་དང་བྲལ་བའི་མཉམ་བཞག་ལ་ཚུལ་བཞིན་གནས་པ་བྱུང་ན་ཁམས་གསུམ་གྱི་སེམས་ལས་གྲོལ་བ་ཡིན་ཏེ། རིག་ཀྱང་མ་འཕྲོག་པ་འདོད་ཁམས་ཀྱི་སེམས་ལས་གྲོལ། གསལ་ ཀྱང་མི་འཛིན་པ་གཟུགས་ཁམས་ཀྱི་སེམས་ལས་གྲོལ། མི་རྟོག་ཀྱང་ཡུལ་སྣང་མ་འགགས་པ་གཟུགས་མེད་ཁམས་ཀྱི་སེམས་ལས་གྲོལ་བ་ཞེས་སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས་

གསུངས་སོ། །གཞན་ཡང་ཞི་གནས་དང་ལྷག་མཐོང་གི་ཡོན་ཏན་ལ་བོགས་འདོན་པའི་སླད་དུ་སྐྱོན་ནམ་སྒྲིབ་པ་ངོས་བཟུང་ནས་དེ་དག་སྤོང་བ་དང་། དྲོད་ཚད་ དང་ཡོན་ཏན་ངོས་བཟུང་ནས་གདིང་ཐོབ་པར་བྱེད་པ་ལ་འདི་སྐད་དུ། དང་པོ་བསམ་གཏན་གྱི་སྐྱོན་དྲུག་ལས། ཞི་གནས་ལས་སུ་མི་རུང་བའི་སྐྱོན་གསུམ་ནི། དེ་ཡང་སེམས་གནས་པ་ནི་ འདུ་བྱེད་སྣ་ཚོགས་ཀྱིས་བསྐྱོད་ན་གཡེངས་པར་འགྱུར་ཏེ། དཔེར་ན་མར་མེ་ཕྱི་རོལ་གྱི་རླུང་གིས་བསྐྱོད་ན་མི་གསལ་བ་བཞིན་ནོ། །རང་གི་ཉེ་བར་ལེན་པའི་འདུ་བྱེད་བཀག་ནའང་སེམས་ ཉིད་ཀྱང་འགག་པའམ་འགག་པ་ལ་ཐུག་པར་འགྱུར་ཏེ་དཔེར་ན་མར་མེ་རང་གི་ཉེ་བར་ལེན་པའི་རླུང་བཀག་ནའང་མར་མེ་འཆི་བ་ལ་ཐུག་པར་འགྱུར་བ་བཞིན་ཡིན་པས་དེས་ན་ འདུ་བྱེད་གཞན་བཀག་ལ་རང་གི་འདུ་བྱེད་མི་བཀག་གོ། །འཇུར་དྲན་གྱིས་བཅིངས་ན་དམིགས་པ་གཅིག་པས་སུ་རུང་ཡང་བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཐབས་ མེད་པར་བྱེད་པ་དྲན་པ་སྔ་མའི་སྟེང་དུ་ཕྱི་མ་རྟག་ཏུ་འབབ་པ་ཆུའི་ཐིག་པ་བཞིན་ཏེ་དེ་བས་ན་དྲན་པ་བག་ཡངས་སུ་བཞག་དགོས། ལྷག་མཐོང་གི་སྒྲིབ་པ་གསུམ་ནི་འཛིན་ཆགས་དབང་གིས་

འགོག་པ་ཞེས་ཆོས་ལ་བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་བས་བསམ་གཏན་གྱི་ཡུལ་གང་ཞིག་སྣང་ཡང་འཛིན་ཆགས་ཞུགས་ཏེ་ཐར་པ་ལ་སྒྲིབ་པའོ། །ཡོད་མེད་དབང་གིས་ཉམས་པ་ ཞེས་ཆོས་ཐམས་ཅད་རྟེན་འབྲེལ་ལས་འབྱུང་བ་ལ་རྨོངས་ཏེ་ཇི་ལྟར་བསམས་ཀྱང་ཡོད་མེད་ཀྱི་མཐར་ལྷུང་སྟེ་ཡེ་ཤེས་ཉམས་པར་གྱུར་པ་སྟེ་སྒྲིབ་པའོ། །ཤེས་བྱ་ཆུང་བས་འཁོར་བ་ཞེས་བྱ་བ་ ཐོས་བསམ་གྱིས་ཕོངས་པས་བསམ་གཏན་གྱི་ཡུལ་གང་ལ་འཇུག་མ་ཤེས་པ་སྟེ། བྱ་མུན་པ་ལ་རྡུགས་པ་བཞིན་ཏེ་སེམས་འཁོར་ཞིང་སྒྲིབ་པའོ། །འདི་དག་གིས་ཞི་ལྷག་གི་ཡོན་ཏན་སྐྱེ་བ་ལ་ གེགས་སུ་གྱུར་པས་བསམ་གཏན་གྱི་སྐྱོན་དྲུག་ཅེས་བྱའོ། །ཡང་ལམ་གྱི་སྒྲིབ་པ་དགུ་ཞེས་གསུངས་པ་ནི། བསམ་གཏན་མི་གཡོ་བ་དང་། ལམ་ཐིམ་པ་དང་། གསལ་བ་གསུམ་ནི་ཡང་ དག་པའི་རྩོལ་བ་ལ་སྒྲིབ་པ་སྟེ། འདི་ལྟར་མི་གཡོ་ནའང་ལམ་སྔ་མ་མི་གཏོང་ཞིང་ལམ་གཞན་ཐོབ་པར་མི་རྩོལ་ཏེ་ཚང་ན་གནས་པའི་བྱིའུ་ཕྲུག་ལྟ་བུའོ། །དེ་བཞིན་དུ་ལམ་སྒྲིབ་ནའང་མི་ རྩོལ་ཏེ། འབེན་ཐིམ་པའི་མདའ་ལྟ་བུའོ། །ཤིན་ཏུ་གསལ་བར་གྱུར་ནའང་མི་རྩོལ་ཏེ། ཡུལ་གསལ་བས་དབང་པོའི་བློ་གཟུང་བ་ལྟ་བུའོ། །སེམས་ལ་ཤེས་པ་མང་པོ་སྐྱེ་བར་འདོད་པ་དང་།

མངོན་པར་ཤེས་པ་ཐོབ་པར་འདོད་པ་དང་། མཚན་མའི་རྫུ་འཕྲུལ་འབྱིན་པར་འདོད་པ་གསུམ་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་སྒྲིབ་པ་སྟེ་དཔེར་ན་ཁྱིམ་བདག་ དག་གིས་མར་གྱི་སྙིང་པོ་འདོད་པའི་ཕྱིར་བ་གཞོན་མང་པོ་བསྟེན་པ་ལས། དེ་དག་གི་འོ་མ་དང་ཞོའི་ལོངས་སྤྱོད་ལ་ཆགས་པར་གྱུར་ན་མར་གྱི་སྙིང་པོ་ལ་སྒྲིབ་པར་གྱུར་པ་ལྟ་བུའོ། །འདི་ ལས་བླ་ན་མེད་པའི་ཆོས་ཐོབ་བོ་སྙམ་པ་དང་། རང་གི་ལྟ་བ་ལ་ང་བསྙེམས་པ་དང་གཞན་གྱི་ལྟ་བ་ལ་ཁྱད་དུ་གསོད་པ་གསུམ་ནི། ཡང་དག་པའི་དྲན་པ་ལ་སྒྲིབ་སྟེ། འདི་ལྟར་ཡང་དག་ པའི་དྲན་པ་ནི། ངེས་པ་དོན་གྱི་མདོའི་དོན་དང་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་གདམས་ངག་མ་བརྗེད་པར་སྲུང་བ་ཡིན་ན། སྒྲིབ་པ་འདི་དག་ཡོད་ན་དེ་དག་ཡལ་བར་འདོར་ཏེ་དཔེར་ ན་རྒྱལ་པོའམ་བློན་པོའི་བུ་གཞོན་ནུ་རྒྱགས་པས་མྱོས་པ་དག་དམ་པ་རྣམས་ཀྱི་གདམས་ངག་ཡིད་ལ་མི་བྱེད་པ་བཞིན་ནོ། །རང་བཞིན་གྱིས་སྒྲིབ་པ་ཆོས་སྤྱོད་རྣམ་བཅུ་ཤིང་ལེབ་ཀྱི་ངོས་ལྟར་ གཅིག་ལ་གཅིག་སྒྲིབ་པར་གྱུར་པས། དེ་བས་ན་བསམ་གཏན་ལ་སོགས་པ་དོན་ཆེན་པོ་ལ་གནས་པ་རྣམས་ཀྱིས། ཡི་གེ་འབྲི་བ་ལ་སོགས་པ་དོན་ཆུང་ངུའི་ཆོས་སྤྱོད་མི་སྤྱད་དོ་ཞེས་བྱ་བའི་

དོན་ཏེ། དོན་འདི་རྣམས་ཀྱིས་ཀྱང་བསམ་གཏན་གྱི་སྒྲིབ་སྐྱོན་མཐའ་དག་བསལ་ཏེ་ཐར་པའི་ལམ་ལ་འཇུག་པར་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་གོམས་པ་ཀློང་དུ་གྱུར་ཅིང་གདིང་དུ་ གྱུར་ནས་སེམས་ལ་དབང་ཐོབ་པར་གྱུར་པའི་ཚད་ནི་དེ་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་ གནས་གནས་ལ་གནས་པ་མེད། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུངས། །ཞེས་གསུངས་པ་སྟེ། འདི་ལྟར་སྣང་རྟོག་ཅི་སྐྱེ་ན་ཡང་མ་བཀག་སྟེ་རང་ བྱུང་། མ་འབྲངས་ཏེ་རང་ཞི་སྟེ། རྩོལ་བ་མེད་པར་བཏང་སྙོམས་ཆེན་པོའི་ངང་ལ་ཡུན་རིང་དུ་བཞག་པའི་ཚེ་ནུས་པ་ཅུང་ཟད་རྙེད་པ་ན་སྣང་རྟོག་རྒྱུན་དུ་སྐྱེ་ཡང་དངོས་པོ་དང་མཚན་མའི་ ཞེན་པ་དང་བྲལ་བར་སྐྱེ་སྟེ། དཔེར་ན་རྨི་ལམ་གྱི་དོན་སྣང་བ་གཉིད་དེ་བས་བསྲབས་པར་གྱུར་ཏེ། སྣང་བ་མ་ལོག་ཀྱང་དངོས་པོར་ལྟ་བ་དང་མཚན་མའི་ཞེན་པ་ལོག་པ་ལྟ་བུའོ། །དེ་ནས་དེ་ བས་ཀྱང་ཤེས་རབ་དང་ཏིང་ངེ་འཛིན་ལས་སུ་རུང་བ་ན་མཚན་མར་འཛིན་པ་ཕྲ་བ་ཙམ་དུ་མ་ཟད་ཀྱི་སྐྱེ་བ་ཉིད་ཀྱང་ཕྲ་བར་གྱུར་ཏེ། དཔེར་ན་རྨི་ལམ་ན་གཉིད་ཆེར་བསྲབས་པར་གྱུར་པ་ན་ཞེན་

པ་ལོག་པ་ཙམ་དུ་མ་ཟད་ཀྱི་སྣང་བ་ཉིད་ཀྱང་ཕྲ་བར་སྣང་བ་ལྟ་བུའོ། །དེ་ནས་ཤེས་རབ་དང་ཏིང་ངེ་འཛིན་ཤིན་ཏུ་དབང་དུ་གྱུར་པ་ན། ཡིད་ཀྱི་གཡོ་བའི་འདུ་བྱེད་ ཉམས་སུ་མྱོང་བ་སྙམ་བྱེད་པའམ། མི་གཡོ་བར་ཉམས་སུ་མྱོང་བ་སྙམ་བྱེད་པའམ། དེ་གཉིས་ཀྱི་ཐ་སྙད་ལས་འདས་པར་ཉམས་སུ་མྱོང་བའང་མེད་དེ། དེ་བས་ན་སྣང་མེད་དབུ་མའི་ལམ་ ཞེས་བྱ་སྟེ་དེ་ལྟ་བུའི་དུས་ན་ཉམས་སུ་མྱོང་བའམ་འགགས་ནས་དེ་ལྟ་བུ་ཞིག་ཉམས་སུ་མྱོང་བར་ཤེས་པའམ་དེ་ལྟ་བུའི་ཚོར་བའི་སྣང་བ་གཉིས་དང་ཡང་བྲལ་ལ། འདུ་ཤེས་ཀྱིས་དོན་འདི་ལྟ་ བུ་ཞིག་གོ་ཞེས་ཐ་སྙད་དུ་གདགས་སུ་རུང་བའི་སྣང་བ་དང་བྲལ་བ་ནི་སྣང་མེད་དབུ་མའི་ལམ་ཞེས་བྱའོ། །ཚུལ་འདི་ཉིད་མཐའི་མུན་སེལ་སྒྲོན་མ་ལས་ཀྱང་གསུངས་ཏེ། ཇི་ཙམ་རྟོག་མེད་ ཟབ་མོ་ཞིག །བློ་ཡི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། །མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ཞེས་གསུངས་སོ། །དེ་བས་ན་སེམས་ཉམས་སུ་ལེན་པའི་ཚད་བསྟན་པ་འདི་ ཡང་སྣང་རྟོག་མངོན་དུ་རྒྱུ་ལོག་པ་ཙམ་ལ་རེ་ཞིག་ཚད་བཞག་པར་ཟད་དེ། སྣང་རྟོག་གི་ཞེན་པ་ལོག་པར་ཚོར་བ་ཉིད་བྱང་ཆུབ་སེམས་ཀྱི་དྲོད་ཐོབ་པ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །དེ་ལས་

གཞན་ཡང་ཞི་ལྷག་བསྒོམ་པའི་སྐབས་སུ་ནམ་མཁའི་གཟུགས་ཆུ་ནང་དུ་འཆར་བ་ལྟ་བུ་གསལ་སྟོང་གི་གནས་ལུགས་ཇི་བཞིན་པ་མ་ཡིན་ཀྱང་ཉམས་ཀྱི་རྣམ་པ་ཆ་འདྲ་བ་འཆར་བ་ནི་དཔེ་ཡི་ འོད་གསལ་ཞེས་བྱ། ཡེ་ཤེས་ཀྱི་ངོ་བོ་ཉམས་ཀྱི་ཤུན་པ་དང་བྲལ་བས་ནམ་མཁའ་གཡའ་དག་པ་ལྟ་བུ་མཐོང་བའི་ཚེ་དོན་གྱི་འོད་གསལ་ཞེས་བྱ། དེ་ཡང་རིག་སྟོང་འོད་གསལ་བདེ་བ་ཆེན་ པོའི་གནས་ལུགས་ཇི་བཞིན་པ་ངོ་འཕྲོད་དེ་རྒྱུན་བསྐྱངས་པས། རིམ་བཞིན་གོམས་འདྲིས་མངོན་དུ་ཐོབ་པའི་ཚེ་སྒོ་ལྔའི་རྣམ་ཤེས་ཡིད་ལ་ཐིམ། ཡིད་ཀུན་གཞིའི་རྣམ་ཤེས་ལ་ཐིམ། ཀུན་གཞི་ཆོས་ཉིད་འོད་གསལ་སྟོང་པ་ཉིད་ལ་ཐིམ་ནས་རྣམ་པར་ཤེས་པ་དྲུང་ནས་དག་སྟེ་མེད་ནའང་རིག་པ་རང་བྱུང་འོད་གསལ་གྱི་ཡེ་ཤེས་ནམ་མཁའ་གཡའ་དག་པ་ལྟར་འཆར་རོ་ཞེས་ ཀྱང་གསུངས་ཏེ། དཔེར་ན་གསེར་ས་རྡོ་འམ་བྱེ་མ་ལ་སོགས་དང་ལྷན་ཅིག་འདྲེས་ནས་ཡོད་པ་མེ་ལ་བཞུ་བཏུལ་ཇི་ཙམ་བྱས་པ་དེ་ཙམ་དུ་ས་རྡོ་ཕལ་པའི་དྲི་མའམ་ཁམས་ཀྱི་ནུས་པ་ཇེ་ཆུང་ཇེ་ ཆུང་ལ་འགྲོ་ཞིང་། གསེར་གྱི་དངོས་པོའི་ཁམས་ཀྱི་ཡོན་ཏན་ཇེ་བཟང་ཇེ་བཟང་ལ་འགྲོ་བ་དང་། ནམ་ཞིག་གསེར་རང་ཡང་དྲི་མ་དག་བྱའི་ཁམས་སམ་རྫས་སུ་ལྷག་མ་ཙམ་ཡང་མ་ལུས་པ་

ཡོངས་སུ་ཟད་པ་དང་འདྲའོ། །དེ་བཞིན་དུ་རྗེས་ཤེས་ཀྱི་སྟོང་པ་ཉིད་དང་མཉམ་བཞག་གི་སྟོང་པ་ཉིད་ལ་ཁྱད་པར་གང་ཞིག་ཡོད་དམ་སྙམ་ན། དཔེར་ན་ནམ་ མཁའི་གཟུགས་བརྙན་ཆུ་ནང་དུ་འཆར་བའི་རྐྱེན་ནམ་བར་ཆོད་པའི་རྐྱེན་ཆུ་ཡིན་པས་ཆུ་མ་སྐམ་བར་དུ་ཆུ་ནང་གི་ནམ་མཁའི་གཟུགས་ནམ་མཁའ་དང་འདྲེས་མི་སྲིད་པ་བཞིན་དུ་གཉིས་འཛིན་ སེམས་ཀྱི་བག་ཆགས་ཡོངས་སུ་མ་དག་བར་དུ་གཉིས་མེད་དོན་གྱི་ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་རྫོགས་པ་མངོན་དུ་གྱུར་མ་ཐུབ་ཅིང་། འོན་ཀྱང་མཉམ་བཞག་སྐབས་ཀྱི་གཉིས་མེད་དོན་གྱི་ ཡེ་ཤེས་ཀྱི་ནུས་པ་རྗེས་ཐོབ་ཀྱི་སྣང་བ་ལ་ཐེབས་པས་རྗེས་མཐུན་གྱི་སྟོང་ཉིད་ཡིན་པས་དཔེ་ཡི་ཡེ་ཤེས་ཞེས་གསུངས། དོན་གྱི་ཡེ་ཤེས་ནི་ཆུ་རྫིང་དྲུང་ནས་སྐམ་པས་ཆུ་ནང་གི་ནམ་མཁའ་ ལྷག་མ་ཙམ་ཡང་མ་ལུས་པ་ནམ་མཁའ་དང་རོ་གཅིག་ཏུ་འདྲེས་པའམ། བུམ་ནང་གི་ནམ་མཁའ་བུམ་པ་ཆག་པ་ན་ནམ་མཁའ་ཆེན་པོ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་ལྟར་འཁྲུལ་མི་ ཤེས་པ་དབྱིངས་རྣམ་པར་དག་པའི་ནམ་མཁའམ། གྲྭ་ཟུར་མེད་པའི་ཐིག་ལེ་ཆེན་པོ་གཅིག་ཏུ་གདལ་བའོ། །མཉམ་རྗེས་དབྱེར་མེད་ཀྱི་དགོངས་པ་ལ་རང་གདིང་མ་ཐོབ་བར་དུ་སེམས་

འཁྲུལ་དུ་མ་བཅུག་པར་འཇུར་དྲན་མ་ཡིན་པའི་དྲན་པའི་བྱ་རས་སོ་ཚུགས་པར་བྱས་ནས། རྣམ་རྟོག་ཕྲ་རགས་བག་ལ་ཉལ་དང་བཅས་པ་དྲུང་ནས་ཕྱུང་དགོས། རྣམ་རྟོག་འོག་འགྱུ་ཕུག་མའི་ ཆུ་དོང་ལྟ་བུའི་དཔེར་གསུངས་པ་ནི། ཆུ་དོང་གི་ངོས་རྩྭ་སྦུར་དང་ཕུག་མ་ལ་སོགས་པས་ཡོངས་སུ་བཀབ་པ་ཕྱི་ནས་ཆུ་གཡོ་བ་མི་མཐོང་ཡང་ནང་དུ་རང་བཞིན་གྱིས་གཡོ་བ་བཞིན་རྣམ་རྟོག་ ཕྲ་བར་གཡོ་བས་བག་ཆགས་ཀྱི་རྟེན་གཞི་བྱེད་པ་དང་། དཔེ་གཞན་ཡང་ཤིང་ལས་བྱུང་བའི་མེ་ཐལ་བའི་ཕུང་པོར་སོང་སྟེ་མངོན་དུ་མི་སྣང་ཡང་། ཐལ་བའི་འོག་ཏུ་མེ་ཡི་རྒྱུ་ཚ་ངད་དང་ བཅས་པ་བག་ལ་ཞ་ནས་ཡོད་པ་རྐྱེན་བུད་ཤིང་དང་ནམ་འཕྲད་པའི་ཚེ་སླར་ཡང་མེ་མངོན་དུ་འབར་བར་བྱེད་པ་བཞིན་འོག་འགྱུའི་རྣམ་རྟོག་ཕྲ་བ་ལ་བརྟེན་ནས་རགས་པའི་ལས་དང་ཉོན་མོངས་ རྒྱས་པར་བྱེད་པ་ཡིན་པས་ན་བག་ཆགས་རྩད་ནས་ཆོད་པའི་སླད་དུ་རིག་པ་དྭངས་སངས་ཕྱེས་ཏེ་དེའི་ངང་སྐྱོང་དགོས། གཞུང་སོ་སོ་ནས་བག་ཆགས་ཀྱི་ངོས་འཛིན་ལུགས་དང་བཤད་ཚུལ་ མི་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་། མདོ་དོན་སྙིང་པོ་ཕྲ་བ་བག་ལ་ཉལ་གྱི་སེམས་དང་རགས་པ་མངོན་དུ་གྱུར་པའི་སེམས་ཀྱི་ཁོངས་སུ་མ་འདུས་པ་མེད། དཔེར་ན་རྒྱ་མཚོའི་བར་སྣང་མཁའ་

ལ་ཆུ་བྱ་འཕུར་བའི་གྲིབ་མ་རྒྱ་མཚོའི་སྟེང་དུ་འཆར་བ་ལ་ཆུ་སྲིན་གྱིས་སྙེགས་པ་ཆུ་བྱས་མ་ཚོར་བ་ལྟ་བུ་ལ་མདོ་སྡེའི་སྐབས་སུ་བག་ལ་ཉལ་དང་། མངོན་པའི་ སྐབས་སུ་ཕྲ་རྒྱས་ཞེས་གསུངས་པ་བཞིན་ལམ་བསྒོམ་པའི་སྐབས་སུ་རྣམ་རྟོག་རེ་ཞིག་བག་ལ་ཞ་དང་། རྣམ་རྟོག་ཕྲ་བར་འགྱུ་བའི་འོག་འགྱུ། ཆུ་བྱ་ཆུའི་སྟེང་དུ་གྲིབ་མ་དང་ལྷན་ཅིག་ བབས་པ་ན་ཆུ་སྲིན་ཆུ་བྱ་ལ་མངོན་དུ་སྙེགས་ཏེ་ཡོངས་སུ་ཚོར་བ་ལྟ་བུ་ལ་ཀུན་ནས་ལྡང་བ་ཞེས་གསུངས་པ་ལྟར་ཕྲ་བའི་རྟོག་པ་བག་ལ་ཉལ་རྐྱེན་དང་འཕྲད་ཚེ་རགས་པའི་རྟོག་པར་གྱུར་ནས་ སླར་ཡང་ལས་ཉོན་གྱི་བག་ཆགས་ཕྲ་རགས་ཁོར་མོ་ཡུག་ཏུ་གསོག་པ་ཡིན་པས། དེས་ན་བག་ལ་ཉལ་ལམ་ཕྲ་བའི་བག་ཆགས་སམ། རྣམ་རྟོག་འོག་འགྱུའི་རྩ་བ་དྲུང་ནས་ཕྱུང་སྟེ་སྲིད་པ་ ལས་རྣམ་པར་གྲོལ་བའི་ཐབས་སུ་ད་ལྟའི་རིག་པ་ཟང་ཀ་མའི་ངང་དྲན་པའི་བྱ་རས་འཛིན་མེད་ལྷུག་པར་སྐྱོང་བ་ཁོ་ན་གཙོ་བོར་གཏོན་དགོས་ཏེ། དེ་ཡང་འདས་མ་འོངས་ད་ལྟ་དུས་གསུམ་དུ་ ཕྱེ་ནས་ད་ལྟའི་རིག་པ་ཞེས་བློ་ཡིས་བཅོས་པའི་རིག་པ་ཡན་གར་བ་ཞིག་ལ་མི་གོ་བར། འདས་པའི་སེམས་ཀྱི་རྗེས་མི་དཔྱོད། མ་འོངས་པ་ཡི་སེམས་ཀྱིས་མདུན་མི་བསུ་བ་རིག་པ་མཐའ་

གྲོལ་ཆེན་པོའི་ངང་སྐྱོང་དགོས། བཞི་ཆ་གསུམ་བྲལ་ཞེས་འབྱུང་བའི་སྐབས་སུའང་དུས་གསུམ་ལས་ཕྱེ་བའི་རྫས་སུ་གྲུབ་པའི་དུས་ཀྱི་ཆ་བཞི་པ་ཡན་གར་བ་ཞིག་ལ་མི་གོ་བར་རྟག་ཆད་ཀྱི་ མཐའ་ལས་ཡོངས་སུ་འདས་པའི་ཀ་དག་མཉམ་པ་ཉིད་ཀྱི་དུས་བསམ་བརྗོད་དང་བྲལ་བ་ཁོ་ན་ལ་གོ་དགོས། གང་དུའང་མི་གཡོ་བའམ་འཁྲུལ་པ་བག་ཆགས་དང་བཅས་པ་ཡོངས་སུ་ཟད་པ་ ནི་སངས་རྒྱས་ཀྱི་ཐུགས་ཡིན། དེའི་ཐོག་ཏུ་བརྟན་པ་མ་ཐོབ་ཀྱི་བར་དུ་སེམས་འཁྲུལ་དུ་མི་བཅུག་པར་རིག་པའི་ངང་སྐྱོང་དགོས་པ་ཡིན། ད་ལྟའི་རིག་པ་ཟང་ཀ་མའི་ངང་ལ་ཡུན་རིང་གནས་ པ་མི་སྲིད་དོ་སྙམ་པའི་བློ་ཞུམ་པའམ། སྒྱིད་ལུག་པ། འཇུར་དྲན་གྱིས་བཅིངས་པ་སོགས་མི་བྱེད་པར་གཉུག་སྲིང་ནས་ངང་སྐྱོང་དགོས། དེ་ཡང་དྲན་པའི་རྣམ་དབྱེ་མང་ཡང་སྒོམ་གྱི་ སྐབས་སུ་འདུ་བྱེད་ཀྱི་དྲན་པ་དང་། ཆོས་ཉིད་ཀྱི་དྲན་པའི་དོན་ཤེས་པས་ཉམས་ལེན་བོགས་དབྱུང་བ་ལ་ཕན། འདུ་བྱེད་ཀྱི་དྲན་པའི་མཚན་ཉིད་ནི་ཡུལ་ཆོས་ཀྱི་དབྱིངས་སམ་རིག་པ་གསལ་ སྟོང་དབྱེར་མེད་ཀྱི་ངང་ལ་དྲན་པའི་སོ་ཚུགས་པར་བྱས་ནས་འཁྲུལ་དུ་མི་བཅུག་པའི་ཡུལ་ཅན་གྱི་སེམས་དྭངས་པ་ལ་ཟེར། དེ་ཡང་དྲན་པའི་སོ་ཚུགས་པ་ཞེས་ཡེངས་པའི་སྐབས་སུ་ངོ་ཤེས་

པའི་དྲན་ཐོག་ཏུ་ལྷན་ནེར་འཇོག་པ་དང་། དྲན་པ་ལྷན་ནེར་གནས་པའི་སྐབས་སུ་དེ་ལ་འཛིན་པ་ཞུགས་ནས་སྒྲིམ་དྲགས་པ་སོགས་མིན་པར་འཛིན་མེད་ཀྱི་ངང་ལ་ ལྷོད་དེར་འཇོག་པ་སོགས་སྒྲིམ་ལྷོད་རན་པའི་སྒོ་ནས་བསྒོམ་པའི་ངང་སྐྱོང་དགོས་པ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོར་གྲོ་བཞིན་སྐྱེས་ལ་བསྒོམ་ཁྲིད་དུ་བཅུག་པས་གྲོ་བཞིན་ སྐྱེས་ཀྱིས་རེ་འགའ་ནི་ལྷོད་དྲགས། རེ་འགའ་ནི་སྒྲིམ་དྲགས་པས་བསྒོམ་སྐྱེར་མ་གཏུབ་པ་ལ་དེའི་ཚུལ་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་གྲོ་བཞིན་སྐྱེས་ལ། ཚེ་དང་ལྡན་པ་ཁྱོད་སྔོན་ཁྱིམ་ན་གནས་པའི་ཚེ་པི་ཝང་སྦྲེང་བ་ལ་མཁས་སམ་གསུངས་པས། དེས་དེ་ནི་ཤིན་ཏུ་མཁས་ལགས་སོ་ཞུས་པས། འོ་ན་ཁྱོད་ཀྱི་པི་ཝང་གི་སྒྲ་དེ་རྒྱུད་ཤིན་ཏུ་སྒྲིམ་པ་ ལས་བྱུང་ངམ་གསུངས་པས། དེས་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འོ་ན་རྒྱུད་ལྷོད་པ་ལས་བྱུང་ངམ། དེ་ཡང་མ་ལགས་སོ་ཞུས་པས། འོ་ན་སྒྲ་སྙན་པ་དེ་ཇི་ལྟ་བུ་ལས་བྱུང་ངམ་ གསུངས་པས་དེས་པི་ཝང་གི་སྒྲ་དེ་རྒྱུད་སྒྲིམ་ལྷོད་རན་པ་ལས་བྱུང་བ་ཡིན་ནོ་ཞེས་གསོལ་བས། འོ་ན་ཁྱོད་ཀྱི་བསྒོམ་དེ་ཡང་སེམས་སྒྲིམ་ལྷོད་རན་པ་ལས་བྱུང་དགོས་པ་ཤེས་པར་གྱིས་ཤིག་

ཅེས་གསུངས་པས་གྲོ་བཞིན་སྐྱེས་ཀྱིས་དེ་བཞིན་བྱས་པས་བདེན་པ་མཐོང་བའི་ལོ་རྒྱུས་དང་། མ་ཅིག་ལབ་སྒྲོན་གྱིས། སྒྲིམ་གྱིས་སྒྲིམ་ལ་ལྷོད་ཀྱིས་ཀློད། །དེ་ན་ལྟ་བའི་གནད་ཅིག་ཡོད། ། ཅེས་དང་། ཆོས་དབྱིངས་མཛོད་ལས། བློ་བདེའི་མལ་ན་ལུས་སེམས་ཁོང་གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམ་གློད་མེད་པར་ལུས་སེམས་གང་བདེར་གཞག ། གསུངས་པ་བཞིན་ནོ། །མཚན་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་ཆོས་ཉིད་ཀྱི་དྲན་པ་ནི། བལྟ་བྱ་ལྟ་བྱེད་དང་། ཡེངས་མཁན་དང་ཡེངས་ཡུལ། བསྒོམ་བྱ་དང་སྒོམ་བྱེད་ལ་སོགས་གཉིས་ སུ་སྣང་བའི་མཚན་ཉིད་ཅིར་ཡང་མ་གྲུབ་པ་ཡོངས་སུ་དག་པ་ཁོ་ན་ལ་གོ་དགོས་ཏེ་དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ་ལས། འདིར་ཀློང་དུ་གྱུར་པའི་ཚེ་ཡེངས་ཡུལ་ཆོས་ཉིད་དུ་ངེས་པའི་འཐད་ པ་ལ། རིག་པའི་ཆོས་ཉིད་ལ་འཐད་པ་དང་། སྣང་བའི་ཆོས་ཉིད་ལ་འཐད་པ་གཉིས་ལས་འདིར་དང་པོ་ཡིན་ཏེ། ཆོས་ཅན་འཁྲུལ་ངོ་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། ཆོས་ཉིད་ཆད་ལྟ་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། ཡོད་མེད་གཉིས་ཀ་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། གཅིག་དང་དུ་མ་ལ་མི་གནས་པས་ཡེངས་ཡུལ་

ཆོས་ཉིད་དུ་སོང་། གྲུབ་མཐའི་ལྟོས་གཞི་ཟད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། ལྟ་སྒོམ་གྱི་ཕྱོགས་རིས་དག་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། འཁྲུལ་ གཞི་ཐམས་ཅད་དང་བྲལ་བས་ཡེངས་ཡུལ་ཆོས་ཉིད་དུ་སོང་། རྒྱུན་ཆགས་ཆེན་པོའི་རིག་པ་ལ་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། སྙམ་བྱེད་ཀྱི་ཤེས་པ་དག་པས་ཡེངས་ཡུལ་ཆོས་ ཉིད་དུ་སོང་། ཡེངས་པའི་གཞི་རྩ་མེད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། མཁའ་ལྟར་ཕྱལ་བར་ཡས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། ཉིན་དང་མཚན་མོ་མེད་པས་ཡེངས་ཡུལ་ཆོས་ ཉིད་དུ་སོང་། སྒོམ་དང་མི་སྒོམ་དག་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། ཤེས་བྱ་རང་རྒྱུད་པ་མེད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང་། དེ་ལྟར་ཆོས་ཉིད་ཟད་པའི་ཡེ་ཤེས་ནི་མཚོན་བརྗོད་ ལས་འདས་པས་སངས་ལ་རྒྱས་མེད་པས་སངས་རྒྱས་ལ་རེ་བ་མེད། འཁོར་བར་འཁྱམས་ས་མེད་པས་སེམས་ཅན་ལ་དོགས་པ་སྤངས། བལྟས་པས་ཕྱོགས་རེ་ལས་མ་མཐོང་བས་ལྟ་ སྒོམ་ལས་སུ་ཆེ། གོ་བས་ཡིད་དཔྱོད་དུ་ཆུད་པས་སྙམ་བྱེད་ས་ལམ་དུ་མ་སོང་། རྟོགས་པས་བོགས་མ་ཐོན་ཏེ་རིག་པ་ཡེ་ཡིན་ལ་འཁྱོལ། རྒྱུ་ལ་འབྲས་བུ་རྫོགས་པས་སྐྱོན་དང་ཡོན་ཏན་

མེད། རྒྱུ་འབྲས་མཐོ་དམན་མཉམ་པས་བདེ་སྡུག་ཆོས་ཉིད་དུ་རྫོགས། སྐྱེ་འགག་གཉིས་སུ་མེད་པས་ཐིག་ལེ་ཆེན་པོའོ། །ཞེས་གསུངས་པའི་ཐོག་ཏུ་རང་གདིང་མ་ཐོབ་བར་དུ་འདུ་བྱེད་ཀྱི་ དྲན་པ་ལ་བརྟེན་དགོས། འོན་ཀྱང་སྐབས་རེ་དྲན་པས་མ་ཟིན་པར་སེམས་གཡོ་བ་ན་དཔའ་ཞུམ་པ་སོགས་བྱས་ཏེ་བསྒོམ་བློས་བཏང་མི་དགོས་ཏེ། རང་རེ་སྒོམ་ཆུང་གསར་བུ་བ་རྣམས་ཐོག་ མེད་ནས་གོམས་པའི་འཁྲུལ་སྣང་ཤུགས་ཆེ་བས་སེམས་གཡོ་བ་སྨྲོས་ཅི་དགོས། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་བཞག་གི་ཏིང་ངེ་འཛིན་ཡང་གཡོ་བར་གསུངས་ ཏེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ། མཚོ་ཆེན་པོ་རྒྱང་མ་ནས་བལྟས་ན་ཤིན་ཏུ་མི་གཡོ་བར་སྣང་བ་དེ་ནི་དྲུང་དུ་ཐུག་ན་མི་གཡོ་བ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གང་ཤིན་ཏུ་མི་གཡོ་བར་སྣང་བ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ན་མི་གཡོ་བ་མ་ཡིན་ནོ་ཞེས་དང་། དེ་བཞིན་དུ་ཞི་གནས་དང་ ལྷག་མཐོང་ཡང་མྱ་ངན་ལས་འདས་པའི་མདོ་ལས། ཉན་ཐོས་རྣམས་ནི་ཞི་གནས་ཤས་ཆེ་ལ་ལྷག་མཐོང་ཤས་ཆུང་བས་དེ་བཞིན་གཤེགས་པའི་རང་བཞིན་མ་མཐོང་ངོ། །བྱང་ཆུབ་སེམས་

དཔའ་རྣམས་ནི་ཞི་གནས་ཤས་ཆུང་ལ་ལྷག་མཐོང་ཤས་ཆེ་བས་དེ་བཞིན་གཤེགས་པའི་རང་བཞིན་ལེགས་པར་མ་མཐོང་ངོ་། །དེ་བཞིན་གཤེགས་པ་རྣམས་ནི་ཞི་ གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་ལེགས་པར་གཟིགས་སོ་ཞེས་སོགས་གསུངས་ན་རང་རེ་སྒོམ་ཆུང་གསར་བུ་བ་རྣམས་ནས་མི་གཡོ་བའི་མཉམ་བཞག་གི་ངང་ལ་བཙན་ཐབས་སུ་ བཞག་མ་ཐུབ་པ་ཙམ་ལ་དཔའ་མི་ཞུམ་པར་སེམས་ཀྱི་གཟེངས་བསྟོད་དེ་དྲན་པའི་ཐོག་ཏུ་བཞག་དགོས། དེ་ཡང་འདི་སྐད་དུ། གཏོགས་འདོད་སྤྲེའུ་བཟུང་ནས་ཀྱང་། །རྐུན་མོ་བྱི་ལ་ བཏགས་བྱས་ཏེ། །ཁང་སྟོང་ཕང་ཕུང་ཀུན་བཤིག་ནས། །གསེབ་ཁུང་སྐར་ཁུང་ཀུན་བཀག་སྟེ། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་རྟག་ཏུ་སངས་རྒྱས་ཡིན། །ཅེས་རིགས་པའི་ དོན་ལ་ཆེད་དུ་བསྐུལ་ཡང་མི་འཇུག་མི་རིགས་པའི་དོན་ལ་མ་བསྐུལ་ཡང་འཇུག་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྤྲེའུ་དང་འདྲ་བ་དེ་ཤེས་བཞིན་དྲན་པའི་སྣོད་དུ་བཅུག་སྟེ་གཞན་དུ་མི་གཡོ་བར་ བསྡམས་དགོས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ཤིན་ཏུ་རྒྱུ་བ་ཕྲ་བའི་ཚུལ་གྱི་ཀུན་གཞི་ལ་ཁ་ནང་དུ་བལྟས་ཏེ་བདག་ཏུ་རློམས་སེམས་པས། དེའི་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པའང་

འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པར་སྐྱེ་སྟེ་ཐམས་ཅད་ཟག་པ་དང་བཅས་པར་བྱིན་གྱིས་རློབས་པར་བྱེད་དོ། །དེ་བས་འདི་ཆོས་ཐམས་ཅད་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ གཟུངས་ཀྱིས་མ་བཏགས་ན་ཐར་པའི་གོ་སྐབས་མི་འབྱེད་དེ། དེའི་ཕྱིར་ཉོན་ཡིད་དང་ཡིད་ཀྱི་རྣམ་ཤེས་རྐུན་མོའི་བྱི་ལ་འདྲ་བ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་གཟུངས་ཀྱིས་གདགས་ དགོས་སོ། །ཁང་སྟོང་ཕང་ཕུང་བཤིག་པ་ནི་ཕུང་པོ་དང་སྐྱེ་མཆེད་ཀྱི་གྲོང་སྟོང་བཤིག་པ་སྟེ། འདི་རྣམས་ལ་བདག་པོ་མེད་པས་གྲོང་སྟོང་པ་ཡིན་ཏེ་རང་གི་ངོ་བོ་ཡང་མ་གྲུབ་པར་བཤིག་ པས་གྲོང་སྟོང་ཉིད་ཀྱང་མེད་དེ་ནམ་མཁའ་ལྟ་བུར་རྟོགས་པར་བྱའོ། །འདི་ཡང་ལྷག་མཐོང་སྤྱོད་པའོ། །གསེབ་ཁུང་སྐར་ཁུང་བཀག་པ་ནི། ཡུལ་ལ་གཡོ་བར་བྱེད་པའི་སྒོ་ལྔའི་རྣམ་ཤེས་ ཡིད་ནང་དུ་བསྡུས་པའི་མཐུས་བཀག་པའོ། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ལ་མཁས་པར་བྱས་པ་སྟེ། དཔེར་ན་རྒྱལ་པོའི་མཛོད་ན་ནོར་བུ་རིན་ པོ་ཆེ་ལ་སོགས་པ་ནོར་རིན་ཐང་དང་བྲལ་བའང་ཡོད་ལ། དུག་ལ་སོགས་པ་དམན་པའི་རྫས་ཀྱང་ཡོད་དོ། །དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་དང་། ཟག་པ་

མེད་པའི་ཆོས་ཐམས་ཅད་ཀྱི་མཛོད་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་གནས་ཡིན་ནོ་ཞེས་གསུངས། དེས་ན་ཀུན་གཞིའི་རྣམ་ཤེས་ཡེ་ཤེས་སུ་གནས་འགྱུར་བ་དང་ ཀུན་གཞི་ཆོས་ཀྱི་སྐུ་རུ་དག་པར་བྱེད་པའོ། །བསྒོམ་པའི་སྐབས་སུ་སྔར་མ་བསྒོམ་པའི་སྐབས་ལས་ཀྱང་རྣམ་རྟོག་མང་དུ་ཤར་བ་ལྟ་བུ་བྱུང་བ་ནི་རྣམ་རྟོག་མང་དུ་སོང་བ་མིན་ཏེ། སྔོན་ཆད་ སེམས་ཚོགས་དྲུག་གི་ཡུལ་ལ་རྒྱུན་མཐུད་ཡེངས་ཤོར་བས་དུས་ནམ་འཁྲུལ་པ་དང་། ཡུལ་གང་དུ་འཁྲུལ་པ་ངོ་ཙམ་ཡང་མ་ཤེས་པས་རྣམ་རྟོག་ཉུང་བ་ལྟ་བུར་མཐོང་། ད་བསྒོམ་པའི་ སྐབས་སུ་སེམས་ལ་སེམས་ཀྱི་བྱ་རས་ཟིན་པའི་རྟགས་སུ་རྣམ་རྟོག་མང་དུ་འཕྲོ་བ་ལྟ་བུ་བྱུང་བ་ཡིན་ཏེ། དེ་ནི་བསྒོམ་བཟང་པོ་སྐྱེ་བའི་སྔ་ལྟས་གནས་པ་དང་པོ་གཡོ་བའི་ཉམས་རི་གཟར་གྱི་ འབབ་ཆུ་ལྟ་བུ་ཞེས་བྱ། དེ་ལྟར་རྣམ་རྟོག་ཇེ་མང་དུ་འཚུབས་པའི་སྐབས་སུ་སྒོམ་གྱི་སྐལ་པ་མེད་པ་འདྲ་སྙམ་སྟེ་ཡིད་ཆད་པ་དང་། སྒྱིད་ལུག་པ་སོགས་ཀྱི་དབང་དུ་མི་གཏོང་བ་དང་། རྣམ་རྟོག་འགོག་པའི་གཉེན་པོ་འཇུར་དྲན་གྱིས་བཅིང་དྲགས་ཏེ་སྙིང་རླུང་གི་གེགས་ལྡང་བའི་རྒྱུ་རུ་འགྲོ་བ་སོགས་མི་བཟོ་བར་སེམས་རང་བབ་རྒྱ་ཡན་དུ་ལྷོད་དེར་བཞག་ནས་དྲན་པའི་རྒྱངས་

སོ་བྱེད་དགོས། སྒོམ་མཁན་བློ་གསར་བུ་བ་རྣམས་ནས་ཐུན་གཏོང་བའི་སྐབས་སུའང་ཐུན་ཡུན་ཐུང་ལ་གྲངས་མང་བ་གཏོང་དགོས། ཐུན་འཇོག་པའི་སྐབས་སུའང་སེམས་རྣམ་རྟོག་གིས་མ་ དཀྲུགས་པ་ཞི་བདེར་གནས་པ་བྱུང་ན་དེ་ཐོག་རེ་ཞིག་ལྷོད་དེ་བར་མཚམས་འཇོག་པ་གལ་ཆེ། ཅིའི་ཕྱིར་ན་ཐུན་མཚམས་རྣམ་རྟོག་གིས་དཀྲུགས་པའི་ཐོག་ཏུ་བཞག་ན་སླར་ཡང་བླན་ཏེ་འཇོག་ པའི་སྐབས་སུ་སེམས་སྔར་ཤུལ་རྣམ་རྟོག་འཁྲུགས་པའི་རྗེས་སུ་མུ་མཐུད་དེ་སེམས་ལ་གནས་པ་མི་སྟེར་བའི་ཉེན་ཡོད། དེས་ན་ཐུན་མཚམས་སེམས་དྭངས་པའི་ཐོག་ཏུ་བཞག་ན་སླར་བླན་ཏེ་ བསྒོམ་པའི་སྐབས་སུ་སྔར་ཤུལ་སེམས་དྭངས་པའི་ཐོག་ཏུ་འབྱོར་ནས་རིམ་པ་རིམ་པས་བསྒོམ་པའི་ངང་ཇེ་རིང་ལ་འགྲོ། དེ་བཞིན་ཐུན་མཚམས་ལ་ལྡང་བའི་སྐབས་སུའང་ཧར་གྱིས་མི་ལང་ བར་དྲན་དང་ཤེས་བཞིན་གྱི་ངང་མ་ཤོར་བའི་ངང་ནས་ལྡང་ཞིང་དལ་བུར་འགྲོ་བ་དང་། དྲན་པ་བག་ཡངས་རྒྱུན་ཆགས་སུ་བརྟན་པའི་སླད་དུ་གློ་བུར་གཞན་ལ་གཏམ་གྱ་ཚོམས་སུ་སྨྲ་བ་ སོགས་མི་བྱེད་པར་ཞི་ཞིང་དེས་པའི་ངང་ནས་སྨྲ་བ་སོགས་བྱས་པས། དྲན་དང་ཤེས་བཞིན་གྱི་རྒྱུན་བར་མ་ཆོད་པར་མཐར་མཉམ་རྗེས་དབྱེར་མེད་དུ་འགྲོ་བ་ལ་ཕན། དེ་ལྟར་ཐབས་སྣ་

ཚོགས་ཀྱི་སྒོ་ནས་སེམས་གནས་པའི་ཐབས་ལ་བརྩོན་པས་ཇི་ཞིག་ནས་རེ་འགའ་སེམས་གནས་པ་དང་། རེ་འགའ་སེམས་འགྱུ་བ་བྱུང་དུས། འགྱུ་བ་ལ་མི་ དགའ་བ་དང་། གནས་པ་ལ་དགའ་བའི་ཆགས་སྡང་གི་རྦ་རླབས་ཇེ་ཉུང་དུ་སོང་བའི་དུས་ན་གནས་པ་བར་མ་ཐོབ་པའི་ཉམས་ཆུ་ཀླུང་དལ་གྱིས་འབབ་པ་ལྟ་བུ་ཞེས་བྱ། དེའི་ངང་ལ་གཉུག་ བསྲིངས་ནས་བསྒོམ་པས་རྣམ་རྟོག་གི་འགྱུ་བ་ཕྲ་རགས་ཐམས་ཅད་ཉུང་དུ་སོང་ནས་སེམས་ཀྱི་གནས་ཆ་ཡུན་རིང་བར་མེད་ལྟ་བུར་གྱུར་དུས་གནས་པ་ཐ་མ་བརྟན་པའི་ཉམས་རྒྱ་མཚོ་རླུང་ གིས་མ་བསྐྱོད་པ་ལྟ་བུ་ཞེས་བྱ། དེ་ཡང་བསྒོམས་པའི་སྐབས་སུ་བདེ་གསལ་མི་རྟོག་གསུམ་ཆ་མ་མཉམ་ན་སྐྱོན་ཆེ་སྟེ། བདེ་ཉམས་ཤས་ཆེ་ན་བདེ་ཉམས་མཚན་མ་ཅན་ཞེས་འདོད་ཆགས་ རང་མཚན་པ་མེ་འབར་བའི་ཐོག་ཏུ་བུད་ཤིང་བསྣན་པ་ལྟ་བུར་གྱུར་ཏེ་དགེ་ཚུལ་སློང་ཡིན་ན་འདོད་ཡོན་ལ་གདུང་ཞིང་ཆགས་ནས་བསླབ་པ་ཉམས་པའི་རྒྱུ་བྱེད་པའམ། སྔགས་པ་གསར་བུ་བ་ ཡིན་ན་ལྟ་དགོངས་དང་མི་ལྡན་བཞིན་དུ་འདོད་ཡོན་ལ་བག་མེད་འབྱོལ་ཉོག་ཏུ་སྤྱོད་པའམ། བདེ་བ་ལ་ཆགས་འཛིན་ཞེན་པ་ཇེ་ཆེར་འགྲོ་ཞིང་སླར་འཁོར་བར་འཁོར་བའི་རྒྱུ་བྱེད། བདེ་ཉམས་

ཆུང་ཞིང་མི་རྟོག་པ་ཤས་ཆེ་ན་ཞི་གནས་ལྡིང་བའམ་ལྟེང་པོར་ལྷུང་ནས་བྱིང་རྨུག་གི་དབང་དུ་འགྲོ་བའམ་དྲན་མེད་འགོག་པའི་སྙོམས་འཇུག་ལ་ལྷུང་ནས་ཐར་པ་ཐོབ་པར་མི་བྱེད། གསལ་བ་ དང་མི་རྟོག་པ་གཉིས་ཆ་མཉམ་ཡང་བདེ་ཆ་ཆུང་ན་སྒོམ་ལ་སྤྲོ་བ་མི་སྐྱེ་ཞིང་སྒོམ་སྙིང་མི་འདོད། གནས་ཆ་ཆུང་ན་རྣམ་རྟོག་འཕྲོ་རྒོད་ཀྱི་དབང་དུ་སོང་ཞིང་སེམས་གཏན་ལ་མི་ཕེབས། གཉིས་པོ་མཚུངས་ཀྱང་གསལ་ཆ་ཆུང་ན་རིག་པ་བག་ལ་ཞ་བས་སྒོམ་ལ་དྭངས་སྙིགས་མི་འབྱེད་པས་སེམས་ལ་དྭངས་ཆ་མི་ཐོན། བདེ་གསལ་གཉིས་པོ་ཆ་མཉམ་ཡང་མི་རྟོག་པ་མེད་ན་ མཚན་མར་དམིགས་པའི་ཕྱོགས་སུ་ལྷུང་ཞིང་སྒོམ་གྱི་སྣ་མ་ཟིན་པས་གནས་སྐབས་འདུག་ཚུགས་མི་ཟིན་ལ་བྱ་སྤྱོད་ཐམས་ཅད་ཐ་མལ་གྱི་དབང་དུ་ཤོར་ཞིང་མཐར་ཐུག་གྲོལ་བ་ཐོབ་པའི་དུས་ མི་ཡོང་བས་གོང་གི་སྐྱོན་གསུམ་པོ་དེ་དག་ལས་ལྡོག་པའི་ཐབས་བདེ་གསལ་མི་རྟོག་གསུམ་ཆ་མཉམ་དུ་སྐྱོང་བའི་ཐབས་ལ་འབད་དགོས། དེ་གང་ཞེ་ན། གནས་མི་གནས་གཉིས་ཀ་དང་ བྲལ་བའི་གནས་ཆ། གསལ་མི་གསལ་གཉིས་ཀ་དང་བྲལ་བའི་གསལ་ཆ། བདེ་མི་བདེ་གཉིས་ཀ་དང་བྲལ་བའི་བདེ་ཆ། སྟོང་མི་སྟོང་གཉིས་ཀ་དང་བྲལ་བའི་སྟོང་ཆ་ཡེ་ནས་མ་བཅོས་

ལྷུན་གྲུབ་ཏུ་ཡོད་པ་ནི་ཆོས་ཉིད་རིག་པ་འོད་གསལ་གྱི་གནས་ལུགས་ཡིན་ཅེས་སྔོན་བྱོན་རྟོགས་པ་ཀློང་དུ་གྱུར་པའི་འཕགས་པའི་གང་ཟག་རྣམས་ཀྱི་གསུང་ལས་ བྱུང་བས་དེ་ཐོག་ཏུ་བརྟན་པ་ཐོབ་པར་བྱ་དགོས། རིག་པ་ངོ་འཕྲོད་པ་ཙམ་ཡོད་ཀྱང་རང་ཐོག་ཏུ་མི་གཡོ་བར་སྐྱོང་མི་ཐུབ་པའམ། རྣམ་རྟོག་ཤར་གྲོལ་རིས་མེད་དུ་དག་མ་ཐུབ་ན། བསྒོམ་པ་ ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅིས་མ་འདྲ། །ཞེས་འཇིག་རྟེན་པའི་ཟག་བཅས་ཀྱི་བསམ་གཏན་ཙམ་ལས་ཟག་པ་མེད་པའི་བསམ་གཏན་ལ་ཉེ་བ་མ་ཡིན། ཀུན་མཁྱེན་ཆེན་ པོས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་འཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས། གཉུག་བསྲིངས་ནས་བསྒོམས་པས་ཇི་ཞིག་ནས་རྣམ་རྟོག་ཤར་བ་ ངོ་ཤེས་ནས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། གཉེན་པོ་གཞན་ལ་བརྟེན་མ་དགོས་པར་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ཞིག་པ་ལྟ་བུ། རྣམ་རྟོག་ཕན་མེད་གནོད་ མེད་དུ་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་སྟེ་གྲོལ་ལུགས་གསུམ་རིམ་པར་འབྱུང་ངོ་། །དེ་ཙམ་དུ་མ་ཟད་གནས་ལུགས་ཇི་བཞིན་པའི་ཐོག་ཏུ་བཞག་མ་ཐུབ་པར་གོ་བ་དང་། མྱོང་བ་ཙམ་ལ་

ཞེན་པ་སྐྱེས་ན་གོང་དུ་ལུང་དྲངས་པ་བཞིན་བདུད་ཀྱི་འཇུག་སྒོ་ཡིན་པར་གསུངས་པའང་ཤེས་དགོས་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ཐོབ་པ་ཞེས་བྱ་ བ་དེ་ནི་གཡོ་བ་ཉིད་དོ། །མངོན་པར་རྟོགས་པ་ཞེས་པ་དེ་ནི་རློམ་སེམས་ཉིད་དོ། །གཡོ་བ་དང་རློམ་སེམས་གང་ཡིན་པ་དེ་ནི་བདུད་ཀྱི་ལས་སོ། །ལྷག་པའི་ང་རྒྱལ་ཅན་དག་ནི་བདག་གིས་ ཐོབ་བོ། །བདག་གིས་མངོན་པར་རྟོགས་སོ་ཞེས་རྣམ་པར་རྟོག་པར་འགྱུར་རོ་ཞེས་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། འདི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ བདག་གིས་ཉོན་མོངས་པ་ཐམས་ཅད་སྤངས་སོ་སྙམ་དུ་རློམ་སེམས་ཡོད་ན་དགྲ་བཅོམ་པར་མི་འགྱུར་རོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ཀུན་ཏུ་བཟང་མོས་མ་ཟིན་དགེ་ བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །ཞེས་དང་། དཔལ་ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཞེས་སོགས་གསུངས་སོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་བརྟེན་ནས་རིག་སྟོང་དབྱེར་མེད་མཉམ་པ་ཆེན་

པོའི་ངང་ལ་ལྷོད་དེར་གནས་པ་བྱུང་ན་དེ་གའི་རྒྱུན་བསྐྱངས། གལ་ཏེ་བྱིང་བ་བྱུང་ན། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ ནི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་བཞག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་དང་། ཡང་ན་གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་བྱུང་བ་ལྟར་རང་ གི་མདུན་གྱི་ནམ་མཁར་རྒྱལ་བ་ཀུན་གྱི་སྤྲོ་བསྡུའི་བྱེད་པོ་ཀུན་བཟང་ཡབ་ཡུམ་རྒྱན་མེད་ཟག་མེད་བདེ་བ་ཆེན་པོའི་ངོ་བོར་མཉམ་པར་སྦྱོར་བའི་འོད་ཀྱི་སྐུ་མཆོག་ཏུ་དྭངས་ཤིང་གསལ་བ་ལ་ དྲན་པ་བག་ཡངས་སུ་བརྟེན་ནས་ལྷོད་དེར་བཞག སྐབས་རེ་སེམས་རྒོད་པ་བྱུང་ན་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་སོགས་སེམས་རྒོད་པའི་གཉེན་པོ་བསྟེན་ནས་མིག་གི་ལྟ་ སྟངས་ཕབ་ལ་སེམས་ལྷོད་ཆགས་པའི་ངང་སྐྱོང་། སྐབས་རེ་ཅི་ཡང་མི་མཐོང་བའམ་སྟོང་སང་ངེ་བར་གནས་ན་ཆད་པའི་ལྟ་བར་ལྷུང་བ་འདྲ་སྙམ་པའི་འཇིགས་སྐྲག་དང་དོགས་སློང་མི་བྱེད་

པར་སྟོང་སང་ངེ་བ་དེ་ཐོག་ཏུ་དྲན་པ་བརྟེན་ན་ནམ་ཡང་སྟོང་ཆེན་ཆོས་ཀྱི་དབྱིངས་ལས་གཡོས་པ་མེད་པས་གོལ་ས་མི་འབྱུང་སྟེ། ཡུམ་ལས། ཆོས་གང་མཐོང་བ་མེད་པའི་ཚུལ་གྱིས་མཐོང་ བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང་། སངས་རྒྱས་ཀྱི་དགོངས་པ་རྟག་ཆད་ཀྱི་མཐའ་ལས་འདས་པའི་དོན་མཐོང་བ་ཡིན་ཏེ་ཇི་སྐད་དུ། སངས་རྒྱས་གཟུགས་སུ་མི་བལྟ་ མཚན་དང་ནི། །རིགས་དང་རྒྱུད་དུ་མི་བརྟགས་སྒྲ་དང་ནི། །ཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་ འདས། །ཞེས་གསུངས། དེ་ཡང་ཆོས་ཉིད་ནི་ཕྱོགས་དུས་ཀུན་ནས་མཚན་མའི་རྟོག་པས་བསླད་མི་བཏུབ་པ་བདུད་བཞི་ཡེ་ནས་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་པོ་མ་བཙལ་ཡེ་རྫོགས་ སུ་ལྡན་པའི་དག་པའི་སེམས་ཉིད་ཁོ་ན་ལ་གོ་དགོས། ཅིའི་ཕྱིར་ན། ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། །ཞེས་གསུངས་པས་སོ། །སེམས་སྟོང་པ་ལྟ་བུར་འཆར་རུང་། གསལ་བ་ ལྟ་བུར་འཆར་རུང་། གསལ་སྟོང་དབྱེར་མེད་ལྟ་བུར་འཆར་རུང་། གང་ལྟར་འཆར་ཡང་འདྲ་སྟེ་ཆོས་ཉིད་དེ་བཞིན་ཉིད་ལ་འཕོ་འགྱུར་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས།

བྲི་བ་མེད་པ་གང་བ་མེད་པའོ། །ཞེས་གསུངས་པས་སོ། །དེ་ཡང་འདིའི་ཆོས་ཉིད་ཀྱི་དོན་ནི་ཡུལ་སངས་རྒྱས་ཁོ་ན་ལ་གོ་དགོས་ཀྱི། ཡུལ་ཅན་སེམས་ལ་གོ་ མི་རུང་ངོ་སྙམ་པའི་རྟོག་པ་མི་གཞུག་པར་ཡུལ་དང་ཡུལ་ཅན་གཉིས་སུ་མ་གྲུབ་པ་རང་གི་སེམས་ཀྱི་ཆོས་ཉིད་ལ་ངེས་ཤེས་རྙེད་པར་བྱས་ནས་རིག་པའི་དཔང་བསྟོད་དགོས་ཏེ། སྡོང་པོ་ བཀོད་པའི་མདོ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །རྣམ་པར་ཤེས་དང་སེམས་པ་དག །དེ་དག་ བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པས་སོ། །དེའི་ཕྱིར་ ཆོས་ཉིད་ཡེ་ནས་དག་པའི་གཤིས་ཀྱིས་འཁྲུལ་པ་གཞི་ལ་མི་སྲིད་པའི་དོན་ཚུལ་བཞིན་རྟོགས་ན་འཁྲུལ་པ་མ་སྦྱང་རང་དག་ལ་སོང་བས་སྤོང་གཉེན་མི་དགོས། མཉམ་བཞག་གི་ངང་ལ་ གནས་ཐུབ་ན་ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ས་ལམ་ཡོན་ཏན་རྣམས་མ་འབད་ལྷུན་གྲུབ་ཏུ་ཚང་བ་སྟེ། ཇི་ལྟར་ན་དངོས་དང་དངོས་མེད་ཀྱི་ཆོས་གང་ལའང་འཛིན་པ་མེད་པས་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ། གཙང་དང་མི་གཙང་བའི་རྟོག་པ་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བཟོད་པ་བསྒོམ་པའི་ཡུལ་སེམས་ཅན་དང་། བཟོད་པ་སྒོམ་མཁན་ཡུལ་ཅན་བདག་ཏུ་ ལྟ་བ་མ་རྙེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། འབྲས་བུའི་སངས་རྒྱས་རང་ལས་བརྙེས་པས་རེ་བའི་འབད་རྩོལ་མ་དགོས་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཡིན་པ་དང་མ་ཡིན་ པ་གང་གི་ཕྱོགས་སུའང་མི་སེམས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། འཁོར་འདས་དག་མཉམ་ཡེ་ཤེས་ཆེན་པོའི་ངང་ལས་གཞན་དུ་དམིགས་པར་བྱ་བ་ཤེས་དང་ཤེས་བྱའི་ཆོས་མ་རྙེད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཁྱད་པར་གྱིས་ཞུས་པའི་མདོ་ལས། མི་འཛིན་པ་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་བསྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་བསམ་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ་ཞེས་གསུངས་སོ། །ཡང་རྗེས་ཐོབ་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་བཅུ་ས་བཅུའི་རིམ་པ་དང་སྦྱར་བར་སྤྲོ་ན་དོན་འདུས་སུ་འོག་ཏུ་གསལ་ བ་ལས་རྟོགས་སོ། །ཆོས་ཉིད་དེ་བཞིན་ཉིད་དག་པའི་ངང་ལ་གསང་སྔགས་ལུགས་ཀྱི་ཡེ་ཤེས་ཀྱི་ལྷ་ཡང་མ་བསྒོམ་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་མ་བསྐྱེད་རང་རྫོགས་

༼ཏ༽།ཇི་སྐད་དུ། སྤྲོས་པ་མེད་པའི་རྣལ་འབྱོར་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས། དེའི་ཕྱིར་རིག་པ་ཐིག་ལེ་ཆེན་པོ་ཉག་གཅིག་གི་ ངང་ལ་བཞག་ན་བདག་དང་བདག་གིར་འཛིན་པའི་གང་ཟག་མེད། གང་ན་གང་ཟག་མེད་ཕན་ཆད་འཁྲུལ་གཞི་སེམས་མེད། སེམས་མེད་པས་འཁྲུལ་སྣང་གི་ཆོས་མེད། འཁྲུལ་པའི་སྣང་ བ་མེད་པ་དེ་ལ་སངས་རྒྱས་ཞེས་གྲགས་སོ། །འོ་ན་གང་ཟག་ཅེས་པ་གང་ཞེ་ན། ཉོན་མོངས་པས་ཤེས་རྒྱུད་གང་བས་ན་གང་། དེས་འཁོར་བར་ཟག་པས་ན་ཟག་ཅེས་བདག་ཏུ་ལྟ་བ་ལ་ སྦྱར་བ་སྟེ། འོན་ཀྱང་ཉོན་མོངས་པའི་རྩ་བ་གང་ཟག་ཅེས་པ་མཐའ་གཅིག་ཏུ་འཁོར་བར་ཟག་པའི་རྒྱུ་བྱེད་པ་མི་མཐུན་ཕྱོགས་ཁོ་ན་ལ་སྦྱར་དགོས་པའི་ངེས་པའང་མེད་དེ། དཔེར་ན་ཉན་ཐོས་ པས་གང་ཟག་ལ་བརྟེན་ནས་སྤང་བར་བྱ་བའི་ཉོན་མོངས་པའི་རྫས་ཅི་ཡང་མ་རྙེད་ན་ཐོབ་པར་བྱ་བའི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་མི་སྲིད་ལ། བྱང་ཆུབ་སེམས་དཔའི་ལམ་དུ་སྣང་བ་ཐམས་ ཅད་བདེན་མེད་སྒྱུ་མ་ལྟར་རྟོགས་ཤིང་། ཉོན་མོངས་པ་ཆོས་ཉིད་དུ་བསྒྱུར་ཏེ་གཞན་དོན་སྤྱོད་པའང་གང་ཟག་དང་། དེ་ལས་བྱུང་བའི་ཉོན་མོངས་ལ་བརྟེན་ནས་གནས་འགྱུར་གྱི་ཡོན་ཏན་ཐོབ་

པར་བྱས་པ་ཡིན་ཏེ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་ཞེས་དང་། དེ་ལས་ཀྱང་ཁྱད་པར་དུ་གསང་སྔགས་བླ་ན་མེད་པའི་ རྒྱུད་སྡེ་རྣམས་ལས་སྦས་དོན་ཡན་ལག་གི་དམ་ཚིག་ཁོངས་སུ་སྙིང་རྗེས་སེམས་ཅན་ལ་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱི་ལོག་རྟོག་འཇོམས་པའི་ཞེ་སྡང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་བླང་དོར་མེད་པའི་གཏི་མུག མཉམ་ཉིད་རྟོགས་པའི་ལྟ་བ་གཤོང་དུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་རྟོག་པ་མཉམ་ཉིད་ཀྱི་ཀློང་དུ་མི་ གཤོང་བའི་ཕྲག་དོག་སོགས་རྟོགས་དགོངས་དང་ལྡན་པ་རྣམས་ལ་ཉོན་མོངས་པ་རྣམས་ཡེ་ཤེས་ལྔ་ཡི་དམ་ཚིག་ལྔ་རུ་འབྲེལ་དགོད་ནས་གསུངས་པའང་ཡོད་ལ། ཡང་འཕགས་པའི་གང་ ཟག་ཅེས་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པ་བདག་དང་བདག་གིར་འཛིན་པའི་རྟོག་པ་དང་། རྟོག་པའི་ཆོས་ཀུན་ལས་ཡོངས་སུ་འདས་པ་འདུས་མ་བྱས་ཆེན་པོ་སྟེ། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ་ཞེས་གསུངས་པ་ལྟར་རོ། །གང་ལྟར་ཡང་སངས་རྒྱས་ནས་གསུངས་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། དེ་དག་གི་དགོངས་

འགྲེལ་རྗེས་འཇུག་མཁས་པའི་བསྟན་བཅོས། སྔགས་ལྟར་ན་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་བཀའ་དང་། དེའི་དགོངས་འགྲེལ་རིག་འཛིན་གྲུབ་ཐོབ་རྒྱ་ མཚོའི་མན་ངག་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་བསྡུ་ན་སེམས་ཅན་རྣམས་ཀྱི་ལས་དང་བག་ཆགས་ཡོངས་སུ་ཟད་དེ་སངས་རྒྱས་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱེད་པའི་དོན་ཁོ་ནའི་ཆེད་དུ་ ཡིན། ལས་དང་བག་ཆགས་མྱུར་བ་ཉིད་དུ་ཟད་པར་བྱེད་པའི་གདམས་པའི་ཆོས་ཀྱི་སྙིང་པོའམ། མཆོག་རབ་དམ་པ་ནི་གཉིས་སྣང་གི་སྣང་བ་ཟད་པར་བྱེད་པ་ཁོ་ན་ཡིན་པས་དེས་ན་ཆོས་ ཉིད་གཉུག་མའི་དྲན་པ་སྐྱོང་བ་མཉམ་བཞག་ལ་གཙོ་བོར་བཏོན་དགོས། དེ་ལ་གནས་མ་ཐུབ་པར་སེམས་གཡོ་བའི་ཚེ་ཟ་ཉལ་འགྲོ་འདུག་ལ་སོགས་པའི་ཀུན་ཏུ་སྤྱོད་པ་ཐམས་ཅད་རྨི་ལམ་ དང་སྒྱུ་མ་ལྟ་བུ་དངོས་མཚན་དུ་གྲུབ་པ་མེད་པར་ལྟ་བའི་སྒོ་ནས་ཚོགས་བསགས་སྒྲིབ་སྦྱོང་ལ་སོགས་པའི་སྤྲོས་བཅས་ཀྱི་དགེ་བ་ལ་བརྩོན་པ་དང་། ཡང་རིག་ཐོག་ཏུ་མཉམ་པར་བཞག་པ་ སོགས་མཉམ་རྗེས་བསྲེ་བ་གལ་ཆེ། ཅིའི་ཕྱིར་ན་རྗེས་ཐོབ་སྣང་བ་དང་བཅས་པའི་དགེ་ཚོགས་ཀྱིས་ཆད་པར་ལྟ་བའི་གོལ་སར་མི་ལྟུང་བར་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་མཐར་

གཟུགས་སྐུ་གཉིས་འགྲུབ་པ་དང་། མཉམ་བཞག་སྣང་བ་མེད་པའི་དགེ་བས་རྟག་པར་ལྟ་བའི་མཐར་མ་ལྷུང་བར་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་མཐར་ཆོས་ཀྱི་སྐུ་འགྲུབ་པའོ། །འོན་ཀྱང་དེ་ དག་གི་དོན་ཚུལ་བཞིན་རྟོགས་པར་བྱས་ཏེ་ཉམས་སུ་ལེན་པར་བྱ་བ་ལས་གོ་བ་ཙམ་ལ་བཞག་པས་མི་ཕན་ཏེ། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། །ཞེས་པ་ལྟར་ཉམས་ལེན་གཏན་ལ་དབབ་ དཀའ་ཞིང་རྐྱེན་མི་ཐུབ། ཤེས་ཉམས་ཀྱི་དབང་དུ་ཤོར་ནའང་ཐར་པ་ཐོབ་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་དུ་མི་འགྲོ་སྟེ། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །ཞེས་པ་ལྟར་མྱོང་བ་ཡིན་པའི་ རྟགས་སུ་ཉམས་ལེན་ལ་འཕེལ་འགྲིབ་ཡོད། དེས་ན་རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། །ཅེས་གནས་ལུགས་ཀྱི་དོན་ཚུལ་བཞིན་རྟོགས་པའི་ངང་ལས་མ་གཡོས་ན་འཁོར་བའི་ སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཕུང་པོ་ལྔའི་མིང་ཙམ་ཡང་མ་ལུས་པ་དག་པར་འགྱུར་རོ། །དེས་ན་ཉམས་རྟོགས་ཀྱི་རོ་ལ་མ་ཆགས་པ་ལས་ཡེ་ཤེས་ཀྱི་ཡོན་ཏན་སྐྱེ་བ་ནི་འདི་སྐད་དུ། དུས་གང་གི་ཚེ་རྣམ་པར་མི་རྟོག་པའི་དོན་ཟབ་མོ་གཞན་ལ་བསྟན་པའི་ཐབས་མེད་པ་ཞིག་རང་གི་བློས་ཉམས་སུ་མྱོང་ངོ་ཞེ་ན་དེ་ལྟ་ན་ཡང་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རྟོག་པ་ཞིག་ཏུ་ཟད་པས།

བདེན་པ་མཐོང་བ་ཞེས་མི་བྱའོ། །འདི་ལྟར་རང་གིས་མྱོང་བ་གཞན་ལ་བསྟན་པར་མི་ནུས་པ་ནི་མངོན་སུམ་ཀུན་གྱི་ཆོས་ཉིད་ཡིན་ཏེ་དཔེར་ན་ལན་ཚྭའི་རོ་ནི་མི་ དང་དུད་འགྲོ་ཕལ་མོ་ཆེས་ཀྱང་ཐུན་མོང་དུ་ཉམས་སུ་མྱོང་བ་ཡིན་མོད་ཀྱི་འོན་ཀྱང་ལན་ཚྭའི་རོ་མ་མྱོང་བ་ཞིག་ལ། ལན་ཚྭའི་རོ་ནི་འདི་འདྲའོ། །ཞེས་བསྟན་པའི་ཐབས་ནི་མེད་དོ། །དེ་བཞིན་དུ་ རང་ལ་ཏིང་ངེ་འཛིན་གྱི་རོ་མྱོང་བ་ཡོད་ན་གཞན་ལ་བསྟན་པར་མི་ནུས་ཀྱང་ཟབ་མོའི་གྲངས་སུ་མི་ཆུད་དེ། རྣམ་པར་རྟོག་པ་ཞིག་ཏུ་ཟད་དོ། །ཚུལ་འདི་ནི་གཞན་ལས་ཀྱང་ཚོར་བྲལ་བདེ་བའི་ ལམ་ཞེས་ཀྱང་གསུངས་ལ། བླ་ན་མེད་པའི་བྱང་ཆུབ་ཀྱང་ཚོར་བ་དང་བྲལ་ཞིང་ཡིད་ཀྱི་སྤྱོད་པ་དང་བྲལ་བ་ལ་གསུངས་ཏེ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐུབ་དབང་ཁྱོད་ཀྱིས་ བདུད་དཔུང་སྟོབས་ཅན་རབ་བཏུལ་ནས། །བྱང་ཆུབ་མཆོག་རབ་ཞི་བ་མི་འཆིར་བདེ་བ་བརྙེས། །དེ་ལ་ཚོར་བྱེད་སེམས་དང་ཡིད་ཀྱི་སྤྱོད་པ་མེད། །ཅེས་བྱང་ཆུབ་བརྙེས་པའི་སྐབས་སུ་ གསུངས་པའོ། །མདོར་བསྡུ་ན་སྣང་རྟོག་མངོན་དུ་རྒྱུ་ལོག་པ་ནི་བདེན་པ་མཐོང་བའོ། །བག་ལ་ཉལ་ཟད་པ་ནི་བྱང་ཆུབ་ཉིད་བརྙེས་པའོ། །བདེན་པ་མཐོང་བ་ཞེས་བྱ་བ་འདི་ཡང་ཆོས་གང་

ཡང་མ་མཐོང་བའི་ཚུལ་བླ་དྭགས་ཏེ། ཇི་སྐད་དུ་དྲི་མ་མེད་པས་བསྟན་པ་ལས། བདེན་པ་མཐོང་བ་རྣམས་ཀྱིས་བདེན་པ་ཉིད་མཐོང་བ་མེད་ན་བརྫུན་པ་ལྟ་ག་ལ་མཐོང་ཞེས་གསུངས་པ་དང་། སྡུད་པའི་ཚིགས་སུ་བཅད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་བཞིན་ཆོས་མཐོང་བ་ཡང་དེ་ བཞིན་གཤེགས་པས་བསྟན། །ཞེས་གསུངས་པའང་དེ་འདྲའོ་ཞེས་གསུངས། རིན་ཆེན་ཕྲེང་བ་ལས། ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་འབྱུང་ བ་བཞིན་སླར་ཡང་མཉམ་བཞག་ཅེས་པའི་དོན་བསྡུ་ན་གཉིས་སྣང་གིས་མ་བསླད་པའི་རང་བྱུང་གི་རིག་པ་ནམ་མཁའི་རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་བ་ཐིག་ལེ་ཆེན་པོ་ཉག་ གཅིག་གི་ངང་ལས་མི་གཡོ་བ་ལ་བྱ་ཞིང་། རྗེས་ཐོབ་ཅེས་པ་ནི་མཉམ་བཞག་དེ་ལས་སེམས་གཡོས་པའི་སྐབས་སུ་ཚོགས་དྲུག་གི་སྣང་བ་འཇིག་རྟེན་གྱི་སོ་སོའི་སྐྱེ་བོ་ཐ་མལ་པ་བཞིན་དངོས་ པོ་རང་མཚན་དུ་མ་འཁྲུལ་པར་སྣང་བ་གང་འཆར་བ་ཐམས་ཅད་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུར་ལྟ་བའི་ངང་ནས་སྔར་བརྗོད་པ་བཞིན་སེམས་ཅན་གྱི་དོན་ལ་དམིགས་པའི་

ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་པར་བྱ་བའོ། །འོ་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་གསུང་རབ་ཐམས་ཅད་ལས་འབྱུང་བ་སྒྱུ་མའི་མཚན་ཉིད་གང་འདྲ་ཞིག་ ལ་གོ་དགོས་སྙམ་ན་སྒྱུ་མའི་མཚན་ཉིད་ནི་སྣང་ཡང་སྣང་བ་ལྟར་དུ་མི་བདེན་པའི་རང་བཞིན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་ཤིང་བུ་དང་རྡེའུ་རས་ཡུག་ལ་སོགས་པ་ལ་གང་ཞིག་སྤྲུལ་པར་ འདོད་པའི་འདྲ་གཟུགས་བྱས་ཏེ་སྔགས་ཀྱིས་བཏབ་ན་སྐྱེས་པ་བུད་མེད་ཁང་ཁྱིམ་རྟ་གླང་ལ་སོགས་པ་སྒྱུ་མའི་ཆོ་འཕྲུལ་སྣ་ཚོགས་པར་སྣང་བར་འགྱུར་ཏེ། འོན་ཀྱང་གནས་སྐབས་རྒྱུ་རྐྱེན་ རྟེན་འབྲེལ་འཛོམ་པ་ལས་སྣང་བ་ཙམ་མ་གཏོགས་དང་པོ་ཉིད་ནས་རྒྱུ་རང་གྲུབ་ཀྱི་བྱུང་བ་མིན་ལ། བར་དུ་སྒྱུ་མར་སྣང་བའི་ཚེ་ནའང་སྒྱུ་མ་ཡིན་ཕྱིར་བདེན་པར་གྲུབ་པའི་མཚན་ཉིད་ཅིར་ཡང་ མ་གྲུབ། ཐ་མ་སྒྱུ་མ་བསྡུས་པའི་ཚེ་ནའང་སྒྱུ་མ་དང་པོ་ཉིད་ནས་མ་གྲུབ་པས་བསྡུས་པ་ལྟར་སྣང་ཡང་གང་དུའང་བསྡུས་པ་མེད་དེ། །དེའི་ཕྱིར་བདེན་པར་གྲུབ་པའི་མཚན་ཉིད་གང་དུའང་ བཞག་ཏུ་མེད་པ་ནི་སྒྱུ་མའི་མཚན་ཉིད་དོ། །དེ་བཞིན་དུ་འཁོར་བའི་འཁྲུལ་སྣང་གི་ཆོས་ཐམས་ཅད་སེམས་ཅན་རྣམས་ཀྱིས་མེད་པ་ལ་ཡོད་པར་འཛིན་ཏེ་སྒྲོ་བཏགས་པ་སྒྱུ་མའི་ཆོས་ཁོ་

ནའོ། །དེ་ཡང་སྒྱུ་མ་མཁན་གྱི་སྒྱུ་མ་ནི་སྐད་ཅིག་ཙམ་དུ་སྣང་བ་ཡིན་ལ། སེམས་ཅན་རྣམས་ཀྱི་སྣང་བ་ནི་ཡུན་རིང་དུ་སྣང་བ་ཡིན་ནོ། །སྒྱུ་མ་ལ་སེམས་ཡོད་པ་མ་ཡིན་པས། སེམས་ཅན་ རྣམས་ནི་སེམས་བྱུང་དང་བཅས་པ་ཡིན་ན་མི་འདྲའོ་སྙམ་ན་དེ་ཡང་མིན་ཏེ། དུས་ནི་སེམས་ཀྱི་རྣམ་རྟོག་གི་བྱེ་བྲག་ཡིན་པས་སྒྱུ་མ་མཁན་དང་སྒྱུ་མའི་ལྟད་མོ་བ་རྣམས་སྒྱུ་མའི་སྣང་བ་ལ་སྤྱོད་ པའི་སྐབས་སུ་སྒྱུ་མའི་འཕྲུལ་ལ་བརྟེན་པའི་དུས་ཀྱི་སྣང་བ་འགོག་ཏུ་མེད་པར་མཆེད་པས་སེམས་ཡོད་མེད་དང་དུས་ཡུན་རིང་ཐུང་ཡང་བྱེ་བྲག་ཐག་ཆོད་པ་བཞག་ཏུ་མེད་དོ། །འོན་ཀྱང་ སེམས་ཅན་རྣམས་ནས་སྒྱུ་མའི་སྣང་བ་ལ་བདེན་གྲུབ་ཏུ་བཟུང་ནས་འཁྲུལ་པའི་སྣང་བ་ལ་འཕྱན་པ་སྟེ་ཇི་ལྟར་ན། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་ལས་འདི་སྐད་དུ། འོ་ན་འཁྲུལ་སྣང་འདི་ གང་ཞིག་གང་ན་དུས་ཇི་ཙམ་ནས་འཁྲུལ་ཅེ་ན། རེ་ཞིག་ཐ་སྙད་ཙམ་དུ་ནི་གང་སུ་ཞིག་འཁྲུལ་ན་རྒྱུད་དྲུག་གི་སེམས་ཅན་རྣམས་འཁྲུལ་ལོ། །གང་ན་འཁྲུལ་ན་ནི་ཁམས་གསུམ་འཁོར་བ་ན་ འཁྲུལ་ལོ། །དུས་ཇི་ཙམ་ནས་འཁྲུལ་ན་ནི་ཐོག་མ་མེད་པའི་དུས་ནས་འཁྲུལ་ལོ། །ཞེས་ཐ་སྙད་ཙམ་དུ་བརྗོད་པར་ཟད་དོ། །དངོས་སུ་དེ་ལྟར་མ་ཡིན་ནོ། །ཇི་ལྟར་ཞེ་ན་ཡུལ་དང་དུས་དང་

གང་ཟག་ཏུ་སྣང་བ་ཉིད་འཁྲུལ་སྣང་ཡིན་ཏེ། དཔེར་ན་རྨི་ལམ་ན་དོན་མེད་བཞིན་དུ་དོན་དུ་སྣང་བ་ན་སྣང་བའི་བྱེ་བྲག་ནི་ཡུལ་དང་དུས་དང་གང་ཟག་ཏུ་སྣང་བའི་ སྒོ་ནས། བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་སྣང་སྟེ། འདི་ལྟར་གང་ཟག་བདག་དང་གཞན་རྣམས། ཡུལ་ཡིད་དུ་འོང་བའམ་མི་འོང་བའམ་ས་ཕྱོགས་ཞིག་ན་གནས་ཤིང་བདེ་ བའམ་སྡུག་བསྔལ་ཉམས་སུ་མྱོང་བར་སྤྱོད་པ་དེ་དག་དུས་ཡུན་རིང་མོའམ་ཐུང་ངུ་ཞིག་ན་གནས་པར་སྣང་མོད་ཀྱི། སྣང་ཙམ་ཉིད་ན་ཡུལ་ཡང་མེད། གང་ཟག་ཀྱང་མེད། དུས་ཀྱང་ མེད། བདེ་སྡུག་ཀྱང་མེད་དོ། །འོན་ཀྱང་མེད་བཞིན་དུ་ཡོད་པ་ལྟར་སྣང་ངོ་། །དེ་བཞིན་དུ་མ་རིག་པའི་གཉིད་ཀྱི་དབང་དུ་གྱུར་པའི་འགྲོ་བ་རྣམས། ཐོག་མ་མེད་པའི་དུས་ཅན་ནས་འཁོར་ བར་སྣང་མོད་ཀྱི། རང་གི་ངོ་བོ་ནི་ཀུན་གཞི་སེམས་ཀྱི་སྐད་ཅིག་མ་གཅིག་ལ་འཇིག་རྟེན་མཐའ་ཡས་པར་སྣང་སྟེ། དེ་ཡང་གཟུགས་བརྙན་མེ་ལོང་གི་ཕུག་ན་གནས་པར་ཡང་སྣང་། ཁ་ན་གནས་པར་ཡང་སྣང་མོད་ཀྱི། མེ་ལོང་ལ་ཕུག་མེད་པས་གཟུགས་བརྙན་ལ་གནས་ཐ་དད་མེད་དོ། །དེ་བཞིན་དུ་སེམས་ལ་གནས་ཐ་དད་མེད་པས་འཇིག་རྟེན་ལ་རྒྱ་ཆེ་ཆུང་མེད་དོ། །དུས་

ཀྱང་རྨི་ལམ་ན་དུས་ཆུ་ཚོད་གཅིག་ཙམ་ཡང་མ་འདས་པར་བསྐལ་པ་ལས་ལྷག་པའི་ཚེ་ཐུབ་པར་རྨིས་ཀྱང་དུས་ཡུན་རིང་མོ་འདས་པའང་མེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཞག་བདུན་ གྱིས་བསྐལ་པ་ཆེན་པོ་འདའ་བར་བྱིན་གྱིས་རློབས་ཏེ། ཞག་བདུན་ཀྱང་བློའི་སྣང་བ་ཙམ། བསྐལ་པ་ཆེན་པོའང་བློའི་སྣང་བ་ཙམ་སྟེ། དུས་ཡུན་རིང་མོ་ཐུང་ངུར་བསྡུས་པ་མེད་དོ། ། ཞག་བདུན་ལ་བསྐལ་པ་གྲངས་མེད་པར་བྱིན་གྱིས་རློབས་ཏེ། དེའི་ཚེའང་དུས་ཐུང་ངུ་དུས་རིང་པོར་བསྲིངས་པ་མེད་དོ། །དེ་བཞིན་དུ་འཁོར་བ་ཐོག་མ་མེད་པའི་དུས་ཅན་དུ་འདོད་པ་རྣམས་ ཀྱང་། བློ་དུས་ལྟར་འཁྲུལ་པ་ཙམ་དུ་ཟད་དོ། །ཞེས་གསུངས་པ་ལྟར་རོ། །གང་ལྟར་ཡང་སེམས་ཅན་རྣམས་སྒྱུ་མ་ལྟ་བུའི་སྣང་བ་ལ་མ་བྱང་བས་འཁྲུལ་སྣང་ལ་བདེན་གྲུབ་ཏུ་བཟུང་ནས་ སྡུག་བསྔལ་མྱོང་བའོ། །འཕགས་པའི་གང་ཟག་རྣམས་སྒྱུ་མ་ལ་སྒྱུ་མར་ཤེས་པས་སྣང་བ་ལ་གང་ལྟར་སྣང་ཡང་ཞེན་པས་མ་འཆིང་བས་གྲོལ་གཞི་བྱེད་པ་ལས་འཁྲུལ་གཞི་མི་བྱེད་པའོ། ། སངས་རྒྱས་རྣམས་ནི་གཉིས་སྣང་གི་སྣང་བ་ཡོངས་སུ་ཟད་པས་བདེན་པ་དང་རྫུན་པ། སྒྱུ་མ་དང་སྒྱུ་མ་མ་ཡིན་པ་ལ་སོགས་རྟོག་པའི་སྒྲིབ་པ་མ་ལུས་ཡེ་ནས་ཡོངས་སུ་དག་པས་འཁྲུལ་མི་

ཤེས་པའི་དགོངས་པ་མཉམ་པ་ཉིད་དུ་གཡོ་བ་མེད་པར་བཞུགས་སོ། །འོན་ཀྱང་སངས་རྒྱས་རྣམས་ལ་གཉིས་སྣང་རྡུལ་ཕྲ་རབ་ཙམ་དུའང་མ་གྲུབ་ཀྱང་། མཁྱེན་ཆ་མ་འགགས་པའི་ཡོན་ཏན་ཉི་མ་ལས་ཟེར་བཞིན་རྩོལ་བ་མེད་པར་རྟག་ཏུ་འཆར་བ་ལ་ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ་པ་ཞེས་གྲགས་སོ། །དེ་ལྟ་བུའི་ཐུགས་རྗེ་མ་འགགས་པའི་ཆོས་ ཉིད་དག་པའི་བདེན་པ་མངོན་དུ་གྱུར་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལ་སྒྱུ་མའི་རྫས་སྔགས་ལ་རང་བྱན་ཚུད་པའི་སྒྱུ་མ་མཁན་རྣམས་ཀྱི་མིག་འཕྲུལ་དང་། དྲང་སྲོང་ རྣམས་ཀྱི་ཏིང་ངེ་འཛིན་གྱི་སྦྱོར་བ་གོམས་པའི་ནུས་པ་གང་གིས་ཀྱང་དུས་ནམ་ཡང་འགྲན་དུ་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྱུ་མ་མཁན་བཟང་པོས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ ནམ་མ་ཡིན་ཉམས་སད་པའི་སླད་དུ་སྒྱུ་མའི་ལོངས་སྤྱོད་ཀྱི་རྣམ་པ་མང་པོ་སྤྲུལ་ཏེ་བཅོམ་ལྡན་འདས་འཁོར་ཉན་ཐོས་དགེ་འདུན་དང་བཅས་པ་སྤྱན་དྲངས་པས་བཅོམ་ལྡན་འདས་ཀྱིས་སྒྱུ་མ་ མཁན་བཟང་པོའི་ཀུན་སློང་ངན་པ་མཁྱེན་བཞིན་དུ་གཤེགས་ཏེ། བཟང་པོས་སྤྲུལ་པའི་སྒྱུ་མའི་ལོངས་སྤྱོད་ཐམས་ཅད་བརྟན་པར་བྱིན་གྱིས་བརླབས་ནས་གདུགས་ཚོད་ཀྱང་གསོལ་ནས་འདི་

སྐད་དུ། གང་གིས་བྱིན་དང་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་སྨོན་ལམ་དུ་གསུངས་ཏེ་སྒྱུ་མ་ མཁན་བཟང་པོའི་ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས་པར་བྱེད་པ་ནི་ཡེ་ཤེས་སྒྱུ་མའི་སྤྲུལ་པའོ། །དེ་ལྟར་སྒྱུ་མའི་མཚན་ཉིད་མདོ་ཙམ་བརྗོད་པ་སོང་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཚོགས་ བསགས་སྒྲིབ་སྦྱོང་ཕ་རོལ་ཏུ་ཕྱིན་པའི་ས་དང་སྦྱར་ན། ས་དང་པོ་ནས་བཅུ་པའི་བར་མཉམ་བཞག་རྣམ་པར་མི་རྟོག་པ་སྟོང་པའི་ཡེ་ཤེས་ལ་ཁྱད་པར་མེད་ཀྱང་། རྗེས་ཐོབ་ལ་ས་དང་པོར་ འཇིག་རྟེན་ལས་འདས་པའི་ཆོས་ཉིད་བདེན་པའི་དོན་མངོན་སུམ་དུ་མཐོང་བས་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་རང་གཞན་གྱི་དོན་རྒྱ་ཆེན་པོ་བྱེད་ནུས་པས་ཡིད་ཚིམ་ཞིང་ རབ་ཏུ་དགའ་བ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་གཉིས་པ་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་ཞིང་ཚུལ་ཁྲིམས་གསུམ་དང་ཡང་དག་པར་ལྡན་པས་ན་དྲི་མ་མེད་ པ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་གསུམ་པར་ལུས་དང་སྲོག་ལ་ལྟོས་པ་མེད་པའི་སྒོ་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཤིང་། ཟབ་མོའི་ཆོས་ཀྱི་དོན་ཁོང་དུ་

ཆུད་པ་ལ་བཟོད་པའི་སྣང་བ་ཤར་ཏེ་བདག་གཞན་གྱི་མི་ཤེས་པའི་མུན་པ་སེལ་བས་ན་འོད་བྱེད་པ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་བཞི་ པར་ཆོས་ཉིད་ཟབ་མོའི་དོན་ལ་མངོན་པར་སྤྲོ་བས་བསྒོམས་པས་ཡེ་ཤེས་དུས་མཐའི་མེ་ལྟ་བུ་སྐྱེས་ཏེ་གཟུང་འཛིན་གྱི་བག་ཆགས་བསྲེགས་པས་ན་བཞི་པ་འོད་འཕྲོ་བ་སྟེ་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་ལྔ་པར་རང་གཞན་གྱི་ལས་དང་བྱ་བས་མི་ཉམས་པ་བྱིང་རྒོད་མེད་པའི་ཏིང་ངེ་འཛིན་སྐྱེ་བར་དཀའ་ཞིང་སྦྱངས་པར་དཀའ་བ་རྣམས་སྐྱེས་ཤིང་སྦྱངས་ པས་ན་ས་ལྔ་པ་སྦྱངས་དཀའ་བ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་དྲུག་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལ་སོགས་པའི་དོན་མངོན་སུམ་ དུ་ཤེས་པས་མངོན་དུ་གྱུར་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་བདུན་པ་ལ་ཐེག་དམན་ཉན་རང་གི་ལམ་ལས་རིང་དུ་ཐར་པའི་ཐབས་ཁྱད་པར་ཅན་དང་ལྡན་པས་ས་ བདུན་པ་རིང་དུ་སོང་བ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་བརྒྱད་པ་ལ་སྔོན་གྱི་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་ཉན་རང་གི་གོ་འཕང་ལྟ་བུ་དམན་པའི་བྱང་ཆུབ་ཏུ་མི་ལྷུང་

ཞིང་། མཚན་མ་མེད་པའི་ཡེ་ཤེས་ལ་མཚན་མའི་རྐྱེན་གྱིས་མི་གཡོ་བ་སྟེ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ས་དགུ་པ་ལ་ཆོས་སོ་སོ་ཡང་དག་པའི་རིག་པ། དོན་སོ་སོ་ ཡང་དག་པའི་རིག་པ། ངེས་པའི་ཚིག་སོ་སོ་ཡང་དག་པའི་རིག་པ། སྤོབས་པ་སོ་སོ་ཡང་དག་པའི་རིག་པ་སྟེ་སོ་སོ་ཡང་དག་རིག་པ་བཞི་ལ་མངའ་བརྙེས་པས་གཞན་གྱིས་དྲིས་པའི་ལན་ དུས་གཅིག་ཏུ་ཐེབས་ཤིང་། གཞན་གྱིས་ཟིལ་གྱིས་མི་གནོན་པས་ལེགས་པའི་བློ་གྲོས་ཏེ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །ཇི་ལྟར་ནམ་མཁའ་ལ་སྤྲིན་ཆགས། སྤྲིན་ལས་ ས་གཞི་ལ་ཆར་བབས། དེ་ལས་ལོ་ཏོག་སྨིན་ཏེ་འགྲོ་བའི་རེ་བ་སྐོང་བ་ལྟར་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་ལ་དམིགས་པ་མེད་པའི་ཐུགས་རྗེའི་སྤྲིན་འཁྲིགས་ཏེ་ཐེག་པ་སྣ་ཚོགས་ཀྱི་ཆོས་ ཆར་ཕབས་ནས་སེམས་ཅན་གྱི་དོན་བྱེད་པས་ན་ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤས་ཆེར་སྤྱོད་དོ། །དེ་བཞིན་དུ་ས་དང་པོ་ནས་བཅུ་པའི་བར་གྱི་ཡོན་ཏན་ཡང་། ཕལ་པོ་ཆེ་ལས། ཏིང་འཛིན་བརྒྱ་དང་སངས་རྒྱས་བརྒྱ་རྣམས་མཐོང་བྱེད་ཅིང་། །ཞིང་བརྒྱར་བསྐྱོད་ཅིང་རབ་ཏུ་སྣང་བྱེད་ཀུན་ཏུ་འགྲོ། །སེམས་ཅན་བརྒྱ་སྦྱོང་ཆོས་ཀྱི་སྒོ་ལ་འགོད་པར་

བྱེད། །བསྐལ་པ་བརྒྱར་འཇུག་ལུས་བརྒྱ་རབ་ཏུ་སྟོན་པར་བྱེད། །རྒྱལ་བའི་སྲས་ཀྱང་བརྒྱ་ཡི་གྲངས་ཚད་རབ་ཏུ་སྟོན། །དེ་ཡི་གོང་ན་སྨོན་མཆོག་སྟོབས་ལྡན་ ཚད་ཀྱང་མེད། །ཅེས་པ་ལྟར་ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། ས་གཉིས་པར་སྟོང་ཕྲག་བཅུ་གཉིས། ས་གསུམ་པར་འབུམ་ཕྲག་བཅུ་གཉིས། ས་བཞི་པར་བྱེ་བ་བརྒྱ་ཕྲག་བཅུ་ གཉིས། ས་ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། ས་དྲུག་པར་བྱེ་བ་ཕྲག་ཁྲི་ཕྲག་བཅུ་གཉིས། ས་བདུན་པར་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུ་གཉིས། ས་བརྒྱད་པར་སྟོང་ཆེན་འབུམ་ཕྲག་ གཅིག་གི་རྡུལ་གྱི་གྲངས་དང་མཉམ་པ། ས་དགུ་པར་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ། ས་བཅུ་པར་བརྗོད་དུ་མེད་པའི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་། ཆོས་ཉན་པ། ཞིང་གཡོ་བར་བྱེད་པ། འོད་ཀྱིས་གསལ་བར་བྱེད་པ། ཞིང་དེ་དག་ཏུ་འགྲོ་བ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། ཆོས་ཀྱི་སྒོ་འབྱེད་པ་དང་། ཏིང་ངེ་འཛིན་ལ་ མཉམ་པར་འཇོག་པ་དང་། དུས་སྐད་ཅིག་མ་བསྐལ་པ་དུ་མར་སྟོན་ཅིང་། བསྐལ་པ་དུ་མ་སྐད་ཅིག་མ་གཅིག་ཏུ་སྟོན་པ་དང་། སྔོན་དང་ཕྱི་མའི་མཐའ་དེ་སྙེད་ལ་གཟིགས་པ་འཇུག་པ།

རང་ལུས་སངས་རྒྱས་ཀྱི་སྐུ་དུ་མར་སྤྲུལ་པ། དེ་རེ་རེ་ལའང་འཁོར་དུ་མས་བསྐོར་བར་སྟོན་པ་རྣམས་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་བར་གསུངས་སོ། །མཉམ་བཞག་ཆོས་ཉིད་སྟོང་པའི་ཡེ་ ཤེས་ལ་ས་དང་པོ་ནས་ས་བཅུ་པའི་བར་ཁྱད་པར་མེད་པ་ལ་རྗེས་ཐོབ་ཀྱི་ཁྱད་པར་འབྱུང་བ་ཇི་ལྟར་ཡིན་སྙམ་ན། མཉམ་བཞག་ལ་བརྟན་པ་ཡུན་རིང་ཐོབ་མ་ཐོབ་ཀྱི་ཁྱད་པར་ལས་རྗེས་ཐོབ་ཀྱི་ ནུས་པ་ཆེ་ཆུང་རིམ་གྱིས་བྱུང་བ་སྟེ་ས་བཅུའི་རྗེས་ཐོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། དཔེར་ན་ཆུ་རྫིང་ངམ། ལྟེང་ཀ་ལྟ་བུའི་བརླན་གྱི་དངོས་པོ་གཅིག་ལ་ཉི་མ་བཅུ་རིམ་བཞིན་ཤར་བས་ བརླན་གཤེར་རིམ་བཞིན་བསྐམས་པར་གྱུར་པ་དང་། ཉི་མ་བཅུའི་ཐ་མས་བརླན་དེ་ཡོངས་སུ་བསྐམས་པར་བྱེད་ཅིང་། དེ་ཡང་ཉིན་དང་པོ་ཤར་བ་ནས་ཉིན་བཅུ་པའི་བར་གྱི་ཉི་མ་ཤར་བ་ལ་ ཁྱད་པར་མེད་ཀྱང་། ཉི་མ་དང་བརླན་གཤེར་འགྲོགས་ཡུན་རིང་ཐུང་གི་ཉི་མ་ཐ་མས་བརླན་གཤེར་ཡོངས་སུ་བསྐམས་པར་བྱེད་པ་ལྟ་བུའོ། །དེ་ལྟ་བུའི་ས་བཅུའི་རྣམ་བཞག་ཉན་རང་རྣམས་ ལ་མེད་དེ་ཅིའི་ཕྱིར་ན་གང་ཟག་གི་བདག་མེད་ཙམ་རྟོགས་ཤིང་། རང་དོན་ཞི་བདེ་ཙམ་དོན་དུ་གཉེར་བ་ལས་འགྲོ་བ་གཞན་རྗེས་སུ་འཛིན་ནུས་པའི་སྙིང་རྗེ་མེད་ལ། བྱང་ཆུབ་སེམས་དཔའ་

རྣམས་ཀྱིས་མཉམ་བཞག་བདག་མེད་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་བདེན་པ་མངོན་དུ་རྟོགས་ཤིང་། རྗེས་ལ་བྱམས་སྙིང་རྗེ་དང་ལྡན་པས་སེམས་ཅན་གྱི་དོན་ དུ་སྨོན་ལམ་རྒྱ་ཆེན་པོ་འདེབས་ཤིང་། གཞན་དོན་ལ་སྤྱོད་པས་ཁྱད་པར་དུ་འཕགས་སོ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་འབྲས་བུས་བསྡུས་པའི་ས་སྟེ་སྒྲིབ་བྲལ་ནམ་མཁའི་དབྱིངས་སུ་ཉི་ མ་ཆེན་པོ་ཤར་བ་ཙམ་གྱིས་འོད་ཀྱི་སྣང་བས་ཀུན་ཏུ་ཁྱབ་པ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་ཅིང་། སྐུ་བཞི་དང་ཡེ་ཤེས་ལྔ་དང་། གཟུངས་དང་། སྤོབས་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པས་རྫོགས་པའི་སངས་རྒྱས་ཉི་མ་ཆེན་པོ་དང་འདྲ་སྟེ་ཡེ་ཤེས་ཐུགས་རྗེའི་འོད་སྣང་ཐོགས་པ་མེད་པར་འགྲོ་བ་ ཡོངས་ལ་ཁྱབ་སྟེ་འགྲོ་བའི་མ་རིག་པའི་མུན་པ་དྲུང་ནས་འབྱིན་པའི་དོན་མཛད་པས་ན་ཀུན་ཏུ་འོད་ཀྱི་ས་སྟེ་སངས་རྒྱས་ཀྱི་ས་ལ་བསྡུས་པའོ། །ཡང་མྱུར་ལམ་ཟབ་མོ་རྡོ་རྗེ་ཐེག་པའི་ལུགས་ ཀྱི་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་ལ་བརྟེན་ནས་སྔགས་ཉམས་སུ་ལེན་མཁན་ཡིན་ན་ཇི་སྐད་དུ་དཔུང་པ་བཟང་པོའི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་པ་

ཅན་ལ་ཆགས་བཅས་ལྟར་སྟོན་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་རྡུལ་བྲལ་ཆོས་ཀྱི་དབྱིངས་དང་མཉམ་ པར་བཞུགས་པའི་སངས་རྒྱས་ཐམས་ཅད་སྔགས་ཀྱི་ལུགས་སུ་བསྡུ་ན་ཞི་བ་དང་ཁྲོ་བོའི་སྐུ་དང་ཞིང་ཁམས་སུ་འདུ་ཞིང་སྐུ་དང་ཞིང་ཁམས་དེ་དག་གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ སྣང་བར་བྱེད་པ་ནི་རང་གི་རྒྱུད་ལ་བཞུགས་པའི་ཞི་ཁྲོའི་སྐུ་གསུམ་གྱི་དཀྱིལ་འཁོར་རང་ངོ་འཕྲོད་ནས་གོམས་པས་མངོན་དུ་གྱུར་པ་ལ་བྱ་དགོས་ཏེ། རྒྱ་མཚོ་ལས། ཡེ་ནས་མངོན་རྫོགས་ སངས་རྒྱས་ཆོས། །ལུས་ཅན་ཀུན་ལ་གནས་པའི་ཕྱིར། །ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་ནི། །ལུས་ཅན་ཀུན་གྱི་སྙིང་ལ་གནས། །ཞི་དང་ཁྲོ་ཚུལ་དཔག་མེད་འཆང་། །ཚེ་འདི་ཉིད་ དམ་བར་མ་དོར། །གོམས་པའི་དབང་གིས་གསལ་བར་བྱེད། །ཅེས་སེམས་ཅན་རྣམས་ཀྱི་སྙིང་ག་ན་ཞི་བ་བཞི་བཅུ་རྩ་གཉིས་དང་། དེའི་རང་རྩལ་སྤྱི་བོ་རང་རྩལ་ཁྲག་འཐུང་ཁྲོ་བོའི་ལྷ་ ཚོགས་བཞུགས། ཞེས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ངོ་བོ་རྫས་སུ་གྲུབ་པ་མེད་ལ། རྣམ་པ་འོད་ལྔའི་རང་བཞིན་ཀུན་རྫོབ་རྒྱུའི་ཐིག་ལེའི་དྭངས་མ་ལ་བརྟེན་ནས་རྩ་འདབ་

རྣམས་སུ་གཙོ་དང་འཁོར་གྱི་ཚུལ་དུ་བཞུགས་ཡོད་པ་ལ་གཞི་དབྱིངས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞེས་གསུངས་པ་སྟེ་དེ་ལྟ་བུའི་གཞི་ལ་བཞུགས་པའི་དཀྱིལ་ འཁོར་རྒྱུད་བསྐྱེད་པ་མ་ཧཱ་ཡོ་གའི་གཞུང་ལས་འབྱུང་བ་བཞིན་ཏིང་འཛིན་རྣམ་གསུམ་ལ་བརྟེན་ནས་བསྐྱེད་པའི་རིམ་པ་གཙོ་བོར་བཏོན་པ་དང་། ལུང་རྫོགས་པ་ཨ་ནུ་ཡོ་གའི་གཞུང་ལས་འབྱུང་ བ་བཞིན་རྩ་ཐིག་རླུང་གསུམ་ལ་བརྟེན་ནས་མཚན་མ་དང་བཅས་པའི་རྫོགས་རིམ་གཙོ་བོར་བཏོན་ནས་ཉམས་སུ་བླངས་ཤིང་། དེ་དག་གང་གི་ཚེ་ནའང་མཉམ་བཞག་གི་སྐབས་སུ་འཛིན་པའི་ སེམས་ཡོངས་སུ་དག་པ་སྟོང་པ་ཆེན་པོ་ཆོས་སྐུའི་དགོངས་པ་ལས་མ་གཡོས་ཤིང་། རྗེས་ཐོབ་ཀྱི་སྐབས་སུ་གཟུང་བའི་ཡུལ་ཡོངས་སུ་དག་པ་ཞིང་དང་གཞལ་ཡས་ཁང་དང་ལྷ་དང་ལྷ་མོའི་ སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་ལྟ་བའི་སྒོ་ནས་ཉམས་སུ་བླངས་པས་མཐར་ཡུལ་ཆོས་ཀྱི་དབྱིངས་དང་། ཡུལ་ཅན་ལྷ་ཡི་འཛིན་པ་ཙམ་ཡང་མ་ལུས་པ་ཡོངས་སུ་དག་པའི་ཚེ་ན་ གཟུགས་རང་མཚན་པ་རྫས་དང་དངོས་པོར་གྲུབ་པ་རྡུལ་ཕྲ་རབ་ཙམ་དུའང་མ་རྙེད་པས་ལུས་མེད་ཆོས་སྐུ། ལུས་མེད་ཆོས་སྐུའི་རང་གདངས་སྟོང་གཟུགས་ཤིན་ཏུ་རྣམ་པར་དག་པ་ཁ་སྦྱོར་

ཡན་ལག་བདུན་ལྡན་གྱི་སྐུ་དང་ཞིང་ཁམས་རྒྱ་མཚོར་མངའ་དབང་སྒྱུར་བ་ལུས་ཀྱི་མཆོག་ལོངས་སྤྱོད་རྫོགས་པའི་སྐུ། དེའི་སྐུ་དང་ཞིང་ཁམས་ཀྱི་བྱིན་རླབས་ལས་སྤྲུལ་པའི་སྐུ་ཡི་སྐུ་དང་ ཞིང་ཁམས་སྣང་བ་ལུས་ཏེ་འཇམ་དཔལ་མཚན་བརྗོད་ལས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་གསུངས་པ་བཞིན་གྱི་ས་ལ་མངའ་དབང་འབྱོར་བར་འགྱུར་རོ། །དེ་དག་ལས་ཀྱང་ མཆོག་རབ་དམ་པར་གྱུར་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་གདམས་པ་ལས་བྱུང་བ་བཞིན་དབང་པོ་རྣོན་པོའམ། ལེ་ལོ་ཅན་ཡིན་ཀྱང་རུང་སྟེ་དད་པ་དང་ལྡན་ན་བསྒོམ་དུ་ཡོད་པའི་ རྫས་ཕྲ་བ་ཙམ་དུའང་མེད་ཀྱང་། མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་ནས་ལ་བཟླ་བས་ཀ་དག་ཆོས་སྐུའི་དགོངས་པར་གྲོལ་བ་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་གཞི་ལ་བཞུགས་པའི་འོད་ གསལ་གྱི་སྣང་བ་སྐུ་གསུམ་ལམ་སྣང་དུ་ཐད་ཀར་འཁྱེར་ནས་གདོས་བཅས་འོད་ལུས་སུ་དག་ནས་འཚང་རྒྱ་བར་བྱེད་པ་ཐོད་རྒལ་གྱི་གདམས་པ་ཉམས་སུ་བླངས་ཏེ་གོམས་པས་རིམ་བཞིན་ སྣང་བ་བཞིའི་ཡོན་ཏན་གྱི་རྩལ་རྫོགས་པ་ལས་རིག་འཛིན་རྣམ་བཞིའི་གོ་འཕང་མངོན་དུ་བྱེད་པ་སྟེ། དེ་ལ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། ཡེ་ཤེས་སྣང་བ་

ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །ཅེས་གསུངས་པ་ལྟར། སེམས་ཅན་རྣམས་ཀྱི་རྒྱུད་ལ་ངོ་བོ་རྫས་སུ་མ་གྲུབ་ ཅིང་རྣམ་པ་མ་འགགས་པའི་ཚུལ་དུ་བཞུགས་པ་ཐེག་པ་ཆེན་པོའི་ཆོས་སྐད་ལྟར་ན་བདེ་བར་གཤེགས་པའི་སྙིང་པོ། རྫོགས་པ་ཆེན་པོའི་ཆོས་སྐད་ལྟར་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ་ གཞིར་གནས་ཡེ་ཤེས་གསུམ་གྱི་ཡོན་ཏན་གོ་མ་འགགས་པ་སངས་རྒྱས་ཞི་བ་དང་། ཁྲོ་བོའི་ལྷ་ཚོགས་ཀྱི་རྣམ་པ་ཅིར་ཡང་འཆར་དུ་རུང་བ་ཉིད། ལམ་ཐབས་ཤེས་ཟབ་མོའི་རྣལ་འབྱོར་ལ་ བརྟེན་ནས་ཉམས་སུ་བླངས་པའི་མཐུས་ལྷ་ཡི་འོད་གཟུགས་མངོན་དུ་གྱུར་པར་འཆར་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ནས་ཆེར་གོམས་པས་འབྱུང་ལྔའི་རླུང་གི་རྒྱུ་བ་ཡེ་ཤེས་ལྔའི་ དབྱིངས་སུ་དག་སྟེ་ཞིང་ཁམས་ཀྱི་སྣང་བ་འཆར་བ་ནི་ཉམས་གོང་འཕེལ་གྱི་སྣང་བའོ། །དེ་ནས་ཆེས་ཆེར་གོམས་པ་ལས་སྣང་བས་གར་ཁྱབ་ཐམས་ཅད་རིགས་ལྔའི་སངས་རྒྱས་དང་། དེ་དག་གི་སྲས་དང་སེམས་མ། ཞིང་དང་གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པར་མཐོང་བ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །དེ་ནས་འབྱུང་བ་ལྔ་ཡི་རླུང་ཡེ་ཤེས་ལྔ་ཡི་དབྱིངས་སུ་

འཇུག་པའི་འཕེལ་ཡོངས་སུ་ཟད་པས་སྣང་བ་དང་མི་སྣང་བའི་ཐ་སྙད་ཀྱི་ཆོས་ཀུན་ལས་འདས་པ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་བཞིན་དུ་གྱུར་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །རིག་འཛིན་ རྣམ་པ་བཞི་ནི། ལུས་སྔོན་གྱི་རྣམ་པར་སྨིན་པའི་རྒྱ་ལས་མ་གྲོལ་ཡང་། སེམས་ལྷ་ཡི་སྐུ་རུ་འཆར་ཞིང་། ནམ་ཞིག་ལུས་རྒྱ་དང་བྲལ་མ་ཐག་ཏུ་ལྷ་ཡི་སྐུ་འཐོབ་པ་ནི་རྣམ་སྨིན་རིག་འཛིན། རྣམ་པར་སྨིན་པའི་ལུས་ཉིད་མ་སྤངས་པར་ལྷ་ཡི་སྐུ་རུ་གྱུར་ཞིང་། མཐར་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ་ནི་ཚེ་དབང་རིག་འཛིན། རང་ལུས་ཡི་དམ་གྱི་ལྷ་སྐུ་གང་བསྒོམས་པའི་རྣམ་ པར་གྱུར་པ་ནི་ཕྱག་རྒྱའི་རིག་འཛིན། མཐར་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པ་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་བོ། །དེ་ཡང་ཆོས་ཉིད་མངོན་སུམ་དང་ཉམས་ གོང་འཕེལ་གྱི་སྣང་བ་གཉིས་ནི་རྣམ་སྨིན་རིག་འཛིན་གྱི་རྟེན་ལ་མཐོང་ཞིང་། རིག་པ་ཚད་ཕེབས་ཀྱི་སྣང་བ་ནི་ཚེ་དབང་རིག་འཛིན་གྱི་རྟེན་ལ་མཐོང་ཞིང་། ཆོས་ཉིད་ཟད་པའི་སྣང་བ་ནི་ཕྱག་ རྒྱའི་རིག་འཛིན་གྱི་ས་ལ་མཐོང་བ་སྟེ། དེ་དག་རྫོགས་ནས་སངས་རྒྱས་ཀྱི་ས་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་མཆོག་ཐོབ་པར་གསུངས་སོ། །སངས་རྒྱས་ཀྱི་སའི་ངོ་བོ་གཅིག་ཏུ་གྱུར་

ཀྱང་ཡོན་ཏན་གྱི་ལྡོག་ཆ་ནས་མཚན་གྱི་རྣམ་གྲངས་གཞན་ཡང་བསྟན་པ་ནི་ཀུན་མཁྱེན་ཆེན་པོ་རོང་ཟོམ་པས་། ས་ཐམས་ཅད་ཀྱི་མཆོག་ནི་རིག་པ་འཛིན་པའི་ས་ ཞེས་བྱ། རྡོ་རྗེ་འཛིན་པའི་ས་ཞེས་བྱ། ཐབས་དང་ཤེས་རབ་མཆོག་གི་ས་ཞེས་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱ་སྟེ། ས་འདི་ལ་གནས་པར་འགྱུར་རོ་ཞེས་ལུང་བསྟན་པ་ ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་ས་བྱེ་བྲག་འདི་ལྟ་བུ་ཡང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་སུ་གསུངས་པའང་། རིམ་པར་མཐོ་དམན་གྱི་བྱེ་བྲག་ཏུ་མ་ གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་གཉིས། ཡེ་ཤེས་ལྔ་དང་རིགས་ལྔ་སྟེ་བཅུ་གཉིས་སུ་གསུངས་སོ། །གཞན་ཡང་སངས་རྒྱས་ཀྱི་ས་གསུམ་དུ་གསུངས་པའང་ཆོས་ཀྱི་སྐུ་དང་ཤེས་ རབ་དང་སྙིང་རྗེ་འབྲེལ་བའི་མཚན་ཉིད་དང་། དེའི་བྱིན་རླབས་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་བདག་ཉིད་ལ་གསུངས་ཏེ། རིམ་པར་མཐོ་དམན་དུ་ནི་མ་བཤད་དོ། །དཔལ་ཐབས་ཀྱི་ཞགས་པ་ ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །ཞེས་གསུངས་པ་ཡང་། ཆོས་ཀྱི་སྐུ་མཚན་མ་མེད་པའི་དབྱིངས་ལས་མི་གནས་པའི་ཤེས་རབ་དང་། ཐུགས་རྗེའི་བྱིན་རླབས་སྐུ་དང་ཡེ་ཤེས་ཀྱི་

དཀྱིལ་འཁོར་རྩོལ་བ་མེད་པར་རང་བྱུང་བ་ལ་གསུངས་པ་སྟེ། རིམ་པར་གོང་དུ་འདས་པར་ནི་མ་གསུངས་སོ། །གཞན་ལས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་ཡེ་ནས་དག་པ་ཆེན་ པོའི་རང་བཞིན་དུ་བསྟན་གྱི། ཐེག་པ་འོག་མ་ལྟར་བགྲོད་ཅིང་བསགས་པས་ཐོབ་པ་མ་ཡིན་ནོ་ཞེས་གསུངས་པའང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ལས་ཀྱང་། མཚན་ཉིད་ཐུན་མོང་མ་ཡིན་ པ་དང་། རྣམ་པར་གྲོལ་བ་ཐུན་མོང་མ་ཡིན་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཐུན་མོང་མ་ཡིན་པ་དང་། སྤྱོད་ཡུལ་ཡོངས་སུ་དག་པ་ཐུན་མོང་མ་ཡིན་པ་དང་། གཉིས་སུ་མེད་པར་ འཇུག་པའི་ཚུལ་ཐུན་མོང་མ་ཡིན་པར་གསུངས་པ་ལ་སོགས་པ་གསུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་ས་ཉིད་ལའང་མཐོ་དམན་གྱི་བྱེ་བྲག་ཡོད་དོ་ཞེས་ནི་ནམ་ཡང་རྣམ་པར་བཞག་པར་མི་བྱ་ སྟེ། ལུང་དང་འགལ་ལ་རིགས་པས་ཀྱང་འགལ་ཏེ་ཞེས་དང་། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱིས། ཡེ་ཤེས་ཀྱི་སྣང་བ་དང་ཐུགས་རྗེ་ཆེན་པོ་ཆགས་པ་མེད་པས་བཅུ་གཉིས་ མ་ཆགས་པདམ་ཅན་གྱི་ས་དང་། ཆོས་ཐམས་ཅད་ཀྱི་དབང་མཐར་ཐུག་པ་ཐོབ་པ་ལྷུན་གྱིས་རྫོགས་པ་བཅུ་གསུམ་རྡོ་རྗེ་འཛིན་པའམ། ཡི་གེ་འཁོར་ལོ་ཚོགས་ཆེན་ནམ། ཁྱད་པར་ཆེན་པོའི་

སའམ། རིག་པ་འཛིན་པའི་ས་ཞེས་བྱ་བ་ལྷུན་གྲུབ་ཏུ་རྫོགས་པའོ། །དེ་ཡང་ས་བཅུ་གསུམ་པ་ཉིད་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཆ་ནས་ཁྱད་པར་ཆེན་པོའོ། ། དེའི་ངང་ལས་ལོངས་སྐུའི་འཆར་གཞི་བྱེད་པས་ཡི་གེ་འཁོར་ལོ་ཚོགས་ཆེན། དེ་ཉིད་ཀུན་གྱི་བླ་མ་ཡིན་པས་རྡོ་རྗེ་འཛིན་པ། ཡེ་ཤེས་མཐར་ཐུག་གི་ངོ་བོ་ཡིན་པས་རིག་པ་འཛིན་པ་ཞེས་ཡོན་ ཏན་གྱི་ཆ་ནས་དེ་སྐད་དུ་གྲགས་སོ། །ས་འདི་དག་ལ་སྐས་ཀྱི་གདང་བུ་ལྟར་མཐོ་དམན་ཡོད་པ་མ་ཡིན་ཏེ། སངས་རྒྱས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ནས་དེ་སྐད་བརྗོད་དོ། །ཡོན་ཏན་ གྱིས་ཕྱེ་བས་དེ་ལས་མང་བར་ཡང་གསུངས་ཏེ། བདེ་བ་ཚད་མེད་པས་བཅུ་བཞི་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མ་ཞེས་གྲགས་ཤིང་། དོན་གྱི་ངོ་བོ་ལ་ གྲུབ་བསལ་མེད་པས་ས་གཅིག་ཏུའང་བཤད་དོ། །ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་རྫོགས་པ་ཆེན་པོར་གཅིག་པ་སྟེ། ཀུན་བྱེད་ལས། གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །ཞེས་ གསུངས་སོ། །དེ་ལྟར་ཀུན་མཁྱེན་ཆེན་པོ་རོང་ཀློང་རྣམ་གཉིས་ནས། སངས་རྒྱས་ཀྱི་ས་ཡི་འགྲེལ་ལུགས་ཅུང་ཟད་མི་འདྲ་བ་སོ་སོར་སྣང་བ་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་

སྣང་བ་ཐམས་ཅད་པ་བསམ་གྱིས་མི་ཁྱབ་པར་སྣང་བའི་ཆ་ནས་གང་ལྟར་འགྲེལ་ཡང་འབྲེལ་མཆོག་ཏུ་ཆགས་པས་ཡིན་ལ། ངོ་བོ་ལ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་གསང་བ་བསམ་ གྱིས་མི་ཁྱབ་པ་ཡིན་པས་འཇིག་རྟེན་ཐ་སྙད་ཀྱི་གཏན་ཚིགས་དང་རིགས་པ་ལ་བློ་ཆགས་པའི་རྟོག་གེ་བ་རྣམས་ནས་འགལ་འདུའི་ངལ་བས་བཙལ་ཀྱང་ཤེས་བྱ་ལ་རྙེད་སྲིད་པ་མིན་ནོ། །གང་ལྟར་ ཡང་ལམ་ཉམས་སུ་ལེན་པ་པོ་རྣམས་ཀྱི་བློ་ཡི་རིམ་པ་ལ་ལྟོས་ནས་ས་ལམ་ཡོན་ཏན་རིམ་པ་མཐར་ཆགས་སུ་སྐྱེ་བ་དང་ཐོད་རྒལ་དག་ཏུ་སྐྱེ་བའང་ཡོད་པས་རང་རང་གི་ཉམས་དང་བསྟུན་པའི་ རང་རང་གི་དགེ་བའི་བཤེས་གཉེན་དམ་པས་བོགས་དབྱུང་བར་བྱ་བ་ལས་འོལ་སྤྱི་ཙམ་དུ་སྨྲོས་ཀྱིས་ལང་བ་མ་ཡིན་ནོ། །དེ་ལྟར་སེམས་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་མཉམ་བཞག་ དང་རྗེས་ཐོབ་སོགས་ཀྱི་དོན་གང་ཡིན་རྟོགས་པར་བྱས་ཏེ་གོམས་པ་ཀླུངས་སུ་ཕེབས་པ་ན་མཐར་སེམས་ལས་མ་བྱུང་བའི་སངས་རྒྱས་ཀྱི་དགོངས་པ་ལ་མངའ་དབང་འབྱོར་བར་འགྱུར་ཏེ་ རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་ལས། རྗེས་ལ་བཙལ་བའི་གླང་པོ་རྙེད། །སེམས་ཀྱི་ཕྱོགས་ནས་དོན་བཙལ་ན། །རང་རིག་ཡེ་ཤེས་རྒྱལ་པོ་རྙེད། །དེ་རྙེད་སེམས་སུ་འཛིན་པ་བྲལ།།

འཛིན་བྲལ་སེམས་མེད་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་བརྙེས། །ཞེས་གསུངས་སོ། །བསམ་གཏན་བསྒོམ་པ་ལ་ཉེ་བར་སྨན་པའི་གཏམ་ འདི་ཙམ་ཞིག་བརྗོད་པའི་དགོས་པའང་གཙུག་ཏོར་རིན་པོ་ཆེས་ཞུས་པའི་མདོ་ལས། བསྐལ་པ་མང་པོའི་བར་དུ་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཀྱི་དོན་བསྒོམ་པ་བསོད་ནམས་ ཆེའོ། །ཅིའི་ཕྱིར་ན་དེས་སྐྱེ་ཤིའི་ལམ་དང་བྲལ་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་པའི་རྗེས་སུ་དྲན་པ་ཉེ་བར་བཞག་པའོ། །ད་ཤེས་རབ་ལ། ཤེས་བྱའི་གནས་ནི་བཟོ་དང་གསོ་བ་དང་སྒྲ་ དང་ཚད་མ་ནང་དོན་རིག་པ་སྟེ་རིག་པའི་གནས་ཆེན་ལྔ་དང་། དབྱེ་གཞི་སྒྲ་ལས། སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་རྩིས་ཏེ་རིག་པའི་གནས་ཆུང་ལྔ་བཅས་བསྡོམས་བཅུ་ཕྲག་རིག་ པའི་གནས་བཅུ། ནང་དོན་རིག་པ་ལ་འདུལ་བ་མདོ་སྡེ་མངོན་པ་སྟེ་རྗོད་བྱེད་སྡེ་སྣོད་གསུམ། རྗོད་བྱེད་སྡེ་སྣོད་གསུམ་གྱི་དོན་གཏན་ལ་འབེབས་པ་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་ གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་སྟེ་བརྗོད་བྱ་བསླབ་པ་གསུམ། དེ་དག་གི་དོན་རིག་འཛིན་སྔགས་ཀྱི་སྡེ་སྣོད་དུ་བསྡུ་ན། སྔགས་ཀྱི་སྤྱི་དང་བྱེ་བྲག་གི་དམ་ཚིག་ཁོངས་སུ་རྗོད་བྱེད་

འདུལ་བའི་སྡེ་སྣོད་ཀྱི་སྙིང་པོ་དང་བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་ཚང་། སྔགས་ཀྱི་བསྐྱེད་རིམ་དང་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་ཁོངས་སུ་རྗོད་བྱེད་མདོ་སྡེའི་སྡེ་སྣོད་དང་བརྗོད་ བྱ་ཏིང་ངེ་འཛིན་གྱི་བསླབ་པ་ཚང་། སྔགས་ཀྱི་ལྟ་བ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་ཆོས་ཉིད་འདུས་མ་བྱས་ཆེན་པོ་རང་བྱུང་གི་ཡེ་ཤེས་མངོན་དུ་གཏན་ལ་འབེབས་པའི་ཁོངས་སུ་ རྗོད་བྱེད་མངོན་པའི་སྡེ་སྣོད་དང་། བརྗོད་བྱ་ཤེས་རབ་ཀྱི་བསླབ་པ་ཡར་ལྡན་གྱི་ཚུལ་དུ་ཡོངས་སུ་རྫོགས་པ་ཚང་བས་མར་མདོའི་ལུགས་སུ་བསྡུ་མི་དགོས་པ་དཔེ་དང་བཅས་ཀུན་མཁྱེན་རོང་ ཟོམ་པས་གསུངས་སོ། །དེ་ལྟར་ཤེས་བྱ་རིག་པའི་གནས་བཅུ་ཤེས་པར་བྱེད་པའི་ཤེས་བྱེད་ལ་དོན་ཇི་བཞིན་ཤེས་པ་ཇི་ལྟ་བ་ཤེས་པ་དང་། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཤེས་པ་ཇི་ སྙེད་པ་ཤེས་པ་དང་། ཡང་ན་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་དང་། ཆོས་ཉིད་དོན་དམ་པའི་ཤེས་པའོ། །དེ་ཡང་ཀུན་རྫོབ་བདེན་པའི་ངེས་ཚིག་ནི། ཀུན་ཞེས་པ་ཐམས་ཅད། རྫོབ་ཅེས་ གསོག་སོབ་ལ་སོགས་མི་རྟག་ཅིང་བསླུ་བ། བདེན་པ་ཞེས་པ་སེམས་ཅན་རང་རང་གི་འཁྲུལ་པ་བཟང་ངན་གྱི་སྣང་བ་ཇི་ལྟར་སྣང་བའི་ངོར་བདེན་པས་ན་བདེན་པ་ཞེས་ཟེར། དོན་དམ་བདེན་

།པའི་ངེས་ཚིག་ནི། ཕྱིན་ཅི་མ་ལོག་པའི་ཤེས་པའམ་ཆོས་ཉིད་དེ་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱ་ཡིན་པས་ན་དོན། དེས་མི་བསླུ་བས་ན་དམ་པ། བདེན་པ་ཞེས་ཕྱིན་ཅི་མ་ལོག་པའི་ཤེས་པའམ་ཆོས་ཉིད་ཀྱི་ངོ་བོར་བདེན་པས་ན་བདེན་པའོ། །ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ལ་སྣང་བ་གང་ཞིག་སྣང་ཡང་དེ་དང་དེ་དག་གི་སྐབས་སོ་སོར་ དོན་བྱེད་ནུས་པ་ནམ་མཁའི་ཟླ་བས་མུན་པ་སེལ་ནུས་པ་ལྟ་བུ་ཡང་དག་ཀུན་རྫོབ་དང་། སྣང་བ་གང་ཞིག་སྣང་ཡང་དོན་བྱེད་མི་ནུས་པ་ཆུ་ཟླ་ལྟ་བུ་ལོག་པའི་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་འབྱུང་ངོ་། །དབུ་མའི་གཞུང་ལུགས་སྤྱི་དང་ སྒོ་བསྟུན་པའི་དབང་དུ་བྱས་ན་ཀུན་རྫོབ་བདེན་པའི་མཚན་ཉིད་ལ་བཞི་སྟེ། མཁས་པ་པཎྜི་ཏ་མན་ཆད་ནས་ཅི་ཡང་མི་ཤེས་པའི་བླུན་པོ་ཡན་ཆད་ལ་སྣོད་བཅུད་ཀྱི་སྣང་བ་འདི་དག་མཐུན་པར་ སྣང་བའོ། །དོན་བྱེད་ནུས་པ་ནི་སྲ་ཞིང་འཐས་པའི་ས་ཆེན་པོས་འགྲོ་བ་ཐམས་ཅད་ཀྱི་རྟེན་བྱེད་པ་ལྟ་བུ་དངོས་པོ་རང་རང་གིས་དོན་བྱེད་ནུས་པའོ། །རྒྱུ་རྐྱེན་གྱིས་སྐྱེས་པ་ནི་འདུས་བྱས་ཀྱི་

ཆོས་ཐམས་ཅད་འབྱུང་བ་བཞི་ལ་སོགས་པ་རྒྱུ་རྐྱེན་སྣ་ཚོགས་ལས་སྐྱེས་པའོ། །བརྟགས་ན་དབེན་པ་ནི་དེ་དག་ལ་དབུ་མའི་གཏན་ཚིགས་ཆེན་པོ་བཞིས་བརྟག་ན་རང་བཞིན་མེད་པའོ་ཞེས་ཟེར། ངེས་དོན་དབུ་མ་ཐལ་འགྱུར་བས་འཇིག་རྟེན་པའི་གྲུབ་མཐའ་ནས་སེམས་ཙམ་མན་ཆད་ཀྱི་གྲུབ་མཐའ་ཐམས་ཅད་ལོག་པའི་ཀུན་རྫོབ་ཏུ་བཞེད། ཅིའི་ཕྱིར་ན་འཇིག་རྟེན་པ་སོ་སྐྱེ་ཕལ་པ་རྣམས་ནས་སྣང་བ་ལ་རང་མཚན་པར་འཛིན་ཅིང་ཞེན་པ་དང་། མུ་སྟེགས་པ་རྣམས་ནས་རྟག་ཆད་ཀྱི་མཐར་འཛིན་ཅིང་ཞེན་པ་དང་། ཉན་ཐོས་བྱེ་བྲག་སྨྲ་བ་རྣམས་ནས་གཟུང་འཛིན་གྱི་དངོས་པོ་ཆ་མེད་དོན་དམ་དུ་འཛིན་ཅིང་ཞེན་པ་དང་། སེམས་ཙམ་པ་རྣམས་ནས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འཛིན་ཅིང་ཞེན་པ་སོགས་མི་བདེན་པའི་གྲུབ་མཐའ་ལ་བདེན་པར་ཞེན་པས་འཁོར་བ་སྤོང་བ་དང་། ཐར་པ་ཐོབ་པའི་དོན་བྱེད་མི་ནུས་པར་གསུངས། དབུ་མ་རང་ལུགས་ཀྱི་ཡང་དག་ཀུན་རྫོབ་བདེན་པ་ནི་རྩ་བ་ཤེས་རབ་ལས། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཅེས་དབུ་མའི་ལྟ་བ་ཚུལ་བཞིན་རྟོགས་པའི་རྣལ་འབྱོར་པ་

རྣམས་ཀྱི་རྗེས་ཐོབ་ཀྱི་སྣང་བ་ཐམས་ཅད་ཡང་དག་པའི་ཀུན་རྫོབ་ཏུ་བཞེད་པ་སྟེ། དེ་ཡང་འགག་པ་མེད་པ་སྒྱུ་མ་ལྟ་བུ། སྐྱེ་བ་མེད་པ་རྨི་ལམ་ལྟ་བུ། ཆད་པ་ མེད་པ་ཆུ་ཟླ་ལྟ་བུ། རྟག་པ་མེད་པ་བྲག་ཅ་ལྟ་བུ། འོང་བ་མེད་པ་མིག་ཡོར་ལྟ་བུ། འགྲོ་བ་མེད་པ་སྨིག་སྒྱུ་ལྟ་བུ། གཟུགས་ལས་ཐ་དད་མ་ཡིན་པ་གཟུགས་བརྙན་ལྟ་བུ། གཟུགས་དང་ གཅིག་པའང་མ་ཡིན་པ་སྤྲུལ་པ་ལྟ་བུ་དོན་གཅིག་མིན་པ་སྟེ། སྒྱུ་མའི་དཔེ་བརྒྱད་ལྟར་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་མཐུན་པར་སྣང་བའོ། །སྣང་བ་ཐམས་ཅད་སྒྱུ་མར་མཐོང་བ་དེས་ བདེན་ཞེན་སྤོང་ཞིང་ཐར་པ་ཐོབ་པའི་དོན་བྱེད་ནུས་པའོ། །སྣང་བ་སྒྱུ་མའི་རང་བཞིན་ལྟར་རྟོགས་པ་ནི་བླ་མའི་གདམས་ངག་དང་རང་གི་ཚོགས་གཉིས་བསགས་པའི་ལག་རྗེས་ལས་བྱུང་བས་ རྒྱུ་རྐྱེན་གྱིས་སྐྱེས་པའོ། །དོན་དམ་པར་རྫུན་པའི་སྣང་བ་ཙམ་ཡང་མ་གྲུབ་པ་སྟེ་ཆོས་ཐམས་ཅད་ཡོད་མེད་བདེན་རྫུན་གྱིས་སྟོང་པས་བརྟགས་ན་དབེན་པའོ། །ཞེས་ཡང་དག་ཀུན་རྫོབ་ཀྱི་ མཚན་ཉིད་བཞིར་བཞེད་དོ། །སྔགས་ཀྱི་གྲུབ་མཐའི་དབང་དུ་བྱས་ན་ཐ་མལ་པའི་སྣོད་བཅུད་ལ་དངོས་པོར་འཛིན་ཅིང་ཞེན་པ་ལོག་པའི་ཀུན་རྫོབ་དང་། ཕྱི་སྣང་བའི་སྣོད་ཐམས་ཅད་ཞིང་དང་

གཞལ་ཡས་ཁང་དང་། ནང་བཅུད་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དག་པ་འབའ་ཞིག་ཏུ་ལྟ་བ་ཡང་དག་ཀུན་རྫོབ་ཏུ་བཞེད་དོ། །གང་ལྟར་ཡང་བདེན་པ་གཉིས་པོ་ལ་སྣང་ ལུགས་གསུམ་ཡོད་དེ། སྣང་བ་རང་རྒྱུད་པར་སྣང་ཞིང་ཞེན་པ་དང་བཅས་པ་སོ་སོའི་སྐྱེ་བོའི་ས་སྟེ་ལོག་པའི་ཀུན་རྫོབ། སྣང་བ་རྫུན་པར་རྟོགས་ཤིང་ཞེན་པ་དང་བཅས་པ་འཕགས་པའི་ས་ སྟེ་ཡང་དག་ཀུན་རྫོབ། སྣང་བ་དང་མི་སྣང་བ་གང་ཡང་མེད་ཅིང་ཞེན་མ་ཞེན་གྱི་རྩིས་གདབ་གང་ཡང་མེད་པ་སངས་རྒྱས་ཀྱི་ས་སྟེ་དེ་དག་ལ་དོན་དམ་ཞེས་བྱ་བ་སྟེ་ཇི་སྐད་དུ། མ་དག་མ་ དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་དོན་དམ་ བདེན་པ་ལ་ཤེས་རབ་གསུམ་གྱིས་སྒྲོ་འདོགས་ཆོད་པའི་དོན་དམ་པ་དང་། རྣལ་འབྱོར་པས་ཉམས་སུ་མྱོང་བའི་དོན་དམ་པ། སོ་སོའི་སྐྱེ་བོའི་དོན་སྤྱི་རྗེས་དཔག་གི་དོན་དམ་པ། འཕགས་པ་ རྣམས་ཀྱི་དོན་རང་གི་མཚན་ཉིད་མངོན་སུམ་དུ་གཟིགས་པའི་དོན་དམ་པ། དེ་ལ་མཚན་ཉིད་པ་རྣམས་ནས་རྣམ་གྲངས་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་པ་སོགས་གཞུང་སོ་སོ་ནས་

བཤད་པའི་དབྱེ་བ་མི་འདྲ་བ་མང་དུ་ཡོད་ཀྱང་། མདོ་དོན་སྙིང་པོར་ཧྲིལ་གྱིས་བསྒྲིལ་ན། དཔལ་མགོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་ དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པའོ། །ཞེས་དང་། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། ལང་ཀར་གཤེགས་པ་ ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་འཛེར། །བྱང་ཆུབ་སྙིང་པོར་ཞུགས་ན་བདེན་གཅིག་ཀྱང་། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་དང་། ཇོ་བོ་རྗེས། ཤེས་རབ་ཀྱི་མཆོག་གང་ལའང་བདེན་འཛིན་མེད་པ་ཡིན་ཅེས་གསུངས་པས་ཤེས་དང་ཤེས་བྱའི་ཆོས་གང་ལའང་ཆགས་ཐོགས་མེད་པ་ནི་ཤེས་རབ་ཀྱི་སྙིང་པོའོ། །དེ་ལྟ་བུའི་ ཤེས་རབ་ཀྱི་སྙིང་པོ་ནི་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་ཤིང་གདིང་དུ་གྱུར་པ་ལས་བྱུང་། དེ་ཡང་། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་བཤད་པ་

ནི་སྣང་སྟོང་ཡ་བྲལ་གྱི་སྤུ་རིས་སོ་སོར་ཕྱེས་ཏེ་ཐབས་སྣང་བའི་ཕྱོགས་ཁྱད་དུ་བསད་དེ་ཐབས་བྱུང་སྟོང་པ་ཉིད་ཁོ་ན་གཙོ་བོར་བཏོན་པ་ལ་ཞེན་ན་ཆད་པའི་ལྟ་བར་གོལ་ཏེ་གཞི་ཡི་སྐབས་སུ་ བདེན་གཉིས་ཟུང་འཇུག ལམ་གྱི་སྐབས་སུ་ཚོགས་གཉིས་ཟུང་འཇུག འབྲས་བུའི་སྐབས་སུ་སྐུ་གཉིས་ཟུང་འཇུག་གི་རྣམ་བཞག་ཉམས་ཀྱིས་དོགས་པ་ལ་དགོངས་ནས་གསུངས་པ་ཡིན་ གྱི། ངེས་པའི་དོན་ཡང་དག་པར་ན། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་ རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་སྟོང་ཕྱོགས་ནས་ངོ་བོ་ཉིད་མཐའ་བྲལ་ནམ་མཁའི་རང་བཞིན་ཡིན་པས་སྣང་བའི་མཐར་ནམ་ཡང་མ་ལྷུང་ཞིང་། སྣང་ཕྱོགས་ནས་སོ་ སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་སྟོང་པའི་མཐར་ནམ་ཡང་མ་ལྷུང་བའི་གཉིས་མེད་མཉམ་པ་ཆེན་པོའི་ཡེ་ཤེས་ཡུལ་དང་གནས་དང་རྫས་སུ་གྲུབ་པ་རྡུལ་ཕྲ་རབ་ཙམ་དུའང་མེད་ པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་འཇིགས་པ་ཐམས་ཅད་སེལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ་བདག་ཉིད་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། འཇིགས་པ་ཐམས་ཅད་

སེལ་བ་ནི་སྟོང་པ་ཉིད་ཡིན་ཏེ། དངོས་པོར་འཛིན་པས་ནི་སུ་ལའང་མི་བསྐྱབས་ཤིང་གྲོལ་བར་མ་བྱས་སོ། །ཇི་ལྟར་ཞེ་ན། ཉན་ཐོས་ཀྱང་བདག་མེད་པར་ རྟོགས་པས་གྲོལ་གྱི། གཟུང་འཛིན་ཡོད་པར་ལྟ་བས་མ་གྲོལ་ལོ། །རང་རྒྱལ་བའང་གཟུང་བ་མེད་པར་རྟོགས་པས་གྲོལ་གྱི། འཛིན་པ་ཡོད་པར་ལྟ་བས་མ་གྲོལ་ལོ། །རྣལ་འབྱོར་སྤྱོད་ པའང་གཟུང་འཛིན་མེད་པར་རྟོགས་པས་གྲོལ་གྱི། སེམས་ཡོད་པར་ལྟ་བས་མ་གྲོལ་ལོ། །དབུ་མའང་དོན་དམ་པར་མེད་པར་རྟོགས་པས་གྲོལ་གྱི། ཀུན་རྫོབ་ཡོད་པར་ལྟ་བས་མ་གྲོལ་ ལོ། །འོ་ན་དངོས་པོར་ཅུང་ཟད་ཀྱང་མི་ལྟ་ན། ཐབས་ཀྱི་སྤྱོད་པ་རྒྱུན་ཆད་དེ་སྙིང་རྗེ་དང་བྲལ་བས། ཤེས་རབ་དང་སྙིང་རྗེ་ཟུང་དུ་མ་འབྲེལ་ན་ཐར་པར་ཡང་མི་འགྱུར་རོ་ཞེ་ན། སྙིང་རྗེ་ནི་ སེམས་ཅན་ལ་དམིགས་ནས་སྐྱེ་སྟེ། འོན་ཀྱང་སེམས་ཅན་གྱི་རྫས་དངོས་པོར་གྲུབ་པར་བལྟ་ནི་མི་དགོས་ཏེ། སེམས་ཅན་མ་གྲུབ་བཞིན་དུ་སེམས་ཅན་བདེ་སྡུག་ཏུ་སྣང་བ་རྣམས་ལ་སྒྱུ་མ་ ཙམ་དུ་ཕན་འདོགས་པ་ལ་ཞུགས་པས་མ་ཞེན་མི་ངལ་བའི་སྙིང་རྗེ་ཆེན་པོ་དག་པར་འགྱུར་ཏེ། དེ་བས་ན་ཐབས་ཀྱི་སྤྱོད་པ་ལ་དངོས་པོར་བལྟ་མི་དགོས་སོ། །དེའི་ཕྱིར་ན་སྟོང་པ་ཉིད་ནི་

འཇིགས་པ་ཐམས་ཅད་སེལ་བ་ཡིན་གྱི་འདི་ལ་སྐྲག་པར་མི་བྱའོ། །ཞེས་གསུངས་སོ། །སེམས་བསྐྱེད་ཀྱི་ཕན་ཡོན་ནི། ཤནྟི་དེ་ཝས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་ བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་བཞིན་འགྲོ་བའི་ ཆོས་སྡོང་དུ་འགྱུར་བ་དང་། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ ཡོད་པ་སྟེ་རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ་ཞེས་གསུངས་པ་ལྟར་ཐམས་ཅད་ནས་ཐམས་ཅད་དུ་ཕན་ཡོན་ཚད་མེད་དཔག་ཏུ་མེད་པར་གསུངས་སོ།། །།གསུམ་པ་ མཎྜལ་ནི། ཚེ་རབས་ཀུན་གྱི་ལུས་དང་ལོངས་སྤྱོད་དཔལ༔ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔ ཞེས་པས། དེ་ལ་མཆོད་པའི་མཎྜལ་དང་། སྒྲུབ་པའི་མཎྜལ་ ཞེས་འབྱུང་བ། སྒྲུབ་པའི་མཎྜལ་གྱི་དོན་ནི། ཚོགས་བསགས་པའི་ཞིང་བླ་ན་མེད་པ་དཀོན་མཆོག་གསུམ་བསྒྲུབ་པ་ཡིན། དེ་ཡང་ཞིང་ཕྱོགས་རེ་མ་ཡིན་པ་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་

དབྱིངས་དང་མཉམ་པའི་སངས་རྒྱས་རྣམས་ཀྱི་ཞིང་དང་། ཞིང་ཁམས་ཐམས་ཅད་བསྡུ་ན་རྒྱལ་བ་རིགས་ལྔའི་སྐུ་དང་ཞིང་ཁམས་སུ་ཡོངས་སུ་རྫོགས་པ་ཚང་ བས་དེ་དག་གི་དོན་དུ་མཎྜལ་ཚོམ་བུ་ལྔར་བཀོད་པ་ཡིན། ཚོགས་ཞིང་ཀུན་འདུས་ནོར་བུའི་ལུགས་སུ་བྱས་ན་རྒྱལ་བ་རིགས་ལྔའི་ཞིང་གི་མཆོག་བསམ་པའི་ཡུལ་ལས་འདས་པ་མ་ལུས་མི་ ལུས་ལུས་པ་མེད་པ་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་འཁོར་ལྔའི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་པ་སྟེ། ཇི་ལྟར་ན་གུ་རུ་རིན་པོ་ཆེའི་སྐུ་ནི་དེ་ བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད། གསུང་ནི་སྣང་བ་མཐའ་ཡས་པདམའི་རིགས། ཐུགས་ནི་རྡོ་རྗེའི་རིགས་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའི་རིགས། ཡོན་ཏན་ནི་རིན་ཆེན་ འབྱུང་ལྡན་རིགས། ཕྲིན་ལས་ནི་དོན་ཡོད་གྲུབ་པ་སྟེ་ལོངས་སྐུའི་སྐུ་དང་ཞིང་གི་བཀོད་པའི་ཡོན་ཏན་ཐམས་ཅད་ཚང་ཞིང་། དེ་དག་ལས་ཡེ་ཤེས་སྒྱུ་མའི་རྣམ་པར་སྤྲུལ་པ་ཨོ་རྒྱན་ཆེན་པོ་ ཉིད་དེ། དེའི་ཕྱིར་ན་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་ཞིག་བཀོད་ཀྱང་རུང་། ཚོམ་བུ་གཅིག་པ་ཞིག་བཀོད་ཀྱང་རུང་སྟེ་འགལ་བ་ཡོད་པ་མ་ཡིན་ནོ། །ཡང་ན་སྒྲུབ་པའི་མཎྜལ་གྱི་ཚོམ་བུའི་དོད་

གུ་རུ་རིན་པོ་ཆེའི་སྐུ་བརྙན་བྲིས་འབུར་གང་རུང་ལ་རྟེན་བྱས་ཀྱང་རུང་ངོ་། །དེ་ནས་མཆོད་པའི་མཎྜལ་ལ་མཎྜལ་གྱི་ཚོམ་བུ་འགོད་པའི་རྟེན་གཞི་རྒྱུ་རབ་གསེར་དངུལ་ལ་སོགས་རིན་པོ་ཆེའི་ རིགས། འབྲིང་མཁར་བ་ལ་སོགས། ཐ་ནའང་སྣོད་འབར་འབུར་དང་ཤང་ཤོང་མེད་པ་འཇམ་པའི་རྡོ་དང་ཤིང་ལེབ་ལ་སོགས་གས་ཆག་སྐྱོན་ཅན་རིགས་མ་ཡིན་པ་ལའང་རུང་བར་གསུངས། གང་ལྟར་ཡང་བྱི་དོར་གཙང་བར་བྱས་ལ། འབུལ་བྱ་ཚོམ་བུ་དངོས་ཀྱི་རྒྱུ་རབ་གསེར་དངུལ་གཡུ་བྱི་རུ་མུ་ཏིག་ཕ་ལམ་པདྨ་ར་ག་ཨིནྡྲ་ནི་ལ་སོགས་རིན་པོ་ཆེའི་རིགས། འབྲིང་ཨ་རུ་བ་རུ་ སྐྱུ་རུ་ར་ལ་སོགས་སྨན་སྣའི་རིགས། ཐ་ནའང་གྲོ་སྲན་ནས་འབྲས་ལ་སོགས་འབྲུའི་རིགས། དེ་དག་ཀྱང་འབྱོར་བར་དཀའ་བའི་དབུལ་པོ་ཡིན་ན་དད་པ་ཡོད་ཕན་ཆད་བློ་ཞུམ་མི་དགོས་ཏེ། ཇི་སྐད་དུ། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པའི་དོན་དྲན་པར་བྱས་ལ་ས་དང་རྡོ་དང་བྱེ་མ་ལ་སོགས་གཙང་བར་བཀྲུས་ཏེ་སྲིད་དང་ཞི་བའི་དཔལ་ཡོན་དུ་བསམ་གྱིས་མི་ཁྱབ་པར་དམིགས་ནས་

ཕུལ་བ་ཡིན་ན་འབུལ་བའི་ཡུལ་དཀོན་མཆོག་གི་ཞིང་ཁྱད་པར་ཅན་གྱི་མཐུས་དོན་ཡོངས་སུ་འགྲུབ་པར་འགྱུར། གང་ལྟར་ཡང་། རྒྱུ་རབ་འབྲིང་ཐ་གསུམ་གང་ འབྱོར་ལ་རྟེན་བྱས་ཏེ། ཚེ་རབས་ཀུན་གྱི་ལུས་དང་ལོངས་སྤྱོད་དཔལ༔ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔ ཞེས་པས་ཐོག་མེད་ནས་ད་བར་སྐྱེ་བ་གྲངས་མེད་ བླངས་པ་ལས་སྐྱེ་བ་དེ་དག་ཐམས་ཅད་གནས་སྐབས་ཀྱི་བདེ་འབྲས་ལ་དམིགས་ནས་ཟག་བཅས་ཀྱི་དགེ་བ་བསྒྲུབས་པའི་མཐུས་ལྷ་དང་མིའི་གོ་འཕང་ཐོབ་སྟེ་དེ་དང་དེ་དག་གི་སྐབས་སུ་སྣོད་ བཅུད་ཀྱི་བཀོད་པ་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་ཡོད་པའི་སྐྱེ་བ་བླངས་ཡོད་པའང་སྲིད། ཁྱད་པར་ད་རེས་སྔོན་བསགས་མི་དམན་པའི་རྟགས་སུ་དལ་འབྱོར་བཅོ་བརྒྱད་ ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པ་ནས་བཟུང་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་ཚོགས་གཉིས་གསོག་པའི་ཞིང་ས་བླ་ན་མེད་པ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ ཚུད་ཅིང་། ཐེག་པ་ཆེན་པོའི་ཆོས་ལ་རིགས་སད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་ལྷ་མིའི་སྣང་བ་བཟང་པོ་ནས་སྣང་བའི་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བར་

གླིང་བཞི་གླིང་ཕྲན་ལྷ་གནས་ལ་སོགས་པར་དབང་བའི་མངོན་མཐོའི་སྐྱེ་བ་དང་། ཉན་རང་བྱང་སེམས་རིག་འཛིན་མཁའ་འགྲོ་ལ་སོགས་དག་པའི་སྣོད་བཅུད་ཀྱི་སྣང་བ་ཁྱད་པར་འཕགས་ པའི་དཔལ་ཡོན་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་འབྱོར་བའི་ལུས་སུ་སྐྱེ་བ་བླང་བར་འགྱུར་བའང་གདོན་མི་ཟ་བས་ན་དངོས་པོ་ཕྱོགས་རེ་མ་ཡིན་པ་སྟེ་ཚེ་རབས་ཀུན་གྱི་ལུས་དང་ལོངས་ སྤྱོད་ཀྱི་དཔལ་ཡོན་ཀུན་བསམ་པ་ཕྱོགས་རེ་མ་ཡིན་པ་རང་དོན་ཉི་ཚེ་བའི་དོན་དུ་མ་ཡིན་པ་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར་ བླ་མ་དཀྱོན་མཆོག་གསུམ་ལ་འབུལ་བའོ། །དེ་ཡང་སྒྲིབ་གཉིས་ནི། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་བརྗོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་ བྱའི་སྒྲིབ་པར་བརྗོད། །ཅེས་པ་ལྟར་ཡུལ་བཟང་ངན་ལ་བརྟེན་ནས་ཆགས་སྡང་གི་ལས་གསོག་པ་ཆགས་པ་ཉོན་མོངས་པའི་སྒྲིབ་པ་དང་། འཁོར་འདས་ཀྱི་ཆོས་གང་ལའང་དངོས་པོར་ འཛིན་པ་དང་། དངོས་མེད་དུ་འཛིན་པ་དང་། གཉིས་ཀར་འཛིན་པ་དང་། གཉིས་མེད་དུ་འཛིན་པ་དང་། རིལ་པོར་འཛིན་པ་ལ་སོགས་ཡུལ་དང་ཡུལ་ཅན་གྱི་བག་ཆགས་འཁོར་གསུམ་

རྣམ་པར་རྟོག་པའི་རྒྱང་ལོགས་འཐུགས་པོར་བརྩིགས་པ་ལས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཤེས་བྱའི་ཆོས་ཀྱི་མཚན་ཉིད་ཟང་ཐལ་དུ་མི་ཤེས་པའི་ ཐོགས་པ་ཤེས་བྱའི་སྒྲིབ་པ་སྟེ། དེ་ལྟར་ཆགས་པ་ཉོན་སྒྲིབ་གང་ཟག་གི་བདག་མེད་རྟོགས་ནས་སྦྱོང་བ་དང་། ཐོགས་པ་ཤེས་སྒྲིབ་ཆོས་ཀྱི་བདག་མེད་རྟོགས་ནས་སྦྱོང་བ་སྟེ་སྒྲིབ་གཉིས་བྱང་ ཞིང་། རྒྱ་ཆེ་བ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་གཟུགས་ཀྱི་སྐུ་དང་། བསོད་ནམས་ཀྱི་ཚོགས་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པ་ཡེ་ཤེས་ཀྱི་ཚོགས་རྫོགས་ པ་ལས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་འབུལ་བའོ། །མཆོད་པའི་མཎྜལ་གྱི་ཚོམ་བུ་འགོད་སྐབས་མཎྜལ་ལག་གཡོན་གྱིས་བཟུང་སྟེ་ས་གཞིའི་རྡུལ་ཐམས་ཅད་གཙང་བར་བྱེད་པར་བསམ་སྟེ། ལག་གཡས་པའི་ལག་ངར་འཇམ་པའི་ངོས་ཀྱིས་རྡོར་སེམས་ཀྱི་སྔགས་རྒྱས་བསྡུས་གང་རུང་འདོན་པ་དང་ཆབས་ཅིག་ལན་གསུམ་ཕྱིས་ལ། ས་གཞི་ལ་རྡུལ་མི་ལྡང་བའམ། དབང་ཆེན་ གསེར་གྱི་ས་གཞི་མཚོན་བྱེད་དུ་དྲི་བཟང་གི་ཆུ་བཀུ་ཞིང་དེ་ནས་དབུས་སུ་རི་རྒྱལ་ལྷུན་པོ་མཚོན་བྱེད་ཚོམ་བུ་ཆེ་བ་གཅིག །གླིང་བཞི་མཚོན་བྱེད་ཕྱོགས་བཞིར་ཚོམ་བུ་བཞི། ཡང་ཤར་ནུབ་

ཏུ་ཉི་ཟླ་མཚོན་བྱེད་ཚོམ་བུ་རེ་རེ་སྟེ་ཚོམ་བུ་བདུན་བཀོད་དེ་ཕུལ་བའོ། །སྔོན་འགྲོ་འདིར་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རྗེས་སུ་མཎྜལ་འབྱུང་བས་དེ་ལྟ་ན་རྒྱལ་ཀུན་སྤྱི་གཟུགས་གུ་རུ་རིན་པོ་ ཆེ་སྐྱབས་འགྲོའི་སྐབས་སུ་སྐྱབས་ཡུལ། སེམས་བསྐྱེད་སྐབས་སུ་སེམས་ཅན་གྱི་དོན་བྱེད་པར་སྨོན་པའི་དམ་བཅའ་མི་གཏོང་བའི་དཔང་པོ། མཎྜལ་སྐབས་སུ་ཚོགས་ཞིང་སྟེ་སྐབས་ཐོབ་ཀྱི་ དོན་རྣམས་དྲན་དང་ཤེས་བཞིན་གྱིས་འབུམ་རེ་བསགས་སྦྱོང་བྱེད་པའི་སྐབས་སམ་མ་ལྕོགས་པའི་ཚེ་ཐ་ནའང་ཉིན་རེ་སྐྱབས་སེམས་མཎྜལ་རྣམས་ལན་གསུམ་རེ་རྒྱུན་འདོན་བྱེད་པའི་སྐབས་ གང་ཡང་རུང་མཐར་ཐུན་བསྡུ་བའི་སྐབས་སུ་གུ་རུའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་རང་གཞན་སེམས་ཅན་རྣམས་ལ་ཐིམ་པས་སྒྲིབ་གཉིས་བྱང་། ཚོགས་གཉིས་རྫོགས། མཎྜལ་འབུལ་མཁན་བདག་གཞན་སེམས་ཅན་ཐམས་ཅད་མཆོད་པའི་མཎྜལ་ལ་ཐིམ། མཆོད་པའི་མཎྜལ་འོད་དུ་ཞུ་ནས་གུ་རུ་རིན་པོ་ཆེ་ལ་ཐིམ་སྟེ་འཁོར་གསུམ་རྣམ་པར་མི་རྟོག་པའི་ངང་ལ་ མཉམ་པར་འཇོག་པའོ། །དེ་ལྟར་རྒྱལ་བ་རྣམས་ལ་དངོས་བཤམས་ཡིད་སྤྲུལ་གྱིས་མཚོན་པའི་མཆོད་པ་ཕུལ་བའི་ཕན་ཡོན་ནི་རང་གི་སེམས་ལ་བསོད་ནམས་ཟད་མི་ཤེས་པའི་བག་ཆགས་


བཟང་པོའི་ས་བོན་བཏབ་པས་སྐྱེ་བ་ཀུན་ཏུ་དཔལ་དང་འབྱོར་པ་རྒྱས་པའི་ལྷ་མིའི་གོ་འཕང་ཐོབ་ཅིང་། མཐར་ཐུག་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་གོ་ འཕང་མངོན་དུ་བྱེད་པ་སྟེ། གསང་སྙིང་ལས། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་གསུངས་པ་བཞིན་ཕན་ཡོན་བསམ་ པའི་ཡུལ་ལས་འདས་པ་ཐོབ་པའོ།། །།བཞི་པ་རྡོར་སེམས་བསྒོམ་བཟླས་ནི། སྤྱི་བོར་བླ་མ་རྡོར་སེམས་དབྱེར་མེད་པའི༔ སྐུ་ལས་བདུད་རྩིའི་རྒྱུན་བབས་སྒྲིབ་སྦྱངས་གྱུར༔ ཞེས་པ་སྟེ་དེ་ཡང་འཕྲོས་དོན་དུ་འདི་སྨོས་པར་བྱ་སྟེ། སྔར་སྐྱབས་སེམས་མཎྜལ་སྐབས་སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ་ལ་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱང་ལ་འབད་པས་མ་ འཐུས་པར་སླར་ཡང་འདིར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་བརྟེན་ནས་སྡིག་ལྟུང་སྦྱང་དགོས་པ་གང་ཞིག་ཡིན་ནམ་སྙམ་ན་སྔར་སྨོས་པ་བཞིན་ངོ་བོ་དབྱེར་མི་ཕྱེད་པ་ལ་རྣམ་པའི་ཡོན་ཏན་

རྣམ་པ་ཐམས་ཅད་པར་འཆར་བ་ནི་སངས་རྒྱས་རྣམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དོན་དམ་པའི་ཡོན་ཏན་ཡིན་སྟབས། རང་གི་བླ་མ་དེ་ཉིད་དཀོན་མཆོག་ཀུན་འདུས་ཡིན་པའི་བརྡ་ དོན་རྟགས་ཀྱི་རྩལ་དང་རོལ་པ་མ་འགགས་པ་རྣམ་པ་ཐམས་ཅད་པར་འཆར་བ་ལས་སོ་སོའི་སྐྱེ་བོ་བཞིན་གང་ཟག་རང་རྒྱུད་པ་རེ་རེ་ནས་རང་རང་གི་བདག་ཏུ་ལྟ་བའི་ནུས་པའི་རྩལ་འགྲན་པའི་ ཕྱིར་དུ་བྱ་བ་ཐ་དད་རེ་བྱས་པ་ལྟ་བུ་མིན་ལ། ཐུན་མོང་གདུལ་བྱའི་སྣང་ངོར་སངས་རྒྱས་རྣམས་སངས་མ་རྒྱས་པའི་སྔོན་རོལ་ན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ སྐྱེ་བ་བཞེས་ཚུལ་བསྟན་པའི་སྐབས་སུ་རང་རང་ནས་སྨོན་ལམ་རེ་བཏབ་པའི་ལོ་རྒྱུས་ཡོད་པ་བཞིན་གུ་རུ་རིན་པོ་ཆེ་དང་ངོ་བོ་ཐ་མི་དད་པ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ བཞེས་པའི་ཚུལ་བསྟན་ནས་ངས་སེམས་ཅན་སྡིག་པོ་ཆེ་རྣམས་ཀྱི་སྤྱི་བོར་གནས་ཏེ་དེ་དག་གི་དུཿ ཁ་མ་ལུས་པ་སྦྱང་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུས་ཤིན་ཏུ་དག་པར་དཀའ་བའི་ སྡིག་པ་མི་དགེ་བའི་ལས་ཚབ་པོ་ཆེ་ཐམས་ཅད་ཀྱང་ཡུད་ཙམ་གྱིས་དག་པར་བྱེད་པའི་བདེན་པའི་ནུས་མཐུ་མངོན་དུ་སྣང་བར་མཛད་པ་ཡིན་ཅིང་། དཔེར་ན་རྗེ་བཙུན་སྒྲོལ་མས་སྔོན་བྱང་ཆུབ་

ཏུ་ཐུགས་བསྐྱེད་པའི་སྐབས་སུ་སྐྱེས་པའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་མང་ལ། བུད་མེད་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་ཉུང་བས་ངས་བུད་ མེད་ཀྱི་ལུས་ཁོ་ནས་སེམས་ཅན་གྱི་དོན་བྱེད་དོ་ཞེས་སྨོན་ལམ་བཏབ་པ་དང་། སྤྱན་རས་གཟིགས་ཀྱིས་འཁོར་བ་མ་སྟོང་བར་དུ་སངས་མི་རྒྱའོ་ཞེས་དམ་བཅས་པ་དང་། འཇམ་དཔལ་ དབྱངས་ཀྱིས་ངས་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་ཤེས་རབ་ཀྱི་སྣང་བས་སེལ་བར་ཤོག་ཅིག་ཅེས་པ་དང་། ཕྱག་ན་རྡོ་རྗེས་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ བར་དུ་གཅོད་པའི་བགེགས་རྣམས་ངས་འཛོམས་པར་ཤོག་ཅིག་ཅེས་པ་དང་། དེ་ཡང་ཐུབ་མཆོག་བྱིན་རླབས་གཏེར་མཛོད་ལས། སྙིང་རྗེ་ཆེན་པོའི་རྩོད་ལྡན་སྙིགས་མའི་ཞིང་། །བཟུང་ ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་མི་ཕམ་རིན་པོ་ཆེའི་གསུང་རྒྱབ་ཆོས་ པདྨ་དཀར་པོ་ལས་གསལ་བ་ལྟར་རང་རེ་སངས་རྒྱས་གཞན་གྱི་གདུལ་བྱར་མ་གྱུར་པར་སྙིགས་མའི་སེམས་ཅན་རྣམས་ཀྱི་འདྲེན་པའི་དེད་དཔོན་ཆེན་པོར་ཕེབས་པ་མཉམ་མེད་ཐུབ་པའི་

དབང་པོ་དོན་ཀུན་གྲུབ་པས་སྨོན་ལམ་ཇི་ལྟར་བཏབ་པ་དང་། སྔོན་མཁན་སློབ་ཆོས་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་བྱང་ནས་བྱང་དུ་དར་བ་སངས་རྒྱས་ཀྱིས་ལུང་བསྟན་པ་བཞིན་དོན་ མངོན་དུ་འགྱུར་བར་བྱེད་པའི་ཆེད་སྔོན་བལ་ཡུལ་དུ་བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་མས་བཞེངས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལས་འཕྲོ་བུ་བཞིས་བསྐྱངས་ཏེ་དེའི་མདུན་སྤུན་མཆེད་ རྣམས་ཀྱིས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་བསམ་ཡས་སུ་བུ་གསུམ་གྱི་སྐྱེ་བ་མཁན་སློབ་ཆོས་གསུམ་ལ་སོགས་པ་ཞལ་འཛོམས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་རྒྱས་པར་ མཛད་པ་ལྟར། མ་འོངས་པའི་གདུལ་བྱ་རྣམས་ཀྱིས་ཀྱང་དེ་དང་དེ་ལྟ་བུའི་དུས་གསུམ་གྱི་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་རྣམ་པར་ཐར་པའི་རྗེས་སུ་ ཞུགས་པའི་ཕྱིར་སྨོན་ལམ་གྱི་བདེན་པའི་ནུས་མཐུ་བསྟན་པ་ཡིན་ནོ། །དེ་ལྟར་སྤྱིའི་གོ་དོན་མདོ་ཙམ་སྨོས་ནས། སྐབས་ཀྱི་བསྒོམ་དོན་དངོས་ལ་རང་ཉིད་ཐ་མལ་པ་རྣམ་སྨིན་གྱི་ལུས་དང་ལྡན་ པའི་སྤྱི་བོར་པདམ་དཀར་པོ་འདབ་མ་སྟོང་ལྡན། དེའི་སྟེང་ན་ཟླ་བ་དྲི་མ་མེད་པ། དེའི་སྟེང་ན་རང་གི་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་སྐུའི་མཚར་སྡུག་ལང་ཚོ་

ཡོངས་སུ་རྫོགས་པའི་དཔལ་ཟླ་བ་དྲི་མ་མེད་པ་ལྟར་དག་ཅིང་། གཟི་བརྗིད་མཚུངས་པ་མེད་པའི་བྱིན་ཉི་མ་ལྟ་བུར་ལྷམ་མེར་འབར་བ། ཕྱག་གཡས་པས་རྡོ་རྗེ་ རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཡུམ་སྙེམས་མ་དཀར་མོ་ལ་འཁྲིལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་སྐྲ་མཐོན་མཐིང་ ཐོར་ཚུགས་སུ་བཅིངས་པ་ལ་ནོར་བུའི་ཏོག་གིས་མཛེས་པ། དར་དཀར་པོའི་སྟོད་གཡོགས། པ་ཏི་ཕྲ་བོའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། དར་མཐིང་ཁྲའི་ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། སེ་མོ་དོ་སྟེ་ནུ་མའི་བར་སླེབས་པའི་དོ་ཤལ། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་ལྟེ་འོག་ཡན་འཁོར་བ་མཆན། ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། པང་དུ་ཡུམ་སྙེམས་མ་དཀར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། སྤྱི་བོར་ཆོས་དབྱིངས་ཡེ་ཤེས་མཚོན་ བྱེད་འཁོར་ལོ། སྙན་ལ་སོར་རྟོག་ཡེ་ཤེས་མཚོན་བྱེད་རྣ་ཆ། མཉམ་ཉིད་ཡེ་ཤེས་མཚོན་བྱེད་མགུལ་རྒྱན། བྱ་གྲུབ་ཡེ་ཤེས་མཚོན་བྱེད་སྐ་རགས། མེ་ལོང་ཡེ་ཤེས་མཚོན་བྱེད་གདུ་བུ་སྟེ་

ཕྱག་རྒྱ་ལྔས་སྤྲས་ཤིང་། ཕྱག་གཡས་པས་གྲི་གུག་དང་གཡོན་པས་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་དེ་ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་འཁྲིལ་ཞིང་མཉམ་པར་སྦྱོར་བ། ཡབ་ཡུམ་གཉིས་ཀའང་མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུ་རྒྱས་ཤིང་། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་སྟབས་སུ་ལང་བའི་ལྟེ་བའི་ཁོང་གསེང་ན་དྭངས་ཤིང་འཚེར་བའི་ཧཱུཾ་ཡིག་དཀར་པོ་གྱེན་དུ་ལངས་པའི་མཐར་ མདུན་ནས་བརྩམས་ཏེ་ཡི་གེ་བརྒྱ་པའི་ཡིག་འབྲུ་ཨོཾ་རབ་སྔགས། བཛྲ་ས་ཏྭ་ས་མ་ཡ། རྡོ་རྗེ་སེམས་དཔའ་དམ་ཚིག མ་ནུ་པ་ལ་ཡ་བཛྲ་སཏྭ། རྗེས་སུ་སྐྱོངས་ཤིག་རྡོར་སེམས་ཀྱེ། ཏེ་ནོ་པ་ཏིཥྛ་དྲི་དྲོ་མེ་བྷ་ཝ། ཁྱེད་ཀྱིས་བདག་ལ་བརྟན་པར་བཞུགས། སུ་ཏོཥྱོ་མེ་བྷ་ཝ། ཤིན་ཏུ་ཚིམ་པར་བདག་མཛོད་ཅིག སུ་པོཥྱོ་མེ་བྷ་ཝ། ལེགས་པར་རྒྱས་པར་བདག་མཛོད་ཅིག ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྪ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། སརྦ་ཀརྨ་སུ་ཙ་མེ། ལས་རྣམས་ཐམས་ཅད་ལ་ཡང་བདག ཙིཏྟཾ་ཤྲི་ཡཾ་ཀུ་རུ། བདག་གི་སེམས་ནི་དགེ་བར་མཛོད། ཧཱུཾ་ནི་ཐུགས་སྲོག ཧ་ཧ་ཧ་ཧ་ བཞི་ནི་ཚད་མེད་བཞི། དགའ་བ་བཞི། དབང་བཞི། སྐུ་བཞི།

༼ཧོ༽དེ་ལ་དགྱེས་པའི་བཞད་སྒྲ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན། བཛྲ་མཱ་མེ་མུཉྩ། རྡོ་རྗེས་བདག་ནི་མ་འདོར་ཅིག བཛྲི་བྷ་ཝ། རྡོ་རྗེ་ཅན་དུ་མཛད་དུ་གསོལ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ དམ་ཚིག་སེམས་དཔའ་ཆེན་པོ་ཨ། ཨཿ གཉིས་མེད་དུ་སྦྱོར་བའི་དོན་ཏོ་མཆན། རང་སྒྲ་དང་བཅས་ཏེ་གཡས་སུ་འཁོར་བར་བསམ་པ་ནི་རྟེན་གྱི་སྟོབས་དང་། དེ་ནས་བླ་མ་རྡོ་རྗེ་སེམས་ དཔའ་ལ་སྙིང་ཁོང་རུས་པའི་གཏིང་ནས་དད་པ་ཆེན་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་མི་དགེ་བ་བཅུ། མཚམས་མེད་ལྔ། ཉེ་བ་ལྔ། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་བྱ། གསང་བ་སྔགས་ཀྱི་དམ་ཚིག་དང་འགལ་བ་ལ་སོགས་པའི་སྡིག་པ་མི་དགེ་བའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ལ་སྙིང་ནས་འགྱོད་པ་དྲག་པོས་བསུན་ འབྱིན་ཞིང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱི་བར་དམ་བཅའ་བ་སྟེ་རྣམ་པར་བསུན་འབྱིན་པའི་སྟོབས། བླ་མ་རྡོ་རྗེ་སེམས་དཔའི་སྐུ་ཡི་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་སྐྱེ་ ཆི་ལི་ལི་བབས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་བརྒྱུད་བཞུགས་གདན་པད་སྡོང་གི་རྩ་བ་སོར་བཞི་ཚད་ཙམ་རང་གི་ཚངས་པའི་བུ་གར་ཟུག་པ་ནས་འཁྲིལ་བའི་ཚུལ་གྱིས་མར་ཞུགས་ལུས་

ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་གཤང་ལམ་དང་ཆུ་ལམ་བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཐོན། ས་རིམ་པ་དགུའི་མཚམས་ན་རང་གཞན་སེམས་ཅན་ ཐམས་ཅད་ཀྱི་ལན་ཆགས་བུ་ལོན་གྱི་བདག་པོ་བདག་མོ་རྣམས་གནས་པ་དེ་དག་གི་ཁར་སོང་བས་དེ་དག་ཚིམས་པའི་འདོད་ཡོན་ཟད་མི་ཤེས་པར་གྱུར་ནས་ལན་ཆགས་ལྷག་མེད་དུ་སྦྱང་བར་ གྱུར། རང་གི་ལུས་སེམས་དྲི་མ་མེད་པའི་ཤེལ་ལྟར་གཙང་ཞིང་། ཟག་པ་མེད་པའི་བདེ་བ་ཆེན་པོས་ཁྱབ་པར་བསམ་པ་ལ་སོགས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །དེ་ལྟར་རྟེན་ གྱི་སྟོབས་དང་། རྣམ་པར་བསུན་འབྱིན་པའི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་བརྟེན་ནས་བཤགས་པ་ཕུལ་བས་བླ་མ་རྡོ་རྗེ་སེམས་དཔའ་ཐུགས་ཤིན་ཏུ་དགྱེས་པ་ཆེན་པོས་ རིགས་ཀྱི་བུ་ཁྱེད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་དག་པ་ཡིན་ནོ་ཞེས་བཀའི་གནང་བ་སྦྱིན་ནས་ཡབ་ཡུམ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བ་བདག་ཉིད་ལ་ཐིམ་པས་བདག་ཉིད་ རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཆེན་པོའི་སྣང་བ་དང་འདྲེས་ནས་གཉིས་མེད་རོ་གཅིག་ཏུ་གྱུར་པར་བསམས་ཏེ་ཐུགས་སྲོག་ས་བོན་ཧཱུཾ་ཡིག་དཀར་པོའི་མཐར་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་ཡང་

སྙིང་འབྲུ་དྲུག་པས་བསྐོར་བ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པ་ལས་ཕྱི་སྣོད་ཀྱི་སྣང་བ་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས། ནང་བཅུད་ སེམས་ཅན་གཅིག་ཀྱང་མ་ལུས་པ་རྡོ་རྗེ་སེམས་དཔའི་ལྷ་ཚོགས། དེ་དག་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་རང་སྒྲ་སྙན་པར་སྒྲོགས། མཐར་ཕྱི་ནང་སྣོད་བཅུད་སྐུ་དང་ཞིང་ཁམས་བཅས་པ་ རང་ལ་ཐིམ། རང་ཉིད་ཐུགས་སྲོག་ས་བོན་ཧཱུཾ་ལ་ཐིམ། དེ་ཡང་མས་ནས་ཡར་རིམ་བཞིན་ན་དཱའི་བར་དུ་བསྡུས་ཏེ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་ བཞག་པ་ནི་སོར་ཆུད་པའམ་ལྡོག་པའི་སྟོབས་ཏེ་འདི་སྐད་དུ། རང་རིག་ཡེ་ནས་འགྱུར་མེད་ཆོས་སྐུའི་རྩལ། །ད་ལྟའི་ཤེས་པ་རང་བབས་སོ་མ་འདི། །མ་བཅོས་ལྷུག་པར་བཞག་པའི་རྣལ་ འབྱོར་དེས། །རྡོ་རྗེ་སེམས་དཔའ་རང་ལ་རྙེད་པར་འགྱུར། །ཞེས་ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་གང་གསུངས་པ་ལ་དྲན་པ་ཉེ་བར་བཞག་པ་ཁོ་ནའོ། །དེ་ལས་ལྡང་བ་ན། རྡོ་རྗེའི་རིགས་སུ་སྐྱེས་ནས་ཀྱང་། །རྡོ་རྗེ་སེམས་དཔའི་གསང་སྔགས་སྟོན། །སྙིང་རྗེ་ལྡན་ཅིང་བླ་མར་གུས། །སྐྱེས་ཤིང་སྐྱེ་བར་འགྱུར་བར་ཤོག །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ཟབ་

མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །བདག་གིས་འདི་བསྒྲུབ་བསོད་ནམས་གང་། །མཐའ་ཡས་འགྲོ་བ་ཡོངས་ལ་བསྔོ། །ཀུན་ཀྱང་ མྱ་ངན་འདས་པའི་མཆོག །རྡོ་རྗེ་སེམས་དཔའི་སྐུ་ཐོབ་ཤོག །ཅེས་རྡོ་རྗེའི་གསུང་བྱིན་རླབས་ཅན་གྱིས་བསྔོ་སྨོན་བྱའོ། །དེ་ཡང་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་པོ་དོན་གཅིག་སྟེ། ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། མདོར་བསྡུ་ན་གཟུགས་ཐམས་ཅད་ཀྱི་རང་བཞིན་ནམ་མཁའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་རང་བཞིན་དུ་ སངས་རྒྱས་སོ་ཞེས་བྱ་བའི་དོན་ཏེ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་སྒྲས་ཆོས་ཐམས་ཅད་དེའི་རང་བཞིན་དུ་སངས་རྒྱས་པར་བསྟན་པ། ཞེས་བྱ་སྟེ། དེ་ལ་ཀུན་ཞེས་བྱ་བའི་སྒྲ་ནི་མ་ འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་ཐམས་ཅད་དོ། །དེ་ལ་མ་འདྲེས་པ་ནི་སྣ་ཚོགས་སུ་སྣང་བ། ཡོངས་སུ་རྫོགས་པ་ནི་རང་བཞིན་མི་གཉིས་པའོ། །དེ་དག་ཐམས་ཅད་ནས་ཐམས་ ཅད་དུ་ངན་ཅིང་དོར་བར་བྱ་བ་མེད་པས་ཀུན་ཏུ་བཟང་པོའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ཡིན་ཏེ་དཔེར་ན་ནམ་མཁའ་ནི་གཟུགས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་གནས་ཤིང་གོ་འབྱེད་པ་

ཡིན་ཡང་དོག་པ་མེད་པ་བཞིན་དུ་ཀུན་ཏུ་བཟང་པོའི་རང་བཞིན་དུ་མ་གྱུར་པའམ་མ་འདུས་པ་མེད་པས་ཡངས་པ་སྟེ་དེའི་ཕྱིར་ཆོས་ཀྱི་དབྱིངས་སོ། །མདོར་ བསྡུ་ན་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་རང་བཞིན་ནམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་དུ་སངས་རྒྱས་ཏེ་ཐམས་ཅད་ནས་ཐམས་ཅད་དུ་ཆེ་ཞིང་ ཡངས་སོ། །དེ་བས་ན་རྡོ་རྗེ་སེམས་དཔའ་དང་ཀུན་ཏུ་བཟང་པོ་དོན་འདྲ་ལ། ཆེ་བ་དང་ཡངས་པའང་དོན་འདྲ་སྟེ་ཇི་སྐད་དུ། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའི་ངང་། །ཞེས་བྱ་བ་དང་། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་འབྱུང་ངོ་།། །།ལྔ་པ་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་བླ་མའི་རྣལ་འབྱོར་ནི། དེ་ཡང་ཡུལ་ཆོས་ཉིད་ཐབས་ སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་ངོ་བོ་ཤེས་རབ་སྟོང་ཆེན་ཀུན་ཏུ་བཟང་མོའི་རང་བཞིན་དུས་གསུམ་འཕོ་འགྱུར་མེད་པར་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་སངས་ རྒྱས་ཀུན་གྱི་སྤྲོ་བསྡུའི་བྱེད་པོ་སློབ་པ་མིན་པའི་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་བ་ནི་བླ་མ་སངས་རྒྱས་འབྲས་བུའི་སྐུ་གསུམ་ཁོ་ན་ཡིན་ཕྱིར་རྣལ་འབྱོར་ཅེས་པའི་

སྒྲ་བཤད་འཇུག་པ་མི་འཚམས་མོད། དེ་ལྟ་བུའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་སྤྲོ་བའི་དོན་གཉེར་ཅན་རྣམས་ནས་ཆོས་གང་ཞིག་ཉམས་སུ་ལེན་ཡང་། ཐབས་ཤེས་ཟུང་ དུ་འཇུག་པའི་རྣལ་འབྱོར་ལ་བོགས་འདོན་པའི་སྒོ་ནས་ཉམས་སུ་ལེན་དགོས་སྟབས་ཡུལ་ཅན་གྱི་སྒོ་ནས་རྣལ་འབྱོར་ཅེས་པའི་སྒྲ་བཤད་འཇུག་གོ། །ཐེག་པ་ཆེན་པོའི་ལུགས་སུ་རྣལ་འབྱོར་དུ་ བྱ་བའི་ཆོས་ཐམས་ཅད་བསྡུ་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། འབྲས་བུ་སྔགས་ཀྱི་ཐེག་པ་ནི་ཇི་སྐད་དུ། ཚུལ་གསུམ་སྒྲོན་མེ་ ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འབྱུང་བ་ལྟར་མཚན་ ཉིད་རྒྱུ་ཡི་ཐེག་པ་ལས་ཚུལ་བཞིས་འཕགས་པ་དང་། ཁྱད་པར་དུའང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་ རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། ཅེས་དཔལ་གྱི་མགུར་ནས་གསུངས་པའི་རྟོན་པ་རྣམ་བཞིའི་དོན་ཀུན་ཡོངས་སུ་རྫོགས་པར་སྟོན་པ་ཡེ་ཤེས་

ལམ་བྱེད་ཀྱི་ཐེག་པའི་རྩེ་རྒྱལ་ནི་ཇི་སྐད་དུ་ཐེག་མཆོག་རིན་པོ་ཆེའི་མཛོད་ལས། ཐུན་མོང་བ་དམིགས་བཅས་ཀྱི་ཐེག་པར་སེམས་ལ་གཞི་ལམ་འབྲས་བུ་བྱེད་ཀྱང་ དེ་ཐམས་ཅད་དོན་ཐོག་ཏུ་མ་ཕེབས་པས། ཐེག་པ་འདིར་ཡེ་ཤེས་ལ་སངས་རྒྱས་ཀྱི་གཞི་ལམ་འབྲས་བུར་རྣམ་པར་འཇོག་པས་མྱུར་པོར་འཁོར་བ་ལས་གྲོལ་ལ། གཞན་དག་འཁོར་བའི་རྩ་ བ་ལ་བྱང་ཆུབ་རེ་བས། རིང་མོ་ཞིག་ནའང་དེ་ཐོབ་དཀའ་སྟེ། གཞི་འཆའ་ལུགས་འཛོལ་བའི་ཕྱིར་རོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སེམས་ལས་སངས་རྒྱས་འདོད་པ་ང་ལ་ གོལ་བ་ཡིན། །ཞེས་གོལ་ལུགས་རིགས་པ་དང་ལུང་གཉིས་ཀས་གནོད་པ་ཅན་ཞིག་སྟེ། འདི་ལྟར་སེམས་ལས་སངས་རྒྱས་དང་ལམ་དང་གཞི་གསུམ་འཆའ་ན་འཆའ་གཞི་སེམས་དེ་ཉིད་ གཟུང་འཛིན་དང་བཅས་པའི་ཕྱིར། ཁྱོད་ཀྱི་གཞི་ལམ་འབྲས་བུ་རིལ་པོར་གཟུང་འཛིན་དང་བཅས་པར་ཐལ་ལ། འདོད་ན་སངས་རྒྱས་མི་འགྲུབ་པ་དང་། གྲུབ་ཀྱང་ཕྱིན་ཅི་ལོག་ཏུ་ཐལ་ཏེ། གཟུང་འཛིན་ལས་མ་གྲོལ་བའི་ཕྱིར་རོ། །ཡང་བག་ཆགས་ལས་སྣ་ཚོགས་སྡུད་པ་ལྟར་གཞི་ལམ་འབྲས་བུ་ཡང་དེར་ཐལ་ལ། འདོད་ན་འཁྲུལ་པར་ཐལ་བའི་སྐྱོན་ཡོད་དོ། །ཚུར་རྒོལ་བས་

འདི་སྐད་དུ། སེམས་མེད་ན་དེས་ཀྱང་སངས་རྒྱས་མི་རིགས་ལ། སངས་རྒྱས་དེ་དག་བྱང་སེམས་ཀྱི་ཁྱད་པར་དུ་ཁྱོད་ཀྱང་འདོད་པའི་ཕྱིར་རོ་ཞེ་ན། ལན་སྨྲས་ན། སེམས་མེད་པ་དང་ ཡོད་པས་སངས་རྒྱས་མ་ཡིན་གྱི། ཆོས་སྐུའི་ཡེ་ཤེས་ཡོད་མེད་ཀྱིས་དེ་ལྟར་བྱུང་བའོ། །ཞེས་དང་། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་ གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་སྟེ། །ཞེས་སོགས་གསུངས་པས་ཉམས་ལེན་གྱི་གནད་ཐམས་ཅད་རྫོགས་པ་ཆེན་པོའི་ དོན་ལ་འབྱོར་ཕྱིར་བླ་མའི་རྣལ་འབྱོར་དང་འབྲེལ་བར་ཉམས་སུ་བླངས་ཐུབ་ན་ས་ལམ་གྱི་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། རྗེ་རྒོད་ཚངས་པས། བསྐྱེད་རིམ་ བསྒོམ་པ་མང་ལགས་ཀྱང་། །བླ་མ་བསྒོམ་པའི་གོང་ན་མེད། །རྫོགས་རིམ་བསྒོམ་པ་མང་ལགས་ཀྱང་། །བློ་ཁེལ་ལིང་བསྐྱུར་གོང་ན་མེད། །ཅེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །

བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་ མཐོང་འདྲ། །ཞེས་སོགས་གསུངས། འཇིགས་མེད་རྒྱལ་བའི་མྱུ་གུ་ཡབ་སྲས་ཀྱི་ཞལ་རྒྱུན་ཁྲིད་ཡིག་ལས། ཡང་སྒོས་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་རྡོ་རྗེ་སྙིང་པོའི་ཐེག་པ་འདི་ ལས་ནི་ཐེག་པ་འོག་མ་ལྟར་རྟོག་དཔྱོད་དང་གཏན་ཚིགས་ལ་སོགས་པའི་སྒོ་ནས་ཟབ་མོའི་དོན་གཏན་ལ་འབེབས་པར་ཡང་མ་གསུངས། རྒྱུད་སྡེ་འོག་མ་ལྟར་ཐུན་མོང་གི་དངོས་གྲུབ་ལ་ བརྟེན་ནས་མཐར་ཐུག་མཆོག་ལ་སྦྱོར་བར་ཡང་མ་གསུངས། རྒྱུད་སྡེ་གོང་མ་གཞན་ལྟར་དབང་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་པར་ཡང་རྩལ་བཏོན་ནས་མ་ གསུངས་ཏེ་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པའི་རྟོགས་པ་མཆོག་ལྡན་གྱི་བླ་མ་ཁོ་ན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས། ཡིད་ཁྱེད་ཤེས་ཀྱི་ མོས་གུས་དྲག་པོས་གསོལ་བ་འདེབས་པ་ལ་བརྟེན་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་རྟོགས་པ་རྒྱུད་ལ་སྐྱེ་བར་བཞེད་པ་ཡིན་ཏེ། ཇི་སྐད་དུ། དོན་དམ་

ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པ་ཤེས་པར་བྱ། །ཞེས་ དང་། སྒྱུ་མ་ངལ་གསོ་ལས། བསྐྱེད་རིམ་དང་རྫོགས་རིམ་བསྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་གྱི་ངོ་བོ་དེས་གྲོལ་མི་ནུས་ཏེ། དེ་ཡང་སྤྱོད་པ་དང་བོགས་འདོན་སོགས་ལ་ བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ལམ་གྱི་ངོ་བོ་འདི་ཁོ་ནས་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན་ལམ་ཐམས་ཅད་ལས་བླ་མའི་རྣལ་འབྱོར་ཟབ་པ་ཡིན་ ཅེས་གསུངས། དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་ལ་བླ་མའི་རྣལ་འབྱོར་ལས་ཟབ་པ་མེད་ཚུལ་མཁས་གྲུབ་གོང་མ་ཐམས་ཅད་ནས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྔགས་ པར་མཛད་དོ། །དེའི་ཕྱིར་སྔོན་འགྲོ་གཏོང་དགོས་པའི་དོན་པོ་ད་གཟོད་དངོས་གཞིའི་ཉམས་ལེན་གཞན་ཞིག་ལ་འཇུག་པའི་དོན་ཁོ་ན་ཡིན་སྙམ་པ་དང་། འབྱུང་འགྱུར་ཉམས་ལེན་དངོས་གཞི་ གང་བྱེད་ཀྱི་རྟོག་པས་སྔུན་མི་བསུ་བར་བླ་མའི་རྣལ་འབྱོར་ཁོ་ན་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་ནས་ཆུ་བོའི་རྒྱུན་བཞིན་རྒྱུན་ཆགས་སུ་ཉམས་སུ་བླངས་ཐུབ་ན་ཆུ་བརྒྱ་ཟམ་གཅིག་

གི་འོག་ཏུ་འདུ་བའི་དཔེ་བཞིན་ཉམས་ལེན་གནད་དུ་དྲིལ་བ་ལ་བོགས་མཆོག་ཏུ་ཐོན་པ་ཡིན། ཉམས་སུ་ལེན་བྱའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་གསུང་དང་། དེའི་དགོངས་འགྲེལ་བསྟན་བཅོས་ཚད་མ་ལས་བྱུང་བ་ཤ་སྟག་ཡིན་ཀྱང་། རང་རེ་ཉམས་སུ་ལེན་མཁན་གང་ཟག་རྣམས་ནས་ཐབས་ལ་རྨོངས་ཏེ་ཉམས་སུ་ལེན་ལུགས་ཚུལ་བཞིན་མ་ཤེས་པར་རྟོག་པའི་དྲྭ་བ་མང་པོ་སྤྲོས་ན་ཉམས་ལེན་ལ་བོགས་ཐོན་པ་ལྟ་ཞོག སྒྱིད་ལུག་དང་། ཞེ་བསུན་དང་། རེ་དོགས་དང་། འཁུ་འཁྲིག་དང་། ཕྱི་བཤོལ་ལ་སོགས་པའི་དབང་དུ་ཤོར་ནས་གྲོལ་བའི་དུས་མི་ཡོང་སྟེ་ཅིའི་ཕྱིར་ན་ཆོས་ལ་དངོས་པོ་དང་། དངོས་མེད་དང་། མཚན་མ་དང་མཚན་མེད་ལ་སོགས་རྫས་སུ་བཟུང་ནས་བཟང་ངན་གྱི་སྤུ་རིས་འབྱེད་པའི་ངང་ལ་དུས་འདའ་བར་བྱེད་པ་གོལ་ས་ཡིན་པ་ནི་ཨོ་རྒྱན་རིན་པོ་ཆེས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བར་འགྲོ། ཡང་སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤོར་ན་དངོས་པོ་དང་མཚན་མས་བཅིངས་ནས་གྲོལ་བའི་དུས་མེད། ཅེས་གསུངས་

པས་ཤེས། སྔོན་འགྲོ་སྤྱི་དང་། ཁྱད་པར་བླ་མའི་རྣལ་འབྱོར་ཁོངས་སུ་ཐེག་པ་རིམ་པ་དགུ་ནས་བཤད་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་འདྲ་བ་མཐའ་དག་མོས་གུས་དཀར་པོ་ ཅིག་ཐུབ་ཀྱི་སྒོ་ནས་ཉམས་ལེན་གྱི་སྙིང་པོར་དྲིལ་ཏེ་ཉམས་སུ་བླངས་ཤེས་ན་ད་ལྟ་རང་ཤི་ཡང་ནོར་འཁྲུལ་གྱི་གཡང་སར་གཏན་ནས་ལྷུང་མི་སྲིད་དེ་དཔལ་མགོན་ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས། དེ་ལ་སོགས་པ་མདོ་རྒྱུད་ཀུན་ནས་དཀོན་མཆོག་ཀུན་འདུས་བླ་མ་ཁོ་ན་ཡིན་པར་བསྔགས་པ་དེའི་བྱིན་རླབས་ལམ་དུ་བྱེད་པ་ལས་ཐོབ་པའི་འབྲས་བུ་སངས་རྒྱས་མངོན་དུ་གྱུར་ན་དེ་ལས་ལྷག་ པའི་འབྲས་བུ་གཞན་དོན་དུ་གཉེར་བྱ་ཡོད་པ་ཤེས་བྱ་ལ་མི་སྲིད་དོ། །གང་ལྟར་ཡང་སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ནས་རྒྱལ་ཚབ་རིགས་ལྔ་ཡབ་ཡུམ་དང་རྡོ་རྗེ་སེམས་དཔའ་ཡན་ལ་རྒྱལ་ བ་དགོངས་བརྒྱུད། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བི་མ་ལ་མི་ཏྲ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བར་རིག་འཛིན་བརྡ་བརྒྱུད། རྗེ་ཁྲི་སྲོང་ལྡེའུ་བཙན།

འབངས་བཻ་རོ་ཙ་ན། གྲོགས་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་ཏེ་རྗེ་འབངས་གྲོགས་གསུམ་ནས་བདུད་འཇོམས་སྐུ་ཕྲེང་སྔ་ཕྱི་རྩ་བའི་བླ་མའི་བར་གང་ཟག་ སྙན་བརྒྱུད་སོགས་བརྒྱུད་པའི་གོ་རིམ་གཏེར་གསར་མཁའ་འགྲོའི་སྙིང་ཐིག་གི་ཁྲིད་ཡིག་ནང་རྒྱས་པར་གསལ་བ་ལས་རྟོགས་པར་བྱ་ཞིང་། དོན་བསྡུ་ན་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་ ཐམས་ཅད་རང་གི་དྲིན་ཅན་རྩ་བའི་བླ་མ་ལ་འདུ་བ་ཡིན་ལ། དེ་ལ་དྲིན་ཅན་རྩ་བའི་བླ་མའི་བར་བརྒྱུད་པ་གསུམ་གྱི་བླ་མ་འདི་དག་ཐམས་ཅད་གདུལ་བྱ་འདུལ་བའི་དུས་སྐབས་ཀྱི་སྣང་བ་དང་ འཚམས་པར་སྐུ་ཡི་བཀོད་པ་མི་འདྲ་བ་ཟམ་མ་ཆད་པར་འབྱོན་པ་ལས་ད་ལྟའི་བར་གདུལ་བྱའི་རྒྱུད་སྨིན་པར་མཛད་པའི་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཁོ་ན་ཡིན་པ་ ལས་ཟས་ཀྱི་དྭངས་མ་དང་སྙིགས་མའི་ཁྱད་པར་འབྱེད་པ་བཞིན་རྒྱལ་བ་དགོངས་བརྒྱུད་དང་། རིག་འཛིན་བརྡ་བརྒྱུད་ཅེས་པའི་སྐབས་སུ་འཕགས་པའི་སྣང་བ་དང་། གང་ཟག་སྙན་བརྒྱུད་ ཅེས་པའི་སྐབས་སུ་མི་ཡི་སྣང་བ་འཆར་མི་རུང་། བརྒྱུད་པ་གསུམ་གྱི་ཁྱད་ཆོས་ནི་རིག་འཛིན་སྔགས་ཀྱི་སྡེ་སྣོད་འདི་དག་དགོངས་པ་ནས་དགོངས་པ། བརྡ་ནས་བརྡ། སྙན་ནས་སྙན་དུ་ཇི་

ལྟར་བརྒྱུད་དེ་བྱུང་བ་གནས་དུས་ཀྱི་བསྟན་པའི་བབ་ཚུལ་དང་འབྲེལ་བའི་སྟོན་པ་རྣམས་རིམ་བཞིན་བྱོན་པས་མཚན་རྣམས་སོ་སོར་སྣང་བ་ཙམ་ལས་དོན་གྱི་དགོངས་པ་ལ་དབྱེར་མ་མཆིས་པས་བརྒྱུད་པའི་བར་ལ་བཟང་ངན་དུ་བལྟ་བ་དང་། ཁྱད་པར་བརྒྱུད་པ་གསུམ་གྱི་བྱིན་རླབས་འཆང་བ་རང་གི་རྩ་བའི་བླ་མ་ལ་གང་ཟག་ཐ་མལ་པར་བལྟ་བ་ནི་དུས་ནམ་ཡང་མི་རུང་བར་གསུངས་ཏེ། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱས་པས། །ངས་ནི་དེ་ཀུན་ཡོངས་སུ་སྤངས། །ཞེས་དང་། ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་སོ། །གཏེར་གསར་སྔོན་འགྲོའི་ཁྲིད་ཡིག་ལས། བླ་མ་ལ་མོས་གུས་མེད་ན་ཡི་དམ་རྒྱུད་སྡེ་དྲུག་གི་བསྙེན་སྒྲུབ་ཚད་དུ་འཁྱོལ་ཡང་མཆོག་གི་དངོས་གྲུབ་རྩ་བ་ནས་མི་ཐོབ། ཐུན་མོང་གི་དངོས་གྲུབ་ཚེ་སྒྲུབ་ནོར་སྒྲུབ་དབང་སྡུད་སོགས་མང་པོ་ཞིག་ཀྱང་མི་འགྲུབ་ལ། ཅུང་ཟད་འགྲུབ་པ་སྲིད་ནའང་དཀའ་ཚེགས་ཆེན་པོས་སྒྲུབ་དགོས་པས་ལམ་མི་ཟབ་པ་ཡིན། མོས་གུས་ཕྱིན་ཅི་མ་ལོག་པ་ཞིག་རྒྱུད་ལ་སྐྱེས་ན་ལམ་གྱི་གེགས་སེལ་བོགས་འདོན་

དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་གཞན་ལ་མི་ལྟོས་པར་འགྲུབ་པས་ན་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་བྱའོ། །ཞེས་གསུངས། དེ་ཡང་གོང་གི་ འཕྲོས་དོན་བརྒྱུད་པ་གསུམ་གྱི་སྟེང་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་བསྣན་པས་བརྒྱུད་པ་དྲུག་གི་དོན་ མཐའ་དག་རྟོགས་པ་དོན་གྱི་བརྒྱུད་པ་འཆང་བ་རང་གི་རྩ་བའི་བླ་མ་ལ་འདུས་པ་ཡིན་ནོ་ཞེས་ཞར་ལ་སྤྱིའི་གོ་དོན་མདོར་བསྡུས་སུ་སྨོས་ནས་བླ་མའི་རྣལ་འབྱོར་དངོས་ལ། རང་ཉིད་རྡོ་རྗེ་རྣལ་ འབྱོར་མདུན་མཁའ་རུ༔ རྩ་བའི་བླ་མ་པདམའི་སྐུར་བཞེངས་གྱུར༔ རང་ཉིད་རྡོ་རྗེ་རྣལ་འབྱོར་མར་བསྒོམ་པ་དང་། མདུན་མཁར་བླ་མ་གུ་རུ་རིན་པོ་ཆེ་བསྒོམ་པར་གསུངས་པས། དང་པོ་རྡོ་རྗེ་རྣལ་འབྱོར་མའི་དོན་ནི་རྒྱུད་ལས། རྡོ་རྗེ་སྟོང་པ་ཉིད་ཡིན་ཏེ། །ཞེས་དང་། ཡུམ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ཟབ་མོའི་མདོ་དང་རྒྱུད་སྡེ་མང་པོ་ནས་གསུངས་པ་ལྟར་དོན་གྱི་རྡོ་རྗེ་དབྱིངས་སྟོང་པ་

ཉིད་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཡིན། དེའི་རང་བཞིན་མ་འགགས་པར་གསལ་བའི་ལྷུན་གྲུབ་ལོངས་སྐུའི་ཡོན་ཏན་རྡོ་རྗེ་ཕག་མོ་ རིགས་ལྔའི་སྐུ་དང་ཞིང་ཁམས་ཚད་མེད་པ་ལ་མངའ་དབང་བསྒྱུར་བ་མཁའ་ལ་སྤྱོད་པའམ་འོག་མིན་དབྱིངས་ཀྱི་ཡུམ་ལྔ་ཡིན། དེ་ལས་གང་འདུལ་གདུལ་བྱའི་སྣང་བར་གནས་དང་ཡུལ་ རྣམས་སུ། སྔགས་སྐྱེས་མ་དང་། ཞིང་སྐྱེས་མ་དང་། ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་ཞི་ཆགས་འབར་བའི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་འགྲོ་བའི་དོན་མཛད་ པ་ནི་སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ་ཡིན། དེ་ལྟ་བུའི་ཚད་མེད་པའི་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་སྤྱི་གཟུགས་ནི་ཇི་སྐད་དུ། འཇམ་མགོན་མི་ཕམ་རིན་པོ་ཆེ་ནས་མཁའ་འགྲོའི་རྒྱལ་མོ་ཡེ་ ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་པ་དད་པའི་གདུང་དབྱངས་ལས། ཨེ་མ་ཧོ། རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །སྒྲ་དབྱངས་རྒྱ་མཚོའི་མངའ་བདག་དབྱངས་ཅན་མ། །ཐུགས་ རྗེས་འགྲོ་ཀུན་སྒྲོལ་མཛད་རྗེ་བཙུན་མ། །བོད་ལ་བཀའ་དྲིན་ཆེ་བའི་མཁའ་འགྲོ་མ། །རིག་འཛིན་པདམའི་ཐུགས་འཛིན་དགྱེས་ཡུམ་མ། །བོད་འབངས་ཡོངས་ཀྱི་སྐྱབས་གཅིག་མ་གཅིག་མ། །

གསང་སྔགས་ཟབ་མོའི་ཆོས་ཀྱི་འབྱུང་གནས་མ། །མཁྱེན་བརྩེ་ནུས་པ་མཆོག་གི་བདག་ཉིད་མ། །འཆི་མེད་ཚེ་མཆོག་གྲུབ་པའི་རིག་འཛིན་མ། །ས་ལམ་ ཡོངས་སུ་རྫོགས་པའི་རྣལ་འབྱོར་མ། །སྙིང་རྗེས་གང་འདུལ་སྐུར་སྟོན་ཐབས་མཁས་མ། །གཞན་ཕན་མཁའ་དང་མཉམ་པའི་བདག་ཉིད་མ། །ཕྲིན་ལས་མུ་མཐའ་ཁྱབ་པའི་རང་བཞིན་ མ། །བོས་ན་ཐུགས་རྗེ་མྱུར་བའི་རྗེ་བཙུན་མ། །སྒྲུབ་ན་བྱིན་རླབས་ཆེ་བའི་མཁའ་འགྲོ་མ། །ཐུགས་རྗེས་མ་ལྟར་གཟིགས་པའི་དྲིན་ཆེན་མ། །སྐྱབས་གནས་ཀུན་འདུས་བདག་གི་མགོན་ གཅིག་མ། །ཡེ་ཤེས་མཚོ་རྒྱལ་ཁྱེད་ལ་གསོལ་བ་འདེབས། །མཁའ་འགྲོའི་རྒྱལ་མོ་ཁྱོད་ལ་གསོལ་བ་འདེབས། །སྤྲུལ་པའི་དབང་མོ་ཁྱོད་ལ་གསོལ་བ་འདེབས། །མཐིང་འོད་འབར་མ་ ཁྱེད་ལ་གསོལ་བ་འདེབས། །གུ་རུའི་གཟུངས་གཅིག་ཁྱེད་ལ་གསོལ་བ་འདེབས། །བརྒྱུད་འཛིན་ཡུམ་གཅིག་ཁྱེད་ལ་གསོལ་བ་འདེབས། །ཟབ་གཏེར་མཛོད་འཛིན་ཁྱེད་ལ་གསོལ་བ་ འདེབས། །བྱིན་རླབས་མྱུར་འཇུག་ཁྱེད་ལ་གསོལ་བ་འདེབས། །དགོས་འདོད་དཔལ་མོ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་རེ་སྐོང་ཁྱེད་ལ་གསོལ་བ་འདེབས། །ཡིད་བཞིན་ནོར་བུ་

ཁྱེད་ལ་གསོལ་བ་འདེབས། །ཐུགས་རྗེ་བསླུ་མེད་ཁྱེད་ལ་གསོལ་བ་འདེབས། །གཏན་གྱི་སྐྱབས་གྱུར་ཁྱེད་ལ་གསོལ་བ་འདེབས། །འཕྲལ་གྱི་གདུང་སེལ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་ འདྲེན་མཆོག་ཁྱེད་ལ་གསོལ་བ་འདེབས། །ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ལྷ། །ཁྱོད་ནི་མཁའ་འགྲོ་ཁྱོད་ནི་ཆོས་སྐྱོང་སྟེ། །སྐལ་ངན་བདག་གི་སྐྱབས་གཅིག་རྗེ་བཙུན་མ། །ཁྱོད་ལ་སྙིང་ནས་ གུས་པས་གསོལ་བ་འདེབས། །ཅེས་དང་། རྒྱལ་དབང་མཁའ་ཁྱབ་རྡོ་རྗེས། རྒྱལ་ཀུན་བསྐྱེད་ཡུམ་ཆོས་དབྱིངས་ཀུན་བཟང་མོ། །བོད་འབངས་སྐྱོབས་པའི་མ་གཅིག་དྲིན་མོ་ཆེ། ། དངོས་གྲུབ་མཆོག་སྩོལ་བདེ་ཆེན་མཁའ་འགྲོའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་གསུངས་པ་བཞིན་རྣམ་མེད་ཆོས་དབྱིངས་ཀུན་ཏུ་བཟང་མོ་རྣམ་ བཅས་མཚན་དཔེའི་དཔལ་ཡོན་དུ་བཞད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་ཏེ། དེའི་ཕྱིར་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་ཞེས་སྔོན་བྱོན་མཁས་གྲུབ་གོང་མ་ རྣམས་ཀྱིས་གསུངས་པ་ལྟར་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པའི་ཕྱིར་རང་ལུས་ཐ་མལ་རྣམ་སྨིན་གདོས་བཅས་ཀྱི་གཟུགས་སུ་མི་བལྟ་བར་ངོ་བོ་སྐུ་གསུམ་མཁའ་འགྲོའི་གཙོ་མོ་ཡེ་ཤེས་

མཚོ་རྒྱལ་ཡིན་པ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་ན་སྒྲིབ་པས་མ་བསླད་པའི་དབང་གི་སྣོད་ཀྱི་མཆོག་ཏུ་གྱུར་ནས་འབྲས་བུ་ལམ་དུ་བྱེད་པའི་དོན་མངོན་དུ་ གྱུར་པ་ལ་འཕགས་པས་ན་འདི་ལྟར་གསལ་གདབ་པར་བྱ་སྟེ། རང་གི་སྣང་བས་གར་ཁྱབ་ཐམས་ཅད་འོག་མིན་པདམ་འོད་ཀྱི་ཞིང་ཁམས་དང་ཕོ་བྲང་གི་བཀོད་པ་ཕུན་སུམ་ཚོགས་པ་གསལ་ བའི་དབུས་སུ་མ་ཆགས་པའི་བརྡར་པདམ་དང་། མ་རིག་པའི་མུན་པ་སེལ་བའི་བརྡར་ཉི་མ། བདག་ཏུ་རྟོག་པ་སྤངས་པའི་བརྡར་བམ་རོ་བརྩེགས་པའི་གདན་གྱི་སྟེང་དུ་རྗེ་བཙུན་མཁའ་སྤྱོད་ དབང་མོ་སྐུ་མདོག་དམར་གསལ་ཞི་མ་ཁྲོ་འཛུམ་ཤིན་ཏུ་ཆགས་པའི་ཉམས་ཅན། བཞད་པའི་ཞལ་གྱི་སྒོ་ལས་དྲི་མ་མེད་པའི་ཚེམས་ཕྲེང་ཟླ་བའི་མདངས་ལྡན་མཆེ་བའི་མྱུ་གུ་བཞི་ཅུང་ཟད་ གཙིགས་པ་དང་བཅས་ཤིང་། གཟུགས་ཀྱི་སྐུ་གཉིས་མཚོན་པའི་སྤྱན་གཉིས་དང་། ཆོས་སྐུ་མཚོན་པའི་དཔྲལ་བའི་དཀྱིལ་གྱི་སྤྱན་གཅིག་སྟེ་སྤྱན་གསུམ་མདུན་གྱི་ནམ་མཁའ་རུ་བཞུགས་ པའི་བླ་མ་མཇལ་བ་ལ་གཅིག་ཏུ་དགའ་བས་བྲེལ་བའི་རྣམ་འགྱུར་རིང་སྟབས་སུ་བླ་མའི་ཐུགས་ཀར་ཧྲིག་གེར་གཟིགས་པ། གཞོན་ནུ་མ་བཅུ་དྲུག་ལོ་ལོན་གྱི་ན་ཚོད་ཅན་མའི་ལང་ཚོ་མཆོག་

ཏུ་རྒྱས་པ། ནུ་མ་འབུར་ཞིང་། གསང་བའི་པདམོ་རྒྱས་པ། ཉོན་མོངས་པའི་དྲྭ་བ་རྩད་ནས་གཅོད་པའི་བརྡར་ཕྱག་གཡས་ཟངས་ཀྱི་གྲི་གུག་སྙན་གཡས་པའི་ཐད་སོར་ངོམས་སྟབས་སུ་འཕྱར་ ཞིང་། ཕྱག་གཡོན་མཆོག་ཐུན་གྱི་དངོས་གྲུབ་ཐོགས་མེད་དུ་སྩོལ་བའི་བརྡར་ཐོད་པ་བདུད་རྩིས་བཀང་བ་དཀུ་ལ་བརྟེན་པའི་ཚུལ་གྱིས་བསྣམས་ཤིང་ཞལ་དུ་གསོལ་བ། ཞབས་གཡས་ མཉམ་པའི་སྟབས་ལ་གཡོན་ཅུང་ཟད་བརྐྱངས་པའི་འདོར་སྟབས་ཀྱི་རོལ་པས་བཞེངས་པ། དབུ་སྐྲ་ཕྱེད་གྱེན་དུ་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་འོད་འབར་བས་བརྒྱན་ཅིང་ཕྱེད་ སིལ་བུར་ལྷུག་པར་གྲོལ་བ། རིན་པོ་ཆེའི་དབུ་རྒྱན་ལ་ནམ་ཡང་རྙིང་པར་མི་འགྱུར་བའི་མེ་ཏོག་གི་ཆུན་པོ་སྤེལ་བས་མཆོག་ཏུ་མཛེས་པ། དབུ་ལ་འཁོར་ལོ་དང་། སྙན་གཉིས་ལ་སྙན་ཆ་ གསེར་གྱི་འཁོར་ལོ་དྲིལ་བུས་མཚན་པས་སྤྲས་པ། ཕྱག་དང་ཞབས་ཀྱི་གདུ་བུ་རྣམས་གསེར་ལས་བྱས་པའི་གཡེར་ཁ་འཁྲོལ་བ། སྐ་རགས་ཏེ་རུས་པའི་ཕྱག་རྒྱ་ལྔ་དང་། བཻ་ཌཱུརྱ་དང་། པདམ་རཱ་ག རྡོ་རྗེ་ཕ་ལམ། མུ་ཏིག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བའི་དོ་ཤལ་སྤྲས་པ། དབུ་རྒྱན་གྱི་གཡས་གཡོན་ནས་དར་གྱི་ཅོད་པན་དང་དར་དཔྱངས་ལྷབ་ལྷུབ་ཏུ་འཕུར་

ལྡིང་གཡོ་བ། ལྟ་བས་མི་ངོམས་པའི་སྐུ་དང་ཡེ་ཤེས་འོད་ལྔའི་ཟེར་མདངས་རབ་ཏུ་འཁྲུགས་པའི་ཀློང་དུ་མཆོག་ཏུ་མཛེས་ཤིང་སྣང་བ་ལ་སྣང་བ་ལྟར་དུ་རྡུལ་ཕྲ་ རབ་ཙམ་ཡང་རྫས་སུ་མ་གྲུབ་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་ཕྲ་ལམ་མེར་གསལ་བར་བསྒོམ། དེ་ལས་ཇི་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་ལུང་དུ་བསྟན་ པའི་སྙིགས་འགྲོའི་སྐྱབས་དང་སྐྱོབ་པ་པདྨ་འབྱུང་གནས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། སྤྱིར་ཡང་མ་འོངས་བོད་ཡུལ་སེམས་ཅན་རྣམས༔ བླ་མའི་སྐལ་བ་པདྨ་འབྱུང་ གནས་ཡིན༔ གང་ཟག་ཡོངས་ཀྱིས་བླ་མ་བསྒྲུབ་ལ་བརྩོན༔ རང་རང་བླ་མ་པདྨའི་རྣམ་པར་བསྒྱུར༔ བྱིན་རླབས་ཐུགས་རྗེ་ལྷག་པར་ཆེ་བ་འབྱུང་༔ ཐུགས་སྒྲུབ་རྒྱས་བསྡུས་ཡོངས་ཀྱི་ གཞུང་ལྟར་བསྒྲུབ༔ ཚེ་གཅིག་སངས་རྒྱས་མ་འགྲུབ་ཁོ་མོས་མནའ༔ ཞེས་དང་། རྡོ་རྗེའི་གསུང་ལས། གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་

གསོལ་བ་ཐོབ༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ ཞེས་དང་། གསང་ཐེམས་ལས། ང་བསྒྲུབ་སངས་རྒྱས་ཐམས་ ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་རྡོ་རྗེའི་གསུང་བདེན་པའི་ཚིག་གིས་ཞལ་གྱིས་བཞེས་པ་བཞིན་གུ་རུ་རིན་པོ་ཆེ་ཁོ་ན་ བསྒྲུབ་དགོས་པ་སྟེ། ཚོགས་ཞིང་བསྒོམ་ལུགས་ལ། རྩ་བའི་བླ་མ་ཨོ་རྒྱན་ཆེན་པོའི་དབུ་གཙུག་ནས་ཡར་ཀུན་ཏུ་བཟང་པོའི་བར་ཐོ་བརྩེགས་སུ་གསལ་བ་དང་། རྡོར་སེམས་ཀྱི་སྐབས་སུ་ རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་གཅིག་ལ་བརྒྱུད་པའི་བླ་མ་ཐམས་ཅད་འདུས་པ་ཀུན་འདུས་ནོར་བུའི་ལུགས་སུ་གསལ་བ་དང་། གུ་རུ་ཡོ་གའི་སྐབས་སུ་བརྒྱུད་པའི་བླ་མ་རྣམས་དང་ རྩ་གསུམ་ཆོས་སྲུང་གི་ལྷ་ཚོགས་ཐམས་ཅད་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུའི་མཐའ་སྐོར་ན་ཁྲོམ་ཚོགས་ལྟ་བུར་གསལ་བར་གསུངས་པ་སྟེ་གསལ་ལུགས་མི་འདྲ་བ་སྐབས་ཀྱི་རྣལ་འབྱོར་གང་ལ་ བརྟེན་པ་དང་མཐུན་པ་གསལ་དགོས་པར་གསུངས་པ་བཞིན་དམིགས་པས་ཆུན་ན་ཤིན་ཏུ་ལེགས་མོད། དམིགས་པས་མ་ལྕོགས་ན་སྔར་བརྗོད་པ་བཞིན་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཨོ་རྒྱན་

ཆེན་པོའི་སྐུ་གཅིག་ལ་འདུས་པ་ཀུན་འདུས་ནོར་བུའི་ལུགས་སུ་གསལ་བ་ལ་འགལ་བ་མེད་པའི་སྟེང་། མཆོག་ཏུ་ལེགས་པ་ཡིན་ཏེ་མ་ཧཱ་གུ་རུའི་གསུངས་ལས། སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེདཿ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགསཿ དྷ་ན་ཀོ་ཤར་པདྨ་འབྱུང་གནས་ང་ཿ མཚོན་ཚུལ་ཙམ་ལ་སྐུ་གསུམ་སྣང་གྱུར་ཀྱང་ཿ དོན་ལ་ དབྱེར་མེད་སོ་སོར་ཐ་མི་དདཿ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་ཿ སྟུག་པོ་བཀོད་དུ་རྡོ་རྗེ་འཆང་ཆེན་པོཿ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིདཿ གཉིས་མེད་པདྨ་ང་རུ་ལྷུན་ གྱིས་གྲུབཿ དེ་བཞིན་ང་ལ་གསོལ་བ་རྒྱུན་དུ་ཐོབཿ ཞེས་གསུངས་པ་ལ་སྙིང་ནས་ཡིད་ཆེས་པར་བྱེད་པ་ཁོ་ནའོ། །དེ་ལྟར་ན་གོང་དུ་བཤད་པ་བཞིན་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་ བའི་མདུན་མཁའ་རུ་དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་རང་གི་དྲིན་ཅན་རྩ་བའི་བླ་མ་པདྨའི་སྐུར་བཞེངས་པར་གྱུར་པ་ནི་ཨོ་རྒྱན་རིན་པོ་ཆེའི་རྣམ་པར་གསལ་བཏབ་པ་སྟེ། དེ་ཡང་ འདི་ལྟར་མཁའ་འགྲོའི་སྙིང་ཐིག་ཁྲིད་གཞུང་ལས། དེ་ནས་རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁར་ཡེ་ཤེས་ལྔའི་རང་གདངས་འཇའ་ཟེར་འོད་ལྔའི་གུར་ཁང་འཁྲིགས་པའི་ཀློང་ནས་

སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་མཐོ་བ་ལྷ་རྫས་གོས་བཟང་གིས་བཀབ་པའི་ཁར་སྣ་ཚོགས་པདྨ་འབུམ་བརྡལ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་དྲིན་ཅན་ རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད་རྣམ་པ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཆ་ལུགས་སུ་བཞུགས་པ་ནི། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་དུང་ལ་ཕོ་ཚོས་ བྱུགས་པ་ལྟ་བུ། གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན་མཚན་དཔེ་ལྷུན་སྡུག་གཟི་བརྗིད་འོད་དུ་འབར་བ། དགྱེས་པའི་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་ལྡན་བརྩེ་བས་སྤྱན་ཟླུམ་ལྟ་སྟངས་ ཧྲིག་གེར་རང་ལ་གཟིགས་པ། ཕྱག་གཡས་བསྡིགས་མཛུབ་དང་བཅས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀའི་སྟོད་དུ་འཛིན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་ཡེ་ཤེས་བདུད་རྩིས་བཀང་ བའི་ཀ་པཱ་ལ་དང་འཆི་མེད་ཚེའི་བུམ་བཟང་དཔག་བསམ་གྱི་ཤིང་ཁ་རྒྱན་ཅན་བསྣམས་པ། མཆན་ཁུང་གཡོན་དུ་ཡུམ་མནྡ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ཀ་རྩེ་གསུམ་པའི་རྣམ་པར་འཆང་ བ་སྟེ། དེའང་ཆུ་ཤིང་གི་མཁར་བ་ལ་བརྟེན་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བུམ་པ་དང་ཐོད་པ་ར་རི་གསུམ་གྱིས་མཚན་ཅིང་རྭ་ལ་ལྕགས་ལུང་དགུ་དང་མགུལ་ཆིངས་དར་གྱི་ཅོད་པན་འཕུར་བ་

ལ་ཌཱ་མ་རུ་དང་དྲིལ་གཡེར་གྱིས་སྤྲས་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། དེ་སྟེང་སྔགས་ཀྱི་ཕོད་ཀ་མཐིང་ནག ཆོས་གོས་དམར་པོ་གསེར་གྱི་པ་ ཏྲ་རིས་ཅན། ཟ་འོག་གི་བེར་ཆེན་དབང་གི་མདོག་ཅན་རྣམས་བརྩེགས་མར་གསོལ་བ། དབུ་ལ་འདབ་ལྡན་པདམ་མཐོང་གྲོལ་བརྗིད་པས་མཛེས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ ཀྱིས་བཞུགས་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པ་འཕྲོ་བ། སྐུ་མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་བས་ལྷང་ངེ་། གསུང་ཡན་ལག་དྲུག་ཅུའི་ཆོས་ སྒྲ་སྒྲོགས་པས་ལྷན་ནེ། ཐུགས་ཟབ་གསལ་གཉིས་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ལྷམ་མེ་བ། སྐུའི་རང་བཞིན་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མ་ལུས་ཁྱབ་ཅིང་། བ་སྤུའི་ཁུང་བུ་རེ་ནའང་ཞིང་ཁམས་རབ་འབྱམས་ཀྱི་བཀོད་པ་ཡོངས་སུ་རྫོགས་པ། སྒྱུ་མ་ལྟ་བུའི་སྐུ་ཅན་མཆོག་གསུམ་རྩ་གསུམ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་མངོན་སུམ་དུ་ བཞུགས་པར་མོས་ལ། ཞེས་འབྱུང་བ་ལྟར་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བར་གསལ་བཏབ། དེ་ལ་གོང་དུ་གསལ་བ་བཞིན་སྐུའི་ཡོན་ཏན་ལྷང་ངེ་བ། གསུང་གི་ཡོན་ཏན་ལྷན་ནེ་

བ། ཐུགས་ཀྱི་ཡོན་ཏན་ལྷམ་མེ་བར་གསུངས་པ་དང་། གཞན་དུ་ལྷའི་ལུང་བཅུ་རུ་བསྟན་པའི་དོན་མདོ་གསུམ་དུ་འདུས་པའི་ནང་། ལྷམ་མེ་ནི་གདོས་བཅས་སུ་མ་གྲུབ་པས་སྣང་ལ་རང་ བཞིན་གྱིས་མ་གྲུབ་པ་ཆུ་ཟླ་ལྟ་བུ་སྐུ་ཡི་ཡོན་ཏན། ལྷང་ངེ་ནི་སྒྲིབ་པ་མེད་པས་མཆོག་ཏུ་དྭངས་པ་གསུང་གི་ཡོན་ཏན། ལྷན་ནེ་ནི་བྱིང་རྒོད་ཀྱི་ཟུག་རྔུ་མེད་པས་ནོར་བུ་རིན་པོ་ཆེའི་འོད་ལྟ་བུ་ ཐུགས་ཀྱི་ཡོན་ཏན་ལ་སྦྱར་ནས་གསུངས་པའང་ཡོད་པས་གང་ལྟར་ཡང་འགལ་བ་མེད་དེ། སངས་རྒྱས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་ནི་གདུལ་བྱའི་མོས་པ་དང་འཚམས་པར་རྣམ་པ་ ཐམས་ཅད་པར་འཆར་བའི་ཕྱིར་རོ། །དེ་ནས་རང་གི་སྙིང་ག་ནས་མོས་གུས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། འོག་མིན་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་རིགས་འདུས་མ་ཧཱ་གུ་རུའི་ ཐུགས་ཀར་ཕོག་པས་དེ་མ་ཐག་སྐལ་ལྡན་གདུལ་བྱའི་ཤེས་རྒྱུད་བྱིན་གྱིས་རློབས་པའི་དུས་ལ་བབ་པར་མཁྱེན་ནས་འཁོར་རིག་འཛིན་དཔའ་བོ་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་ཏེ་ནམ་ མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་སྐད་ཅིག་གིས་བྱོན་པར་བསམ་ཞིང་། བདག་མདུན་དུ་བསྐྱེད་པའི་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་བཞུགས་པར་མོས་ལ། ཧཱུཾཿ རྔ་ཡབ་གླིང་

དབུས་ཟངས་མདོག་དཔལ་རིའི་རྩེ༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ ཚོགས་དང་བཅས༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུཾ་ཨཱ༔ ཞེས་གཏེར་གསར་སྔོན་འགྲོ་རྒྱས་ པའི་གཞུང་ལས་འབྱུང་བ་བཞིན་འདོན་བསྒོམ་དང་སྦྲགས་སྤྱན་འདྲེན་བྱེད་པའམ། ཡང་ན་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དང་མདུན་མཁར་བླ་མ་ཇི་ལྟར་གསལ་དགོས་པའི་བརྡ་དོན་རྟགས་གསུམ་ གོང་དུ་བཤད་པ་བཞིན་ཡིད་ལ་ངེས་པར་བྱས་ཏེ་དད་པ་བརྟན་པོའི་ངེས་ཤེས་སྙིང་ནས་སྐྱེས་ན་དམ་ཚིག་པ་དང་ཡེ་ཤེས་པ་སྐད་ཅིག་དྲན་རྫོགས་དབྱེར་མེད་ཡིན་པས་ཡེ་ཤེས་པ་ཞིང་ཁམས་ནས་སྤྱན་ འདྲེན་པ་སོགས་ཀྱི་སྤྲོས་པ་ལ་མ་ལྟོས་ཀྱང་བྱིན་རླབས་འཇུག་པར་ཐེ་ཚོམ་མེད་པ་ནི། མདོ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབས་ བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་དང་། ཨོ་རྒྱན་ཆེན་པོས། དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེ༔ ཞེས་དང་། སུ་མོས་ཙ་ན་ང་ཉིད་འདུག །ཅེས་སོགས་གསུངས་

པས། རྒྱས་བསྡུས་གང་བྱེད་རང་རང་གི་དམིགས་པའི་ལྕོགས་ཚོད་དང་བསྟུན་ན་འགལ་འདུ་གང་ཡང་མེད་ལ་ཉམས་ལེན་ལ་བོགས་ཐོན་ཆེ་བ་ཡིན་ནོ། །སྔོན་འགྲོ་བསྡུས་པ་འདིར་སྔོན་འགྲོ་ རྒྱས་པ་གཞན་བཞིན་ཡན་ལག་བདུན་པ་ཚིག་ཟིན་དུ་མི་འབྱུང་ཡང་། དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུ༔ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས༔ འདི་ཕྱི་བར་དོ་གསུམ་དུ་ ཐུགས་རྗེས་ཟུངས༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་ཚིག་རྐང་བཞི་པོ་འདིའི་ཁོངས་སུ་དོན་འདུ་བ་ཡིན་པས། དེ་ལྟ་ན་དང་པོ་ང་རྒྱལ་འཇོམས་པའི་གཉེན་པོར་ཕྱག་ འཚལ་བ་ནི། དེ་ཡང་ང་རྒྱལ་གྱི་མཚན་ཉིད་རང་ལ་མཆོག་ཏུ་འཛིན་ཅིང་གཞན་ལ་ཁྱད་གསོད་དང་། ལྷག་པར་གཏན་གྱི་སྐྱབས་གནས་དཀོན་མཆོག་དང་། ཐར་ལམ་སྟོན་མཁན་བླ་མ། བཀའ་དྲིན་ཆེ་བའི་ཕ་མ། རང་ལས་མཁས་པའི་ཡོན་ཏན་ཅན་རྣམས་ལ་མི་གུས་པ་དང་། རང་ལས་དམན་པ་རྣམས་ལ་ཁྱད་དུ་གསོད་པའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ངན་པ་ཚེ་འདིར་ གཞན་ནས་ཡི་གར་མི་འོང་བ་དང་། ཕྱི་མར་སེམས་ཅན་ང་རྒྱལ་གདུག་རྩུབ་ཅན་གྱི་རིགས་སུ་སྐྱེས་ཤིང་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་འཇོམས་པའི་ཐབས་སུ་ཡར་

དཀོན་མཆོག་དང་། བཀའ་དྲིན་ཆེ་བའི་བླ་མ་དགེ་བའི་བཤེས་གཉེན་ལ་སྙིང་ཐག་པ་ནས་གུས་པར་བྱ་བ་སྨོས་ཅི་དགོས། དྲིན་ཅན་ཕ་མ་དང་། རྒན་རབས་ ཡོན་ཏན་ཅན་རྣམས་ལའང་གུས་པ་ཆེན་པོས་བཀུར་བ་དང་། སེམས་ཅན་གཞན་རྣམས་ཀྱང་བརྩེ་བ་ཆེན་པོས་བསྐྱང་དགོས་པ་སྟེ་རྒྱལ་སྲས་ཞི་བ་ལྷས། མིག་གིས་སེམས་ཅན་བལྟ་ན་ ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་གསུངས་སོ། །ཕྱག་འཚལ་བ་དངོས་ནི། ལག་པའི་ཕྱག་ རྒྱ་པདྨ་ཁ་འབུས་པ་བཞིན་སྦྱར་ཏེ་དཔྲལ་བར་སྦྱར་སྐབས་ལུས་སྒྲིབ་དག་པ། མགྲིན་པར་སྦྱར་སྐབས་ངག་སྒྲིབ་དག་པ། སྙིང་གར་སྦྱར་སྐབས་ཡིད་སྒྲིབ་དག་པར་བསམ་པ་དང་བཅས་ གནས་གསུམ་དུ་སྦྱར་ནས་དཔྲལ་བ་དང་ལག་མཐིལ་གཉིས། པུས་མོ་གཉིས་ཏེ་ལུས་ཀྱི་མ་ལྔ་ས་ལ་ཕབ་སྟེ་ཕྱག་འཚལ་བ་ལ་ཡན་ལག་ལྔ་ཕྱག་ཅེས་ཐེག་པ་ཐུན་མོང་གི་བཞེད་སྲོལ་དང་། ལུས་པོས་བརྐྱང་ཕྱག་བརྡབ་སྟེ་འཚལ། །ཞེས་དྲི་མེད་བཤགས་རྒྱུད་སོགས་ལས་གསུངས་པའི་ཐུན་མིན་སྔགས་ཀྱི་བཞེད་སྲོལ་གཉིས་ཡོད་པ་ལས། སྔོན་བྱོན་བླ་མ་གོང་མ་རྣམས་ཀྱིས།

ཕྱི་མ་བརྐྱང་ཕྱག་བྱས་ན་དཀའ་ཚེགས་ཆེ་བས་དེ་ཙམ་དུ་སྒྲིབ་པ་འདག་སྟོབས་ཆེ་བར་གསུངས་སོ། །ཕྱག་འཚལ་བའི་ཕན་ཡོན་ནི་ལུང་རྣམ་འབྱེད་ལས། མདོག་བཟང་མཛེས་དང་ཚིག་ བཙུན་དང་། །འཁོར་རྣམས་ཟིལ་གནོན་ལྷ་མི་དགའ། །དམ་པ་དང་འགྲོགས་གཟི་བརྗིད་ཆེ། །ལོངས་སྤྱོད་མཐོ་རིས་ཐར་པ་ཐོབ། །ཅེས་གསུངས་སོ། །གཉིས་པ་སེར་སྣ་འཇོམས་པའི་ གཉེན་པོ་མཆོད་པ་ནི། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པའི་རྗེས་སུ་འགྲོ་བ་ རྒྱལ་བ་སྲས་དང་སེམས་མ་དང་བཅས་པ་རྣམས་ལ་ཕུལ་བ་སྟེ། དེའི་ཕན་ཡོན་ནི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ལྷ་མིའི་བདེ་འབྲས་མྱོང་ཞིང་ཀུན་གྱིས་མཆོད་འོས་སུ་འགྱུར་བ་ཡིན་ ནོ། །གསུམ་པ་ཞེ་སྡང་འཇོམས་པའི་གཉེན་པོ་བཤགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་གང་བྱས་པ་ལ་ཤིན་ཏུ་འགྱོད་པ་ཆེན་པོས་སྟོབས་བཞིའི་གནད་དང་ལྡན་པའི་སྒོ་ ནས་བཤགས་པ་སྟེ། དེའི་ཕན་ཡོན་ནི་ངན་སོང་དུ་མི་སྐྱེ་ཞིང་། མཐོ་རིས་ལྷ་མིའི་གོ་འཕང་བརྒྱུད་ཐར་པའི་ཡོན་ཏན་ཐམས་ཅད་འཐོབ་པར་འགྱུར་རོ། །བཞི་པ་ཕྲག་དོག་འཇོམས་པའི་

གཉེན་པོ་རྗེས་སུ་ཡི་རང་བ་ནི། གཞན་གྱི་ཕུན་ཚོགས་དང་བདེ་བ་ལ་མ་འཁྲེན་པར་ཡིད་རངས་པར་བྱེད་པ་སྟེ། དེའི་ཕན་ཡོན་ནི་ཆགས་མེད་བདེ་སྨོན་ལས། གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ཏེ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་འཐོབ་པར་གསུངས། །ཞེས་ གསུངས་པ་ལྟར་རོ། །ལྔ་པ་གཏི་མུག་འཇོམས་པའི་གཉེན་པོ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། སངས་རྒྱས་བྱང་སེམས་བླ་མ་དགེ་བའི་བཤེས་གཉེན་དམ་པ་གང་ན་སུ་བཞུགས་རྣམས་ ལ་ནོར་བུ་ལ་སོགས་རིན་པོ་ཆེའི་རིགས་སམ་རང་གི་འཁོས་འབྱོར་དང་འཚམས་པའི་དངོས་པོ་གང་ཡོད་པའི་ཐོག་དྲངས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་ནས་གདུལ་བྱའི་ཁམས་དང་ འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐུལ་བར་གསོལ་བ་བཏབ་པ་སྟེ། དེའི་ཕན་ཡོན་ནི་ཆོས་སྤངས་པའི་སྒྲིབ་པ་དག་ཅིང་ཚེ་རབས་ཐམས་ཅད་དུ་ཤེས་རབ་ཡེ་ཤེས་ཀྱི་སྣང་བ་རྒྱས་ཤིང་དམ་ པའི་ཆོས་འཛིན་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱེད་དོ། །དྲུག་པ་ལོག་ལྟ་འཇོམས་པའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཞིང་ཁམས་

འདི་འམ་གཞན་གང་ནའང་རུང་སྟེ་སངས་རྒྱས་བྱང་སེམས་བླ་མ་དགེ་བའི་བཤེས་གཉེན་རྣམས་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་འཁོར་བ་མ་སྟོང་བར་ དུ་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་མཛད་ཕྱིར་བཞུགས་པར་གསོལ་བ་གདབ་པ་སྟེ་དེའི་ཕན་ཡོན་ནི། ཚེ་ཐུང་བ་དང་། དུས་མིན་དུ་འཆི་བ་དང་། གཞན་གྱི་སྲོག་ལ་འཚེ་བའི་ སྡིག་པའི་རིགས་མ་ལུས་པ་བྱང་ཞིང་། ཚེ་དཔག་ཏུ་མེད་པ་ཐུབ་པར་འགྱུར་རོ། །བདུན་པ་ཐེ་ཚོམ་འཇོམས་པའི་གཉེན་པོར་བསྔོ་བ་ནི། དགེ་བ་གང་ཞིག་བསྒྲུབས་ཀྱང་ཚེ་འདིའི་ཁེ་དང་ གྲགས་པའམ་ཚེ་ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་བའི་ཀུན་སློང་མིན་པར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་གོ་འཕང་འཐོབ་པའི་ཕྱིར་དུ་བསྔོ་དགོས་པ་སྟེ། སློབ་དཔོན་རྟ་ དབྱངས་ཀྱིས། དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་རྣམས་བྲལ་ཞིང་། །འཇིག་རྟེན་འདས་པ་ཉིད་ཀྱི་ རྒྱུར་བསྔོའོ། །ཞེས་གསུངས་པ་སྟེ། དགེ་བ་ཆེ་ཕྲ་ཇི་ལྟ་བུ་ཞིག་བསྒྲུབས་ཀྱང་བྱང་ཆུབ་ཏུ་མི་བསྔོ་བ། དགྲ་འདུལ་གཉེན་སྐྱོང་དང་ཚེ་འདིའི་ཁེ་སྤོགས་སོགས་ཀྱི་དོན་དུ་བསྔོ་བ། ལོག་

པར་བསྔོ་བ། དགེ་བ་བྱས་པའི་རྗེས་སུ་འགྱོད་པ་སྐྱེ་བ་སྟེ་མདོ་ལས་དགེ་རྩ་འཛད་པའི་རྒྱུ་བཞིར་གསུངས་པས། དགེ་བ་ཆེ་ཕྲ་གང་བྱས་ཀྱང་བྱང་ཆུབ་ཏུ་བསྔོ་བ་ གལ་ཆེ་སྟེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐིག་པ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་སྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་ པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཟད་ཅིང་སྐམ་པར་མ་གྱུར་པ་དེ་སྲིད་དུ་མཆིལ་མའི་ཐིག་པ་དེ་ཡང་མི་སྐམ་མོ། །བློ་གྲོས་རྒྱ་མཚོ། དེ་བཞིན་དུ་དགེ་བའི་རྩ་བ་བསྒྲུབས་པ་དེ་ཡང་ འགྱོད་པ་དང་ཕངས་པ་དང་དམན་པ་དང་། ལོག་པར་བསྔོས་ན་ནི་འཛད་ལ། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་ནམ་ཡང་མི་འཛད་ཅིང་གོང་ ནས་གོང་དུ་འཕེལ་ལོ་ཞེས་གསུངས། དེ་བཞིན་དུ་དུས་དང་གནས་སྐབས་སོ་སོར་དགེ་བ་རྣམ་པ་མི་འདྲ་བའམ་རྒྱ་ཆེ་ཆུང་ཅི་འདྲ་བ་ཞིག་བསྒྲུབས་ཀྱང་དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་ བསྔོས་ན་ནི་ཇི་སྐད་དུ། ནམ་མཁའ་མཛོད་ཀྱི་མདོ་ལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག །རྒྱ་མཚོ་ཆེར་འབབ་རོ་གཅིག་འགྱུར་བ་ལྟར། །ཐ་དད་ཕྱོགས་ནས་དགེ་བ་གང་བྱས་

པ༑ ༑བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། །ཞེས་གསུངས། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། རྒྱུ་དགེ་རྩ་སྔོན་དུ་སོང་ནས་ཚིག་དང་སྨོན་ལམ་བསྔོམས་པ་བསྔོ་བ། རྒྱུ་དགེ་རྩ་སྔོན་དུ་མ་སོང་བར་སྨོན་པ་ནི་སྨོན་ལམ་དུ་ཀུན་མཁྱེན་ཀློང་ཆེན་པས་བཞེད་དོ། །དེ་ནས་གོང་གི། དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུ༔ རྩ་བའི་བླ་མ་མཆོག་ལ་ གསོལ་བ་འདེབས༔ འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངས༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་པ་ཚིག་ཟིན་བྱེ་བྲག་ཏུ་བཤད་ན། དེ་ཡང་དུས་གསུམ་སངས་ རྒྱས་ཞེས་སངས་རྒྱས་མར་མེ་མཛད་དང་འཁོར་བ་འཇིག་དང་གསེར་ཐུབ་དང་འོད་སྲུང་ལ་སོགས་པ་འདས་པའི་སངས་རྒྱས་རྣམས་དང་། ད་ལྟའི་སངས་རྒྱས་བདག་ཅག་གི་སྟོན་པ་མཉམ་ མེད་ཤཱཀྱའི་དབང་པོ་ལ་སོགས་ཞིང་འདིར་བཞུགས་པའི་སངས་རྒྱས་རྣམས་དང་། བྱམས་པ་ནས་མོས་པའི་བར་མ་འོངས་པའི་སངས་རྒྱས་རྣམས་དང་། ཁྱད་པར་རྫོགས་ཆེན་གྱི་སྟོན་པ་ བཅུ་གཉིས་དང་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རྣམས་དང་གཏེར་སྟོན་གྱི་རྒྱལ་པོ་ལྔ་དང་གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩ། མཆོག་གི་སྤྲུལ་སྐུ་རྣམ་གསུམ་ལ་སོགས་དུས་གསུམ་

དུ་གཤེགས་ཤིང་བཞུགས་ལ་གཤེགས་པར་འགྱུར་བའི་སངས་རྒྱས་མ་ལུས་མི་ལུས་ལུས་པ་མེད་པ་ཀུན་འདུས་པའི་སྐུ་ཡི་སྤྱི་གཟུགས་རང་གི་རྩ་བའི་བླ་མའོ། །དེ་ ཡང་རྩ་བའི་བླ་མ་ཞེས་པའི་དོན། རྒྱུད་རང་ཤར་ལས། སྤྱི་དང་འདྲེན་དང་དམ་ཚིག་དང་། །མན་ངག་དབང་གི་སློབ་དཔོན་ནོ། །ཞེས་གསུངས་པའི་དབང་དུ་བྱས་ན་སྤྱི་ཡི་བླ་མ་གྲུབ་མཐའ་ རིས་མེད་པའི་སྐྱེ་རྒུ་རྣམས་ནས་བཀུར་བའི་འོས་སུ་གྱུར་པའི་བླ་མ་དགེ་བའི་བཤེས་གཉེན་དང་། འདྲེན་པའི་བླ་མ་ནི་གདུལ་བྱ་རྣམས་ལྷ་མིའི་བདེ་འབྲས་བརྒྱུད་ཐར་པའི་ལམ་ལ་འདྲེན་པར་ མཛད་མཁན། དམ་ཚིག་དབང་གི་བླ་མ་ནི་ཕྱི་ནང་གི་རྒྱུད་སྡེ་གང་རུང་གི་དབང་ལ་བརྟེན་ནས་ལྷའི་དམ་ཚིག་ལ་གནས་པར་བྱེད་པའི་བླ་མ་རྣམས་དང་། མན་ངག་སྟོན་པའི་བླ་མ་ནི། སྔགས་བླ་མེད་ཀྱི་རྒྱུད་སྡེའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། རྒྱུད་བཤད། མན་ངག་ཁྱད་པར་དུ་འཕགས་པའི་གདམས་པས་རིག་པ་ཅེར་ཕོག་ཏུ་ངོ་སྤྲད་དེ་མྱུར་བ་ཉིད་དུ་སངས་ རྒྱས་ཀྱི་ས་ལ་འགོད་པར་མཛད་མཁན་རང་ལ་བླ་མ་གཞན་སུ་ལས་ཀྱང་བཀའ་དྲིན་མཆོག་ཏུ་ཆེ་བའི་སྙིང་ལྟ་བུ་ནི་རྩ་བའི་བླ་མ་སྟེ། དེ་ལས་ཁྱད་པར་དུ་འཕགས་པ་གཞན་མི་སྲིད་སྟབས་

མཆོག་སྟེ་རྩེ་མོར་གྱུར་པའོ། །དེ་ལ་ལུས་གུས་པ་ཆེན་པོས་ཕྱག་འཚལ་བ་དང་། ངག་གུས་པ་ཆེན་པོས་གསོལ་བ་འདེབས་པ་དང་། ཡིད་གུས་པ་ཆེན་པོས་དད་པ་རྩེ་གཅིག་ཏུ་བྱས་ཏེ་འདི་ ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངས་ཞེས་གསོལ་བ་འདེབས་པའོ། །དེ་ལས་འདི་ཕྱི་བར་དོ་གསུམ་ཞེས་ཚེ་འདིའི་སྣང་བ་ལ་རང་བཞིན་བར་དོ་ཟེར། རང་བཞིན་བར་དོའི་ཁོངས་སུ་རྨི་ལམ་ བར་དོ་དང་བསམ་གཏན་བར་དོ་གཉིས་འདུ་བས་གཅིག་ཏུ་བརྩི། དེ་ནས་འཆི་རྐྱེན་གྱིས་ཟིན་ནས་ནང་དབུགས་ཕྲོག་གིས་ཆད་པའི་བར་འཆི་ཁ་བར་དོ། དེ་ཡང་དབུགས་ཡོངས་སུ་ཆད་པའི་ རྗེས་ཉི་མས་དཀར་པོར་མ་བསྒྲིབས། མུན་པས་ནག་པོར་མ་བསྒྲིབས། སྤྲིན་དང་ཁུ་རྡུལ་རླུང་གསུམ་གྱིས་མ་བསླད་པ་སྟོན་གནམ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཀ་དག་གི་སྣང་བ་ ནམ་མཁའ་གཡའ་དག་པ་ལྟར་རིག་པ་ཟང་ཀ་མ་སྤྲོས་པ་གང་གིས་ཀྱང་མ་བསླད་པ་ཞིག་འཆར་བར་གསུངས། དེ་ཐོག་ཏུ་བཙན་ས་ཟིན་ན་ཆོས་སྐུའི་ཀློང་དུ་གྲོལ་བ་དང་། དེ་ལྟར་ཀ་དག་གི་ ངང་ལ་བཙན་ས་ཟིན་མ་ཐུབ་ན་ཆོས་ཉིད་ཀྱི་རང་རྩལ་རང་སྣང་ཞི་ཁྲོའི་ལྷ་ཚོགས་ཀྱི་སྣང་བ་སྣ་ཚོགས་ཤར་བ་ཆོས་ཉིད་བར་དོ་སྟེ། དེ་དག་རང་སྣང་དུ་ངོ་ཤེས་ཏེ་དེ་ཐོག་བཙན་ས་ཟིན་པའི་

གདིང་ཚད་ཡོད་ན་འོད་གསལ་ལོངས་སྐུར་གྲོལ། རང་སྣང་ཞི་ཁྲོའི་ལྷ་ཚོགས་གཞན་རྒྱུད་དུ་བཟུང་སྟེ་འཁྲུལ་ན་སྲིད་པ་བར་དོ་ཞེས་སྔ་མ་གསོན་པའི་དུས་ལྟར་ རགས་པའི་ཤ་གཟུགས་མེད་ཀྱང་བག་ཆགས་ཀྱི་སྣང་བ་ཡིད་གཟུགས་ཅན། རགས་པའི་གཟུགས་ཁམས་མེད་པས་རགས་པའི་བཟའ་བཏུང་ལ་སྤྱོད་དབང་མེད་ཀྱང་དྲི་བཟའ་བའི་དོན་དུ་དྲིའི་ ཟས་ལ་སྤྱོད་ཕྱིར་ཉེ་བར་འཁོར་བས་དྲི་ཟ་ཉེ་བ་འཁོར། ཕུང་པོ་ཉེ་བར་ལེན་པའི་སེམས་ཀྱིས་བག་ཆགས་ཤུགས་ཆེ་བས་ཕུང་པོ་ཉེར་ལེན་གྱི་མཚམས་སྦྱོར། དབང་པོ་རགས་པ་མེད་ཀྱང་ མིག་གི་དབང་པོ་ལ་སོགས་ཚོར་བ་ཉམས་སུ་མྱོང་བའི་བག་ཆགས་ཀྱི་དབང་པོ་ཡོད་པས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་ཏེ་མིང་བཞི་འདུས་པའི་སྲིད་པ་བར་དོའི་སྣང་བའོ། །དེ་སྐབས་ལྷ་ དང་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་དག་པའི་ཞིང་དུ་དབུགས་ཆེན་འབྱིན་པའི་སྨོན་ལམ་ཟབ་མོའི་མཐུས་མི་ལུས་རིན་པོ་ཆེ་ཐོབ་པར་བྱས་ཏེ་ས་ལམ་གྱི་འཕྲོ་སྦྱངས་ནས་སངས་རྒྱས་ཀྱི་ ས་ལ་བགྲོད་པར་བྱེད་པ་སྟེ་དེ་ལྟར་རང་བཞིན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ། སྲིད་པའི་བར་དོ་རྣམས་ཏེ་བར་དོའི་སྣང་བ་སོ་སོར་རང་ངོ་ཤེས་ཤིང་གྲོལ་བར་ཐུགས་རྗེས་ཟུངས་

ཤིག་པའོ། །དེ་ཡང་ཀུན་བཟང་སྨོན་ལམ་ལས། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དེ། །དེ་ཉིད་རིག་ན་སངས་ རྒྱས་སོ། །ཞེས་གསུངས་པ་ལྟར། སངས་རྒྱས་རྣམས་བཞིན་ཆོས་སྐུའི་དགོངས་པ་ལས་མ་གཡོས་ན་འཁྲུལ་པ་ནམ་ཡང་མི་སྲིད་སྟབས་བར་དོའི་མིང་ཙམ་ཡང་མ་གྲུབ། དེ་ཡང་འཁོར་ འདས་གཉིས་ཀའི་མིང་མེད་དོ། །ཞེས་པ་མུ་སྟེགས་ཆད་ལྟ་བ་རྣམས་ཀྱི་འདོད་ཚུལ་ལྟར། ད་ལྟ་མངོན་དུ་གྱུར་པའི་ཚེ་འདིའི་རྣམ་ཤེས་ཚོགས་དྲུག་གི་སྣང་བ་རང་མཚན་པ་གང་འཆར་བ་དེ་ ཙམ་ལས་འཁོར་འདས་མ་གྲུབ་བོ། །ཞེས་གསུངས་པ་མ་ཡིན་ཏེ། རྟག་ཆད་ཀྱི་ཐ་སྙད་ཀུན་ལས་འདས་པའི་ཆོས་ཀྱི་སྐུ་སྟེ་དཔལ་མགོན་ཀླུ་སྒྲུབ་ཀྱིས། དངོས་དང་དངོས་མེད་འདུས་བྱས་ ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས། འདུས་བྱས་ཞེས་པ་གང་ཞེ་ན། རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་སོ་ཅོག་རྟག་མི་ཐུབ་པ་ཐམས་ཅད་ཡིན། དཔེར་ན་རྒྱུ་ས་བོན་ གྲུང་པོ་རྨ་མེད་པ་ལ་བརྟེན་ནས། རྐྱེན་ཆུ་ལུད་དྲོད་གཤེར་ལ་སོགས་པས་མྱུ་གུ་ནས་འབྲས་བུའི་བར་སྐྱེ་བ་ལྟ་བུ་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་དང་། དེ་ཡང་འདུས་བྱས་ཆོས་ཀྱི་དོན་རྒྱུ་རྐྱེན་

ངན་པ་ལ་སྦྱར་ན་འཇིག་རྟེན་པའི་བློ་ང་དང་ང་ཡིར་འཛིན་པའི་བདག་ཏུ་ལྟ་བ་དེ་རྒྱུ་དང་། བདག་ཏུ་ལྟ་བ་དེ་ལ་བརྟེན་ནས་རྐྱེན་ཡུལ་བཟང་ངན་གྱི་རྗེས་སུ་འཁྲུལ་ ནས་ཆགས་སྡང་གི་ལས་བསགས་ཏེ་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་སྣང་བའི་ཆོས་སོ་ཅོག་ཐམས་ཅད་ཡིན། རྒྱུ་རྐྱེན་བཟང་པོ་ལ་བརྟེན་པའི་འདུས་བྱས་ཆོས་ལ་སྦྱར་ན་སེམས་ཅན་རྣམས་ ཀྱི་རྒྱུད་ལ་ལྷན་ཅིག་བཞུགས་པའི་བདེ་བར་གཤེགས་པའི་སྙིང་པོ་དེ་རྒྱུ་ཡིན་ལ། རྐྱེན་བཟང་པོ་བདེ་བར་གཤེགས་པའི་སྙིང་པོའི་རིགས་དེ་སད་པར་བྱེད་པའི་བདག་རྐྱེན་བླ་མ་དགེ་བའི་བཤེས་ གཉེན་དང་མཇལ་ཞིང་། ཚོགས་བསགས་སྒྲིབ་སྦྱོང་ལ་འབད་དེ་རྣམ་བྱང་གི་ཡོན་ཏན་གོང་དུ་འཕེལ་བར་བྱེད་པའི་ཆོས་སོ་ཅོག་ཐམས་ཅད་ཡིན། དེ་ཡང་། དངོས་པོ་བརྟེན་ནས་སྐྱེ་བ་སྟེ། ། ཞེས་པ་ལྟར་དངོས་པོ་རྣམས་རྒྱུ་རྐྱེན་ལས་སྐྱེས་པས་འདུས་བྱས་ཡིན་མོད། དངོས་མེད་འདུས་བྱས་ཇི་ལྟར་ཡིན་སྙམ་ན། དངོས་མེད་བརྟེན་ནས་བཏགས་པ་ཡིན། །ཅེས་དཔེར་ན་རི་བོང་ལ་ རྭ་ཡོད་པར་མི་སྲིད་པའི་རྟོག་པ་ལ་རྭ་འཛིན་པའི་རྣམ་པར་རྟོག་པ་མེད་ཀྱང་། རྭ་མེད་པར་འཛིན་པའི་རྟོག་པ་ཡོད་པ་བཞིན་དུ་ཆོས་གང་མེད་པར་འཛིན་པའི་བློ་ཞིག་ཡོད་ཚེ་དེ་ཡང་ཡིད་རྟོན་དུ་

མི་རུང་བའི་འཁྲུལ་པའི་ཤེས་པས་བཏགས་པ་ཡིན་ན་དངོས་པོ་མེད་པར་རྟོག་པའང་འདུས་བྱས་ཀྱི་ཆོས་ཡིན་ཅེས་གསུངས། སྤྱོད་འཇུག་ལས། དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་ པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་རྫུན་པ་ཡིན། །ཅེས་གསུངས་པས། དེ་བས་ན། མྱ་ངན་འདས་པ་འདུས་མ་བྱས། །ཞེས་ཆོས་ཉིད་དོན་དམ་པའི་ བདེན་པ་བསམ་བརྗོད་ལས་འདས་པ་ཁོ་ནའོ། །མཉམ་རྗེས་རེས་འཇོག་ཅན་སློབ་པ་ལམ་གྱི་ས་ནས་མཉམ་རྗེས་དབྱེར་མེད་མི་སློབ་ལམ་གྱི་ས་ལ་མ་བགྲོད་བར་དུ་ཚོགས་བསགས་སྒྲིབ་སྦྱོང་ གི་རིགས་ཐམས་ཅད་འདུས་བྱས་ཀྱི་དགེ་བ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ལྟར་སྣང་མོད། སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་ལ་སྣང་བ་བཞིན་མིན་པར་ཟག་པ་མེད་པའི་དགེ་བ་ལ་སྦྱོར་བའི་ རྒྱུ་རྐྱེན་བཟང་པོ་འབའ་ཞིག་ཏུ་འགྱུར་རོ། །དེ་ནས་དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཞེས་པ་དུས་ནི་སྔར་བཤད་པ་ལྟར་བདག་མེད་ལ་བདག་ཏུ་རྟོག་སྟེ་གཟུང་འཛིན་གྱིས་ སེམས་སྐྱེས་ཤིང་། དེ་ལས་ཉོན་མོངས་པ་དང་། དེ་ལས་འཁོར་བ་གྲུབ། འཁོར་བའི་སྣང་བ་བཟང་ངན་ཇི་ལྟ་བུ་འཆར་ཡང་། ཡུན་རིང་ཐུང་ཇི་ལྟ་བུ་སྣང་ཡང་དུས་ཀྱི་འཕོ་འགྱུར་ལ་

བརྟེན་ནས་འཆར། ཆུ་ཚོད་ཆུ་སྲང་ཉིན་ཞག་ལོ་ཟླ་བསྐལ་པ་སོགས་དུས་ཀྱི་མིང་མི་འདྲ་བ་ཐམས་ཅད་བསྡུ་ན། འདས་པའི་དུས་མ་འོངས་པའི་དུས་ད་ལྟའི་དུས་ གསུམ་དུ་འདུ་བས། དེ་ལྟར་ཉོན་མོངས་དང་ལས་ཀྱི་འཁྲུལ་སྣང་ལས་བྱུང་བའི་དུས་གསུམ་གང་དུ་འཁོར་བར་འཁྱམས་པ་ན་འཁྱམས་སུ་མི་འཇུག་པར་རྒྱུན་ཆད་མེད་པའི་ཐུགས་རྗེས་རྗེས་ སུ་བཟུང་སྟེ་དུས་མེད་དུས་ཏེ་དུས་ཀྱི་དགྲ་ཡི་མཆོག་དམ་པ་སངས་རྒྱས་ཀྱི་ས་ལ་མ་སླེབས་བར་དུ་ལུས་ལ་སྐུ་ཡི་སྒོ་ནས་བྱིན་གྱིས་རློབས་ཤིག །ངག་ལ་གསུང་གི་སྒོ་ནས་བྱིན་གྱིས་རློབས་ ཤིག །ཡིད་ལ་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ཕུར་ཚུགས་སུ་གདབ་པའོ། །དེ་ཡང་དུས་བཞི་མཉམ་པ་ཉིད་ནི་ཆོས་དབྱིངས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ འཁོར་འདས་རེ་དོགས་བདེ་སྡུག་གི་སྤྲོས་པ་དང་ཡོངས་སུ་བྲལ་བ་བདེ་བའི་མཆོག་སྟེ་མི་ཕམ་རིན་པོ་ཆེའི་གསུང་འཇམ་དཔལ་ལ་བསྟོད་པ་ལས། ཞི་བའི་ནང་ན་ཞི་བ་སྟེ། །འཇམ་དཔལ་ ཟུག་རྔུ་མེད་པའི་མཆོག །མཁའ་ཁྱབ་སྙིང་རྗེ་ཆེན་པོའི་སྐུ། །གཞོན་ནུའི་རོལ་པར་ཁྱོད་ཕྱག་འཚལ། །ཁྲོ་བོའི་ནང་ན་ཁྲོ་བོ་སྟེ། །ཐམས་ཅད་མཐར་བྱེད་གཤིན་རྗེ་གཤེད། །སྲིད་ཞི་

དབྱིངས་སུ་ཟ་བའི་ཞལ། །དུས་ཀྱི་དགྲ་ཆེན་ཁྱོད་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དབང་བཞི་ལེན་པ་ལ། སྤྱིར་བླ་མའི་རྣལ་འབྱོར་ནི། བླ་མ་སངས་རྒྱས་ཀུན་འདུས་ཀྱི་ བྱིན་རླབས་བཙན་ཐབས་སུ་འཕོ་བ་མྱུར་ལམ་གསང་བ་སྔགས་ཀྱི་ལུགས་སུ་བསྒྲུབ་པ་ཡིན་སྟབས་དབང་ལ་བརྟེན་དགོས་ཏེ། ཇི་སྐད་དུ། གསང་སྔགས་དབང་ལ་མ་བརྟེན་འགྲུབ་མི་ འགྱུར། །དཔེར་ན་གཉན་པ་ལག་སྐྱ་མེད་པ་བཞིན། །ཞེས་གསུངས། དེ་ཅིའི་ཕྱིར་ན་ཐེག་ཆེན་ཐུན་མོང་གི་ལུགས་ལྟར་རྒྱུ་བདེ་གཤེགས་སྙིང་པོ་ས་བོན་ཙམ་ལ་གཞི་བཅོལ་ནས་མཐུན་པའི་ རྐྱེན་ཚོགས་བསགས་སྒྲིབ་སྦྱོང་ལ་ཡུན་རིང་བརྩོན་ཏེ་འབྲས་བུ་ད་གཟོད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སྔ་ཕྱི་གོ་རིམ་གྱི་རྣམ་བཞག་ལྟར་མིན་པར། དཔེར་ན་ཉི་མ་ཡེ་ནས་འོད་གསལ་བའི་རང་བཞིན་གློ་བུར་སྤྲིན་པས་བསྒྲིབས་ཏེ་མི་གསལ་བ་རླུང་གིས་སྤྲིན་དག་པར་བྱེད་པ་ན། འོད་གསལ་བའི་ཉི་མ་མངོན་པར་གསལ་ཞིང་། འོད་གསལ་ བའི་ཉི་མ་དེ་ཡང་གསར་དུ་བྱུང་བ་མིན་པར་སྔར་ནས་ཡོད་པའི་ཉི་མ་དེ་རང་མངོན་པར་གསལ་བར་བྱས་པ་བཞིན་དུ་བྲལ་བྱ་གློ་བུར་གྱི་དྲི་མ་བྲལ་བྱེད་སྨིན་བྱེད་དབང་དང་། གྲོལ་བྱེད་མན་

ངག་གི་ཁྲིད་ལ་བརྟེན་ནས། བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་པའི་མཐུས་གསར་བྱུང་མ་ཡིན་པའི་རང་གི་རྒྱུད་ལ་ཡེ་ནས་བཞུགས་པའི་སངས་རྒྱས་ སྐུ་གསུམ་གྱི་ཡོན་ཏན་མྱུར་བ་ཉིད་དུ་མངོན་པར་གསལ་བར་བྱེད་པ་གསང་སྔགས་ལུགས་ཀྱི་འབྲས་བུ་གཞི་ལ་རྫོགས་པར་འདོད་པའི་གྲུབ་མཐའ་ཡིན་སྟབས་བྲལ་བྱ་བྲལ་བྱེད་ཀྱི་རྒྱུ་འབྲས་སུ་ བཞེད་པ་ཡིན། དབང་ལའང་བླ་མ་དངོས་ལས་ཞུ་བ་གཞི་ཡི་དབང་དང་། བདག་འཇུག་དང་བླ་མའི་རྣལ་འབྱོར་སྐབས་སུ་དབང་ལེན་པ་ལྟ་བུ་ལམ་དབང་། མཐར་དབང་དོན་གྱི་ཡེ་ཤེས་ མངོན་དུ་གྱུར་ནས་གཞི་འབྲས་དབྱེར་མེད་སྐུ་གསུམ་གྱི་གོ་འཕང་ལ་མངའ་དབང་འབྱོར་བ་འབྲས་བུའི་དབང་སྟེ་རྒྱུད་སྡེ་ཀུན་ནས་གཞི་ལམ་འབྲས་བུའི་དབང་གི་དབྱེ་བསྡུ་སོ་སོར་གསུངས་པ་ ཡོད་ཀྱང་། དོན་སྙིང་མོས་གུས་དཀར་པོ་གཅིག་ཐུབ་ཀྱི་སྒོ་ནས་བླ་མའི་གསང་བ་གསུམ་ལས་འོད་ཟེར་ཆེན་པོའི་དབང་ནོད་པ་ནི་དབང་ཀུན་གྱི་མཆོག་རབ་དམ་པ་དབང་དོན་གྱི་ཡེ་ཤེས་མྱུར་ བར་མངོན་དུ་བྱེད་པ་ལ་དེ་ལས་ཟབ་པ་གཞན་མེད་དོ། །དེའི་ཕྱིར་དབང་བཞི་ལེན་པ་ལ། བླ་མའི་སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་ཤིན་ཏུ་གསལ་ལ་དྭངས་པ་བྱུང་། རང་གི་སྤྱི་བོར་

ཐིམ་པས་སྐུ་བུམ་པའི་དབང་ཐོབ། ལུས་རྣམ་སྨིན་རྩ་ཡི་སྒྲིབ་པ་སྦྱངས། ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག བླ་མའི་ མགྲིན་པའི་ཨཱཿ དམར་པོ་ལས་འོད་ཟེར་དམར་པོ་ཤིན་ཏུ་དྭངས་ཤིང་གསལ་བ་བྱུང་། རང་གི་མགྲིན་པར་ཐིམ་པས་གསུང་གསང་བའི་དབང་ཐོབ་ངག་རླུང་གི་སྒྲིབ་པ་སྦྱངས། ངག་རྡོ་རྗེ་ གསུང་གི་རོལ་པར་བྱིན་གྱིས་བརླབས། ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག བླ་མའི་ཐུགས་ཀའི་ཧཱུཾ་མཐིང་ནག་ལས་འོད་ཟེར་མཐིང་ནག་ཤིན་ཏུ་དྭངས་ཤིང་གསལ་བ་ བྱུང་། རང་གི་སྙིང་གར་ཐིམ་པས་ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས། ཆོས་སྐུའི་གོ་འཕང་ཐོབ་ པའི་སྐལ་བ་རྒྱུད་ལ་བཞག བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཤིན་ཏུ་དྭངས་ཤིང་གསལ་བའི་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་ཞིག་བྱུང་རང་གི་སྙིང་གར་ཐིམ་པས་སྒྲིབ་གཉིས་བག་ ཆགས་ཐམས་ཅད་སངས་ཀྱིས་དག །ཚིག་དབང་རིན་པོ་ཆེ་ཐོབ། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་གཉིས་སུ་མེད་པར་བྱིན་གྱིས་བརླབས། སྐུ་གསུམ་སྣང་ཆའི་ཡོན་ཏན་མ་

འདྲེས་པར་སོ་སོར་སྣང་བའི་ངོ་བོ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ། གུ་རུའི་ཡང་སྙིང་ཡི་གེ་འབྲུ་བཅུ་གཉིས་པའི་སྔགས་ དོན་གཏེར་གསར་སྔོན་འགྲོའི་ཁྲིད་ཡིག་རྒྱས་པ་ཐར་ལམ་སྣང་སྒྲོན་ལས་བྱུང་བ་ལྟར་བཀོད་ན། ཨོཾ་ཨཱཿ ཧཱུཾ་ཞེས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་བརྗོད་པས་ཐོག་དྲངས་ཏེ། བཛྲ་ནི་རྡོ་རྗེ་སྟེ་གཉིས་སྣང་མཚན་རྟོག་གི་སྤྲོས་པས་ནམ་ཡང་མི་ཕྱེད་པ་ཀུན་ཁྱབ་རིག་སྟོང་རྡོ་རྗེའི་སྙིང་པོའི་ངོ་བོར་བཞུགས་པའི་ཕྱིར་ཆོས་ཀྱི་སྐུ་དང་། གུ་རུ་ནི་བླ་མ་སྟེ་དེའི་ངང་ལས་ཁ་ སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་མངོན་པར་བཀོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། པདམ་ནི་དེའང་སོ་སོར་རྟོག་པའི་ ཡེ་ཤེས་ཀྱི་རིགས་གདངས་གསུང་རྡོ་རྗེ་བདེ་བ་ཆེན་པོ་པདམའི་རིགས་མཆོག་བརྫུས་སྐྱེས་སྤྲུལ་པའི་སྐུའི་སྣང་བརྙན་དུ་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་ རྒྱན་རྡོ་རྗེ་འཆང་ཆེན་པོའི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་ངང་ནས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས་སིདྡྷི་ཞེས་དངོས་

གྲུབ་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཧཱུཾ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་བར་མཛད་དུ་གསོལ་སྙམ་པའི་དོན་དྲན་པར་བྱ་བའི་སྒོ་ནས་བཟླ་བའོ། ། འདིར་མཆོག་གི་དངོས་གྲུབ་ཡང་སྙིང་གི་འབྲུ་འགྲེལ་སྐུ་གསུམ་རྣམ་བཞག་བཤད་མ་ཐག་པ་ལྟར་ལ་སྐུ་བཞི་དང་ཡེ་ཤེས་ལྔའི་དོན། ལོངས་སྐུའི་ཁ་སྦྱོར་ཡན་ལག་བདུན་སོགས་གོང་དུ་ སྐྱབས་འགྲོའི་སྐྱབས་ཡུལ་ངོས་བཟུང་བའི་རྣམ་བཤད་སྐབས་སུ་བཀོད་ཡོད་པ་ལས་རྟོགས་པར་བྱ་ཞིང་། ཐུན་མོང་གི་དངོས་གྲུབ་ལ་གྲུབ་པ་བརྒྱད་དང་། ལས་ཆེན་བཅུ་གཉིས་སོགས་བརྩི་ རུ་ཡོད་ཀྱང་། དོན་བསྡུ་ན་ནད་གདོན་བར་ཆད་ལ་སོགས་མི་འདོད་མི་མཐུན་པའི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་བྱེད་པ་ཞི་བའི་ལས་དང་། ཚེ་དང་བསོད་ནམས་ས་ལམ་གྱི་སྤང་རྟོགས་ ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་བྱེད་པ་རྒྱས་པའི་ལས་དང་། རང་སྣང་དབང་དུ་འདུ་ཞིང་གཞན་སྣང་ཟིལ་གྱིས་གནོན་པ་དབང་གི་ལས་དང་། བསྟན་པ་དང་སེམས་ ཅན་ལ་འཚེ་བར་བྱེད་པའི་མི་སྲུན་པའི་རིགས་ཐམས་ཅད་སྡང་བས་མིན་པར་སྙིང་རྗེ་ཆེན་པོའི་སྒོ་ནས་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་ཚར་བཅད་རྗེས་སུ་འཛིན་པ་བཞིན་དུ་

དྲག་པོའི་ལས་རྣམས་སོ། །དེ་ལས་ནམ་ཞིག་ན་སྔར་གཞི་སྣང་ལྷུན་གྲུབ་ཀྱི་རྩལ་རང་ངོ་མ་འཕྲོད་པར་འཁོར་བ་ལུགས་སུ་འབྱུང་བ་ཇི་ལྟར་བྱུང་བའི་ནང་བཤད་པ་ ལྟར། རང་སེམས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ་གཞི་ལ་གནས་པའི་སྐུ་གསུམ་རང་ངོ་མ་འཕྲོད་པར་བག་ལ་ཞ་ཞིང་། དེ་དག་ གི་རྩལ་ལ་འཁྲུལ་པ་ཞུགས་ནས་ཉོན་མོངས་ཀུན་གྱི་རྩ་བ་དུག་གསུམ་ཇེ་རགས་སུ་སོང་སྟེ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་ཕྱི་ནང་སྣོད་བཅུད་དང་བཅས་པའི་འཁོར་བའི་ཆོས་སུ་སྣང་བ་ ཐམས་ཅད་ལམ་ཉམས་སུ་བླངས་པའི་མཐུས་གནས་འགྱུར་གྱི་ཡོན་ཏན་སྐུ་གསུམ་ལམ་སྣང་དུ་འཆར་བའི་རྟགས་སུ་བདེ་གསལ་མི་རྟོག་པའི་ཉམས་རྣམས་འཆར་ནས་འཁོར་བ་ལུགས་སུ་ ལྡོག་པ་འབྱུང་སྟེ། དེ་ཡང་སྐུ་བུམ་པའི་དབང་གི་ནུས་པ་ལུས་ལ་ཐེབས་པའི་རྟགས་སུ་གནས་ལུས་ལོངས་སྤྱོད་གཉེན་གྲོགས་སོགས་འཁོར་བའི་ཆོས་ལ་ཆགས་པའི་ཉོན་མོངས་རང་མཚན་པ་ ཇེ་དག་ཏུ་སོང་། དེའི་རྟགས་སུ་ནང་ལུས་སུ་འཛིན་པའི་ཤ་ཁམས་ས་དང་། ཆུ་ཁམས་ཁྲག་རྣམས་རྫས་སམ་དངོས་པོ་རང་མཚན་པར་གཟུང་བའི་འཛིན་པའི་སེམས་དག དེའི་ནུས་པས་

ཕྱིའི་སྣང་བ་ས་དང་ཆུའི་ཁམས་དངོས་པོ་རང་མཚན་དུ་བཟུང་བའི་ཡུལ་དག རིམ་བཞིན་ཕྱི་ནང་གི་ས་ཆུའི་ཁམས་རྣམས་ཤིན་ཏུ་གཙང་ཞིང་ཡང་བར་གྱུར་ཏེ་གཉིས་མེད་གཅིག་ཏུ་དག་པར་ བརྩམས་པ་ན། ལུས་ལ་ཟུག་རྔུ་སྐྱེད་པར་བྱེད་པའི་དངོས་པོ་འབྱུང་ཁམས་རགས་པའི་ནུས་པ་ཆུང་ངུ་སོང་ཞིང་། ཤེས་རབ་ཀྱི་སྤྱན་ལ་དབང་བསྒྱུར་བར་ཉེ་བའི་རྟགས་སུ་རྒྱང་རིང་པོའི་ གཟུགས་ཐམས་ཅད་ཉེ་བར་གསལ་བར་མཐོང་བ་དང་། ལུས་ལ་བདེ་བའི་ཉམས་འབར། དེ་ནི་ལམ་སྣང་གི་བདེ་སྟོང་སྤྲུལ་སྐུ་སྟེ་དེ་ལ་ཞེན་པ་མེད་པར་གོམས་པ་ན་མཐར་ཇི་སྐད་དུ། ཨིནྡྲ་བྷོ་དྷིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་དང་། སྒྱུ་འཕྲུལ་ཐལ་བ་ལས། བདེ་བ་ཆེན་པོའི་རང་བཞིན་ནི། །དངོས་པོ་མ་ཡིན་དངོས་མེད་མིན། །དབུ་མ་ ཙམ་དུའང་མ་དམིགས་པས། །བདེ་ཆེན་ཕྱག་རྒྱ་ཆེན་པོར་བཤད། །ཅེས་གསུངས་པ་བཞིན་ཟག་པ་ཡོངས་སུ་ཟད་པའི་བདེ་བ་ཆེན་པོའི་སྐུ་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་འབྲས་བུ་སྤྲུལ་ པའི་སྐུའི་གོ་འཕང་མངོན་དུ་འགྱུར། བླ་མའི་གསུང་གསང་བའི་དབང་གི་ནུས་པ་ངག་ལ་ཐེབས་པའི་རྟགས་སུ་གཏམ་སྙན་གྲགས་འདོད་ངག་འཁྱལ་ལ་སོགས་པའི་བཞོན་པར་གྱུར་པའི་ངག་

རླུང་གི་སྒྲིབ་པ་སྦྱངས། ཉོན་མོངས་པ་ཞེ་སྡང་རང་མཚན་པ་དག དེའི་རྟགས་སུ་ནང་མེ་ཁམས་དྲོད་དང་རླུང་ཁམས་དབུགས་ཀྱི་དངོས་པོ་རང་མཚན་དུ་འཛིན་ པའི་སེམས་དག དེའི་ནུས་པས་ཕྱི་མེ་དང་རླུང་གི་ཁམས་དང་དངོས་པོ་རང་མཚན་དུ་གཟུང་བའི་ཡུལ་རྣམས་དག རིམ་བཞིན་ཕྱི་ནང་མེ་རླུང་གི་ཁམས་རྣམས་གཙང་ཞིང་ཡང་བར་གྱུར་ཏེ་ ཕྱི་ནང་སོ་སོར་དབྱེར་འབྱེད་མི་ཤེས་པ་གཉིས་མེད་གཅིག་ཏུ་དག་པར་བརྩམས་པ་ན་ཕྱི་ཡི་མེ་རླུང་དང་ནང་གི་དྲོད་དབུགས་ལ་སོགས་རྒྱུ་རྐྱེན་ལས་སྐྱེས་པའི་འབྱུང་བ་ཕལ་པའི་སྒྲ་ཡི་ནུས་པ་ཇེ་ ཆུང་ལ་སོང་སྟེ་ཆོས་ཀྱི་སྒྲ་ཚིག་མ་བསྐུལ་རང་བྱུང་རང་ཤར་དུ་གྲགས་པ་གྲགས་སྟོང་སྐྱེ་བ་མེད་པ་ཆོས་ཉིད་ཀྱི་རང་སྒྲ་ལ་དབང་བསྒྱུར་བར་ཉེ་བའི་རྟགས་སུ་རྒྱང་རིང་པོའི་སྒྲ་ཐམས་ཅད་ཉེ་ བར་གསལ་བར་གོ་བ་དང་། ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་ཉེ་བའི་རྟགས་སུ་ཡུལ་སྣང་ཐམས་ཅད་གསལ་ལ་དྭངས་ཤིང་དག་པ་འབའ་ཞིག་ཏུ་མཐོང་ཞིང་ངག་ལ་གསལ་བའི་ཉམས་འབར། དེ་ནས་ལམ་སྣང་གི་གསལ་སྟོང་ལོངས་སྐུ་སྟེ་དེ་ལ་ཞེན་པ་མེད་པས་གོམས་པ་ན་ཇི་སྐད་དུ། འཇིག་རྟེན་ཕན་པ་ཁྱེད་ཀྱི་གསུང་གཅིག་ལ། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་

བས་བདག་ལ་སྟོན་སྙམ་སོ་སོར་སེམས། །ཞེས་གསུངས་པ་བཞིན་གསུང་གཅིག་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ཐིག་ལེ་ཆེན་པོ་ཉག་གཅིག་སྤྲོས་པ་ཀུན་དང་བྲལ་བའོ། །མོས་པ་ཐ་ དད་བཞིན་དུ་སྒྲ་འབྱུང་བ་ནི་གསུང་རྣམ་པ་ཐམས་ཅད་པའོ། །དེ་བཞིན་དུ་དཀོན་མཆོག་བརྩེགས་པ་ལས། ང་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དེ་སྲིད་ དུ་ཆོས་གང་ཡང་བསྟན་པ་མེད་ཀྱང་དེ་བཞིན་ཉིད་ལས་འགྲོ་བའི་མོས་པ་ཇི་ལྟ་བ་བཞིན་དུ་སོ་སོར་སྣང་བ་འདི་ཡང་སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་ཁྱབ་པའོ། །ཞེས་དང་། གསུང་ གི་ངོ་བོ་བརྗོད་དུ་མེད་པ་སྒྲ་དང་མིང་ཚིག་ཀུན་ལས་འདས་པའི་དབྱིངས་ནས་བརྗོད་པ་ཀུན་གྱི་མཆོག་ཆོས་ཀྱི་སྒྲ་ཚིག་སྣ་ཚོགས་འབྱུང་བ་དང་། དེ་དག་གི་རང་བཞིན་བསམ་གྱིས་མི་ཁྱབ་པ་ སྟེ། གསང་སྙིང་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། ། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་དང་།

གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ་ལས། བསམ་གྱིས་མི་ཁྱབ་འོག་མིན་ཆེན་པོའི་གནས། །གཉིས་འཛིན་སྣང་བ་དབྱིངས་སུ་ནུབ་པའི་གཞི། །རང་སྣང་ རང་བཞིན་ཕྱོགས་བྲལ་མཉམ་པའི་ཀློང་། །གསུང་གི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ། །ཅེས་གསུངས་པ་བཞིན་གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་དབྱངས་ལ་མངའ་དབང་ འབྱོར་ཞིང་འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་འགྱུར། བླ་མའི་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ནུས་པ་ཡིད་ལ་ཐེབས་པའི་རྟགས་སུ་དགྲ་འདུལ་གཉེན་སྐྱོང་ལ་སོགས་ འཇིག་རྟེན་གྱི་ཀུན་ཏུ་རྟོག་པ་སྤྱི་དང་ཁྱད་པར་འཁོར་འདས་བདེ་སྡུག་ལ་སོགས་སྤང་བླང་རེ་དོགས་བྱེད་པའི་ཞེན་པ་དག ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ཉོན་མོངས་པ་གཏི་མུག་དག་ དེའི་རྟགས་སུ་ནང་འཛིན་པའི་སེམས་དག་པ་ན་ཕྱི་རུ་བཟུང་བའི་ཡུལ་ནམ་མཁར་སྣང་བ་དག་སྟེ་ཕྱི་ཡི་ནམ་མཁའ་སྟོང་པ་དང་ནང་རིག་པའི་ནམ་མཁའ་སོ་སོར་དབྱེར་འབྱེད་མི་ཤེས་པ་ཐིག་ལེ་ ཆེན་པོ་གཅིག་ཏུ་འབྱམས་ཀླས་པར་བརྩམས་པ་ན་གཟུང་འཛིན་གྱི་སེམས་སམ། ཡུལ་དང་ཡུལ་ཅན་དུ་འཛིན་པའི་རྣམ་ཤེས་དག་པས་ཕྱི་ནང་གང་དུའང་སྒྲིབ་མེད་ཟང་ཐལ་དུ་གཟིགས་པའི་

ཆོས་ཉིད་ཀྱི་སྤྱན་ཐོབ་པ་ལ་ཉེ་བའི་རྟགས་སུ་སེམས་ལ་མི་རྟོག་པའི་ཉམས་འབར། དེ་ནི་ལམ་སྣང་གི་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་སྟེ། དེ་ལ་ཞེན་པ་མེད་པས་གོམས་ན་མཐར་ཇི་སྐད་དུ་ མདོ་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་ བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པ་ལྟར་འབྲས་བུ་ཆོས་སྐུའི་གོ་འཕང་མངོན་དུ་འགྱུར་བར་བྱེད་པའོ། །མཐར་ཐུན་བསྡུ་ བའི་སྐབས་སུ་བབས་པ་ན། སྐུ་གསུང་ཐུགས་ཀྱི་དབང་བྱིན་ཡོངས་རྫོགས་ཐོབ༔ བཛྲ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ༔ ཞེས་བརྗོད་དེ་རྒྱལ་ཀུན་སྤྱི་གཟུགས་རྩ་བའི་བླ་མ་ཨོ་རྒྱན་ཆེན་པོའི་ སྐུ་གཞོམ་དུ་མེད་པ་རྡོ་རྗེའི་བྱིན་རླབས། གསུང་འགག་པ་མེད་པ་རྡོ་རྗེའི་བྱིན་རླབས། ཐུགས་འཁྲུལ་པ་མེད་པ་རྡོ་རྗེའི་བྱིན་རླབས་ཀྱི་དབང་སྟེ་མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ མི་ཟད་རྒྱན་འཁོར་ལྔའི་དབང་དང་བྱིན་རླབས་ཡོངས་སུ་རྫོགས་པར་ཐོབ་པར་བསམ། མཐར་བླུ་མུ་ཐུགས་དགྱེས་པ་ཆེན་པོས་གདན་ཁྲི་ནས་ཡར་དབུ་གཙུག་ནས་མར་ཐུགས་ཀའི་ཐད་དུ་འོད་

དུ་ཞུ་ནས་འོད་ལྔའི་གོང་བུ་ཚོན་གང་བ་ཞིག་ཏུ་གྱུར་ཏེ་རང་ལ་ཐིམ་ནས་དབྱེར་མེད་རོ་གཅིག་གི་ངང་དུ་གྱུར་པར་བསམ་ཞིང་། བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་ ངང་༔ རིག་སྟོང་དོན་གྱི་བླ་མའི་རང་ཞལ་བལྟ༔ ཞེས་བརྗོད་ཅིང་རང་རིག་གསལ་སྟོང་དབྱེར་མེད་མཉམ་པ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ། །འདི་སྐབས་ཀྱི་དབྱེར་མེད་ཅེས་པའི་ དོན་ནི་ཆུ་ལ་ཆུ་བཞག་པ་ན་དབྱེར་འབྱེད་མི་ཤེས་པ་བཞིན་དུ་རང་དང་བླ་མ་སོ་སོར་འཛིན་པའི་རྟོག་པ་དང་བྲལ་བའི་ངང་ཁོ་ན་ལ་གོ་དགོས། ངང་ཞེས་པ་འཇིག་རྟེན་པའི་བློ་ལ་དཔེ་བཞག་ན་ མི་འདི་ངང་རྒྱུད་ཐུང་ཟེར་བ་ལྟ་བུའམ། མི་འདི་ངང་རྒྱུད་རིང་བ་ཟེར་བ་ལྟ་བུ་དངོས་པོའི་གཤིས་ཀྱི་རྒྱུན་ལ་འཇུག་པ་སྟེ། ངང་རིང་ཐུང་གང་ཞིག་ཡིན་ཀྱང་འཁོར་བའི་ཆོས་དང་ཆོས་ཅན་གྱི་ སེམས་ཡིན་ཕན་ཆད་རྟག་མི་ཐུབ་པ་གཡོ་བའི་ཆོས་སྐྱེ་འགག་གནས་གསུམ་ལ་ལྟོས་པ་ཅན་ཡིན། འདི་སྐབས་ཀྱི་ངང་ཞེས་པའི་དོན་སྐྱེ་འགག་གནས་གསུམ་ལས་འདས་པ་དུས་གསུམ་ཀུན་ ཏུ་འཕོ་འགྱུར་བྲལ་བའི་གཉུག་མ་གཤིས་ཀྱི་གནས་ལུགས་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་དེའི་རྒྱུན་སྐྱོང་བ་ལ་གོ་དགོས། རིག་སྟོང་དོན་གྱི་བླ་མའི་རང་ཞལ་བལྟ༔ ཞེས་པའི་

རིག་ཟེར་བ་ནི་གསལ་བའི་དོན་ཡིན། དེ་ཡང་སེམས་རིག་གཉིས་སུ་ཕྱེ་བའི་སེམས་མ་ཡིན་པའི་རིག་པ་ཡིན། སེམས་ནི་གཟུང་བ་ཡུལ་ལ་འཛིན་པ་སེམས། ཟེར་བ་ལྟ་བུ་ཤེས་པ་སྔ་མ་ གཟུང་བ་ཡུལ་དུ་མཆེད་ཤེས་པ་ཕྱི་མ་ཡུལ་བཟང་ངན་ལ་བརྟེན་ནས་འཛིན་པ་ཞུགས་ཏེ་ཉོན་མོངས་ཆགས་སྡང་གི་ལས་བསགས་ཏེ་འཁོར་བར་སྐྱུར་མཁན་དེ་ལ་ཟེར། རིག་པ་ནི་གཟུང་འཛིན་ ཅན་གྱི་སེམས་འཁོར་བའི་རྩ་བ་དེ་མིན་པར་ཡུལ་དང་ཡུལ་ཅན་ཡོངས་སུ་དག་པའི་གསལ་སྟོང་དབྱེར་མེད་པའི་ཡེ་ཤེས་ཏེ་རིག་འཛིན་གྱི་གཙུག་རྒྱན་དགའ་རབ་རྡོ་རྗེས། གདོད་ནས་དག་པ་ དབྱིངས་ཀྱི་ངང་ཉིད་ལས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས་པས་གཟུང་ འཛིན་སེམས་ཀྱི་དྲི་མ་གདོད་ནས་དག་ཅིང་། དབྱིངས་ཞེས་ནམ་མཁའི་ཁམས་བཞིན་བསམ་པའི་ཡུལ་ལས་འདས་པ་རྒྱ་ཆེ་བའི་དོན་ནོ། །དེ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཡིན་པས་ ན་འཁོར་བའི་སྡུག་བསྔལ་ཀུན་བྱུང་། སངས་རྒྱས་ཀྱི་ཡོན་ཏན་ཀུན་ནས་ཆུབ་པ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གསུངས་པའི་ཡུལ་སེམས་ཅན་ལ་

དམིགས་ནས་ཡུལ་ཅན་བྱང་ཆུབ་ཀྱི་སེམས་ལ་བློ་བཞག་པ་ལྟ་བུའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་ཡིན་པར་ཞི་བ་ལྷས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཞེས་ གསུངས་པ་ལྟར་ཡུལ་ཅན་གདོད་ནས་སྐྱེ་བ་མེད་པས་ཡུལ་སེམས་ཅན་རང་མཚན་པ་གཏན་ནས་རྙེད་མི་ཤེས་པའི་ཆོས་ཉིད་དོན་དམ་པ་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བྱང་ ཆུབ་ཀྱི་སེམས་ཆེན་པོའོ། །དེ་ཡང་ཡུལ་ཅན་བྱང་ཆུབ་ཀྱི་སེམས་མེད་ན་ཡུལ་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་རྒྱུན་ཆད་པར་འགྱུར་རོ་སྙམ་པའི་འཇིགས་པ་སྐྱེ་མི་དགོས་ཏེ་འདི་སྐད་དུ། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་མདོ་ལས། མདོར་ན་ཆོས་མཉམ་པ་ཉིད་གཉིས་སུ་མེད་པར་རྟོགས་པས་སྙིང་རྗེ་ཆུང་ངུར་མི་འགྲོ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞིན་ནོ། །དངོས་ པོར་ལྟ་བས་སྙིང་རྗེ་ཆེ་བར་མི་འགྱུར་ཏེ། ཉན་ཐོས་དང་སོ་སོའི་སྐྱེ་བོའི་བཞིན་ནོ། །ཞེས་གསུངས་པས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་དེ་ངོ་ཤེས་རྩལ་རྫོགས། བརྟན་པ་ཐོབ་པ་བྱུང་ན་འཁྲུལ་གཞི་སྡུག་བསྔལ་གྱི་རྒྱུ་གཟུང་འཛིན་གྱི་སེམས་སྟོང་པས་འཁྲུལ་སྣང་འཁོར་བ་མིང་མེད་དུ་དག་སྟེ་དབུལ་པོས་རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་དེ་དབུལ་བའི་

སྡུག་བསྔལ་ལས་ཡོངས་སུ་གྲོལ་བ་དང་འདྲ་ཞིང་། དེ་ཡང་སངས་རྒྱས་དང་སེམས་ཅན་སུས་ཀྱང་མ་བཅོས་མ་བྱས་པའི་ཆོས་ཀྱི་སྐུའོ། །གཞན་ཡང་རིག་པ་དང་འོད་གསལ་ལ་ཁྱད་པར་ གང་ཞིག་ཡོད་དམ་སྙམ་ན། རིག་པ་དང་འོད་གསལ་ལ་མཚན་མར་གྲུབ་པ་མེད་པས་ངོ་བོ་ཉིད་ཀྱིས་དབྱེ་བ་ཅིར་ཡང་བྱར་མེད་དོ། །རྣམ་པའི་ཡོན་ཏན་གྱི་ཆ་ནས་གཞལ་ན་རིག་ཅེས་སྒྲིབ་པ་ དང་ཡོངས་སུ་བྲལ་བ་ཀུན་ནས་མ་རྨོངས་པ་མཁྱེན་ཆའི་ཡོན་ཏན་མ་འགགས་པའི་རྣམ་པ་འོད་གསལ་བའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཡིན། གཞན་ཡང་འོད་གསལ་བ་ཞེས་པའི་འོད་གསལ་ ཞུན་མར་སྦར་བའམ་འཕྲུལ་གློག་བཏེགས་པ་ལྟ་བུ་རྒྱུ་དང་རྐྱེན་ལས་བྱུང་བའི་འོད་ཉི་ཚེ་བ་ལྟ་བུ་དང་། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣ་ཡི་རྣམ་ཤེས། ལྕེ་ཡི་རྣམ་ཤེས། ལུས་ཀྱི་རྣམ་ཤེས་དང་། དེ་དག་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཡུལ་བཟང་ངན་གྱི་རྗེས་སུ་རྟོག་པ་འཇུག་པའི་ཡིད་ཀྱི་རྣམ་ཤེས་དང་། འཇིག་རྟེན་སྐད་དུ་རིག་པ་གྲུང་བ། བློ་གྲོས་གསལ་བ། རྣམ་དཔྱོད་ཆེ་བ་ལ་སོགས་འཁོར་བའི་རྒྱུ་རྣམ་རིག་གསལ་བ་ཅན་ལ་མི་གོ་བར་ནམ་ལངས་པ་ན་མུན་པ་མི་སྲིད་པ་བཞིན་དུ་རིག་པའི་སྣང་ཆ་མཐའ་དབུས་དང་བྲལ་བའི་

གསལ་བ་འདུས་མ་བྱས་ཆེན་པོ་སྟེ། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ། །ཞེས་སྔར་དྲངས་པ་ལྟར་རོ། །གཞན་ཡང་བདག་ཅག་གི་སྟོན་པ་ མཉམ་མེད་ཐུབ་པའི་དབང་པོ་མངོན་སངས་རྒྱས་པའི་རྗེས་ཐོགས་སུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །ཞེས་དང་། དཔལ་ལྡན་ཆོས་ཀྱི་གྲགས་པས། རྟོག་པའི་དྲྭ་བ་རྣམ་གསལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་སེམས་ལ་སེམས་མ་མཆིས་པ་ཞེས་སེམས་ཀྱི་རང་བཞིན་གཞི་མེད་རྩ་བྲལ་ དངོས་དང་དངོས་མེད་ཀྱི་སྤྲོས་པ་ཀུན་ལས་ཡོངས་སུ་འདས་པ་ངོ་བོ་སྟོང་པའི་ཡེ་ཤེས་ཆོས་ཀྱི་སྐུའོ། །སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་སྣང་ཆ་མ་ འགགས་པ་གཞི་སྣང་རང་བཞིན་གསལ་བའི་ཡེ་ཤེས་གཟུགས་སྐུའི་ཡོན་ཏན་འཆར་བར་བསྟན་པའོ། །དེ་དག་གང་ཡང་རང་བྱུང་གི་ཡེ་ཤེས་ཏེ། རྫོགས་པ་ཆེན་པོའི་རྒྱུད་ལས། རང་བྱུང་

རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་མ་འགགས་པར་ནི་གསལ་བ་ཡིན། །ཞེས་གསུངས་པ་ལྟར་རིག་སྟོང་འོད་གསལ་ཟུང་འཇུག་ཆེན་པོའོ། །རིག་སྟོང་ཟུང་འཇུག་གི་དོན་ཡང་སྲད་བུ་ གཉིས་གཅིག་ལ་གཅིག་བརྟེན་ནས་དྲིལ་བ་ལྟ་བུའམ། རིག་ཅེས་པའི་སྐབས་སུ་སྟོང་པ་ཤུལ་དུ་བཞག་ནས་སྣང་བ་ལོགས་སུ་འཚོལ་བའམ། སྟོང་ཞེས་པའི་སྐབས་སུ་སྣང་བ་ཤུལ་དུ་བཞག་ ནས་སྟོང་པ་ལོགས་སུ་འཚོལ་བ་ལྟ་བུ་མིན་པར་གདོད་ནས་རིག་སྟོང་སོ་སོར་ཆ་ཕྲ་བ་ཙམ་དུའང་དབྱེ་རུ་མེད་པར་རིག་པའི་ངོ་བོ་སྟོང་པས་ཆོས་སྐུ། སྟོང་པའི་སྣང་ཆ་གསལ་བས་གཟུགས་ སྐུ་སྟེ་སྐུ་གཉིས་ཟུང་འཇུག སྣང་སྟོང་ཟུང་འཇུག གསལ་སྟོང་ཟུང་འཇུག བདེ་སྟོང་ཟུང་འཇུག སྐུ་དང་ཡེ་ཤེས་ཟུང་འཇུག སྐུ་དང་ཞིང་ཁམས་ཟུང་འཇུག་སོགས་ཟུང་འཇུག་འདུས་ མ་བྱས་ཆེན་པོ་དབྱེར་མི་ཕྱེད་པ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའོ། །དེ་བཞིན་དུ་ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་ གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་ཕྱིར་གསལ་གཞི་སྣང་སྐུ་དང་ཞིང་ཁམས་ཀྱི་འཆར་གཞི་

ནང་གསལ་གྱི་ཚུལ་དུ་བཞུགས་པ་དང་། རྒྱུད་སེང་གེ་རྩལ་རྫོགས་ལས། དོན་ནི་རང་གི་རིག་པ་ལ། །རྟགས་ནི་མངོན་སྣང་སྐུ་དང་བཅས། །སྙིང་པོ་དོན་ དམ་འགྱུར་བ་མེད། །གསལ་འཚེར་ལྷུན་སྡུག་འོད་གསལ་བ། །བདེ་བ་ཆེན་པོའི་དངོས་ཉིད་ལས། །ས་བོན་རྡོ་རྗེ་རྒྱུ་རྐྱེན་བྲལ། །རྫོགས་པའི་དོན་ལས་མི་འདའ་ཞིང་། །ཐབས་མཁས་ སྟོང་པའི་དཀྱིལ་ན་གནས། །ཞེས་ནང་གསལ་སྐུ་དང་ཡེ་ཤེས་ཞིང་ཁམས་ཀྱི་རྟགས་ཕྱིར་གསལ་དུ་སྐུ་དང་ཡེ་ཤེས་ཞིང་ཁམས་མངོན་སུམ་དུ་འཆར་བ་དེ་དག་ཐམས་ཅད་ལྷུན་གྲུབ་འོད་ གསལ་འདུས་མ་བྱས་ཆེན་པོའི་ཡོན་ཏན་ཁོ་ནའོ། །དེ་ལྟ་བུའི་ཡོན་ཏན་མངོན་སུམ་ཐད་ཀར་བྱ་བའི་ཕྱིར་དུ་ཐོད་རྒལ་བྱུང་བ་ཡིན་ལ། དེ་ལ་རྫོགས་པ་ཆེན་པོའི་གྲུབ་མཐའ་ལ་ལུང་རིགས་དང་ འབྲེལ་བའི་མྱོང་བ་དང་རྟོགས་པ་ལྟ་ཞོག །གོ་བ་ཙམ་ཡང་མ་ཆགས་པ་འགའ་ནས་ཐོད་རྒལ་གྱི་སྐབས་སུ་མུ་སྟེགས་ཉི་མ་བལྟ་བའི་ལུགས་ཞེས་དམའ་འབེབས་པ་བྱུང་མོད། དེ་ལྟ་མིན་ཏེ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ཀྱི་སྐུ་དང་ཞིང་ཁམས་ཡེ་ཤེས་ཕྲིན་ལས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་གདུལ་བྱ་ལ་སྣང་བའི་ཕྱིར་དུ་བཀའ་དང་

བསྟན་བཅོས་རྣམས་སུ་ཉི་ཟླ་སྒྲོན་མེ་རི་བོ་རྒྱ་མཚོ་ལ་སོགས་པའི་དཔེ་དང་སྦྱར་བའི་དཔེ་རྒྱན་དང་། གཟུགས་ཅན་གྱི་རྒྱན་ལ་སོགས་ཟད་དུ་མེད་པ་བྱུང་ཞིང་འབྱུང་བར་འགྱུར་ལ། གསར་ རྙིང་རྒྱུད་སྡེའི་དཀྱིལ་འཁོར་སྒྲུབ་ཐབས་སྨྲོས་ཀྱིས་མི་ལང་བ་རྣམས་སུ་པདྨའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་ཞེས་ཡང་ཡང་འབྱུང་བས། དེའི་ཕྱིར་ཐོད་རྒལ་སྐབས་སུ་ཉི་ཟླའི་ཟེར་ལ་བལྟ་བ་ དང་། ལྷ་བསྐྱེད་པའི་སྐབས་སུ་ཉི་ཟླའི་བཞུགས་གདན་བསྒོམ་པ་ལ་གཅིག་ཤོས་ལོག་པ་དང་། གཅིག་ཤོས་ཡང་དག་པ་ཡིན་པའི་རིགས་པ་འགའ་ཡང་མི་རྙེད་དེ། ཉི་ཟླའི་དངོས་པོ་གཅིག་ ཡིན་པས་སོ། །མུ་སྟེགས་ཉི་མ་པ་རྣམས་ནི་ཉི་ཟླ་ལ་སོགས་ལྷ་རུ་འཛིན་ཅིང་གུས་བཀུར་བྱ་བ་ཡིན་ལ། ཐོད་རྒལ་གྱི་སྐབས་སུ་ནང་གསལ་སྐུ་དང་ཡེ་ཤེས་མངོན་དུ་བྱ་ཕྱིར་ཐབས་ཀྱི་རྟེན་ ཙམ་དུ་གནས་སྐབས་ཉི་ཟླའི་ཟེར་ལ་བརྟེན་པ་ཙམ་ལས་ཉི་ཟླའི་དངོས་པོ་ལྷ་རང་མཚན་པར་འཛིན་པ་མིན་ཏེ། ནམ་ཞིག་ལམ་སྣང་བ་བཞིའི་ཡོན་ཏན་མཐར་ཕྱིན་པ་ན་ཉི་མའང་མེད་ལ་མུན་ པའང་མེད། ཉི་མའི་ཟེར་ལ་བལྟ་མཁན་གང་ཟག་ཀྱང་མེད་ལ། ས་ལམ་ཡང་མེད་དེ། ཆོས་ཐམས་ཅད་ཡོངས་སུ་ཟད་པའི་དབྱིངས་སུ་གཉིས་སུ་མེད་པའི་ཚུལ་གྱིས་རྟག་ཏུ་བཞུགས་

༼པའོ།༽།འདི་ལྟ་བུའི་དོན་གནད་མ་རྟོགས་པར་སྨྲ་བ་མང་དུ་བྱུང་བའི་མཚང་ནི། མགོན་པོ་བྱམས་པས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་ པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་དང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཅེས་དང་། ཞི་བ་ལྷས། དེ་ལ་འཇིག་རྟེན་རྣམ་གཉིས་ མཐོང་། །རྣལ་འབྱོར་པ་དང་ཕལ་པའོ། །དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་། །རྣལ་འབྱོར་པ་ལའང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་ གནོད། །གཉིས་ཀ་ཡང་ནི་འདོད་པའི་དངོས། །འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ཀྱི། །སྒྱུ་མ་ལྟ་བུར་མིན་པས་ འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་གསུངས་པ་བཞིན་རྣམ་ཤེས་ལ་རྟོན་ནས་གྲུབ་པའི་མཐའ་རིགས་མཐུན་པར་འཛིན་པའི་རིགས་ལ། རྣམ་ཤེས་ལ་རྟོན་ནས་གྲུབ་པའི་ མཐའ་རིགས་མི་མཐུན་པར་འཛིན་པ་གཞན་ནས་རྒོལ་བ་བྱུང་ན་རྒོལ་བའི་ཡུལ་ལ་གནོད་པ་ཆེར་མེད་ཀྱི་སྟེང་། རིགས་མཐུན་གཅིག་གྲོགས་གཅིག་གིས་བྱེད་པ་ལྟ་བུའང་སྲིད་དེ། དཔེར་ན་

ནགས་ལ་རླུང་གི་གནོད་པ་འབྱུང་ན་ཤིང་གཅིག་གིས་གཅིག་ལ་གྲོགས་དན་ལྟ་བུར་སོང་ནས་ནགས་ཚལ་སྐྱོབ་ཐུབ་པ་ལྟ་བུའོ། །རྣམ་ཤེས་ལ་རྟོན་པའི་གྲུབ་མཐའི་རྣམ་བཞག་ཟབ་པ་དང་རྒྱས་ པ་ཕྲ་ཞིང་ཕྲ་བའི་ཚུལ་དུ་ཇི་ལྟར་བསྒྲུབས་ཀྱང་། ཡེ་ཤེས་ལ་རྟོན་པའི་གྲུབ་མཐའི་རྣམ་བཞག་དང་འཕྲད་པ་ན་རྣམ་ཤེས་ལ་རྟོན་ནས་བསྒྲུབས་པའི་གྲུབ་མཐའི་རྣམ་བཞག་རང་གིས་རང་ཉིད་ འཇིག་པའི་རྒྱུ་རུ་འགྲོ་བའང་ཡོད་པ་ནི་དཔེར་ན་ནགས་ལ་མེ་ཡིས་གནོད་པ་བྱུང་ན་རིགས་མཐུན་ཤིང་ཐམས་ཅད་གཅིག་གིས་གཅིག་ལ་དགྲ་རུ་སོང་བ་ལྟ་བུར་གྱུར་ནས་ནགས་ཚལ་ཐམས་ཅད་ ལྷག་མ་མ་ལུས་པའི་བར་དུ་ཚིགས་པ་བཞིན་ནོ། །དེ་བས་ན་རྟག་ཏུ་རྣམ་ཤེས་ལ་རྟོན་ནས་འཇིག་རྟེན་དངོས་གཙོའི་རྟོག་གེའི་རིག་པ་ཁོ་ན་ལ་ཁུངས་བཅོལ་ནས་ཡེ་ཤེས་ལམ་བྱེད་རྫོགས་པ་ ཆེན་པོའི་ཆོས་ལ་ཀླན་ཀ་བཟོ་བར་བྱེད་པ་དེ་དག་ནི། དེ་དག་རང་གི་གྲུབ་མཐའ་གཏིང་མི་ཟབ་པའི་རང་མཚང་བཏོན་ནས་རང་གིས་རང་གཞོམ་པར་བྱེད་པ་ཁོ་ན་ཡིན་པས་རྫོགས་པ་ཆེན་པོའི་ གྲུབ་མཐའ་འཛིན་པ་རྣམས་ནས་ལན་གང་ཡང་གདབ་མི་དགོས་ཏེ། སྡོང་པོས་བརྒྱན་པའི་མདོ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིགས་གྱུར་ཀྱང་། །ནམ་མཁའ་

ཚིགས་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་ འདིར་ནི་སྤྲོ་བྱ་མིན། །ཞེས་དང་། སངས་རྒྱས་ཀྱིས། འཇིག་རྟེན་ང་དང་རྩོད། ང་འཇིག་རྟེན་དང་མི་རྩོད་ཅེས་སོགས་གསུངས་པའི་རྗེས་སུ་སྙིང་ནས་ཡི་རང་གི་མེ་ཏོག་འཐོར་བར་བྱེད་པ་ ཁོ་ན་ལ་གཙིགས་སུ་བྱེད་པ་དགའོ། །གཞན་ཡང་ཉི་ཟླ་སོགས་ལ་ལྷ་རུ་འཛིན་པའི་ཕྱི་རོལ་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་ནས་གསུངས་པའི་ཉི་ཟླ་གཟའ་སྐར་ལ་སོགས་པར་ལྷ་གནས་ཀྱི་ དཀྱིལ་འཁོར་སྒྲུབ་ཚུལ་གསུངས་པའི་ལྷ་རྣམས་ཀྱི་ངོས་འཛིན་ལུགས་མི་འདྲ་བ་སྨྲོས་མ་དགོས་ཀྱང་། འཇིག་རྟེན་ཐུན་མོང་གི་མཐོང་སྣང་ཉི་ཟླ་གཟའ་སྐར་ལ་སོགས་འོད་ཆེམས་ཆེམས་བྱེད་ པ་འདི་དག་ནི་དངོས་པོ་གཅིག་ཡིན་པ་འདྲ་བས། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་དམོད་པ་དྲུག་པ་ཡིན། །དྲུག་པ་ཕོག་པ་མཐོལ་ལོ་བཤགས། །ཞེས་དྲན་པར་བྱས་ཏེ་མུ་ སྟེགས་པ་ལའང་དགོས་པ་མེད་པར་སྡང་མ་དྲགས་ན་དགའ་ཞིང་། གཞན་ཡང་བྲག་སྲིན་མོ་ནས་རྗེ་བཙུན་མི་ལ་རས་པ་ལ། ཡ་གིའི་དགུང་སྔོན་གྱི་དཀྱིལ་ཞིག་ན། །འོད་གསལ་ཉི་ཟླའི་

གཡང་ཆགས་པ། །དེ་ངོ་མཚར་ལྷ་ཡི་གཞལ་ཡས་ཁང་། །གླིང་བཞིའི་མུན་པ་སེལ་ལོ་སྐད། །ཅེས་སོགས་གླུ་བླངས་པའི་ལན་དུ་རྗེ་བཙུན་གྱིས། དྲན་པའི་དཔེ་བརྒྱད་ཀྱི་མགུར་གསུངས་ པའི་ནང་། དགུང་སྔོན་གྱི་དཀྱིལ་དུ་ཡར་བལྟས་པས། །ཆོས་ཉིད་སྟོང་པ་ཏུར་གྱིས་དྲན། །ང་དངོས་པོའི་ཆོས་ལ་ཉམ་ང་མེད། །ཉི་ཟླ་གཉིས་ལ་ཕར་བལྟས་པས། །སེམས་ཉིད་འོད་ གསལ་ཏུར་གྱིས་དྲན། །ང་བྱིང་རྒོད་གཉིས་ལ་ཉམ་ང་མེད། །ཅེས་སོགས་གསུངས་པའང་དྲན་པར་བྱ་དགོས་སོ། །ལང་ཀར་གཤེགས་པ་ལས། འོད་དང་པདྨ་ལྟ་བུ་དང་། །རི་མོ་ནམ་ མཁའི་འཇའ་འདྲ་མཐོང་། །མཚན་མ་སྣ་ཚོགས་འདི་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཅེས་དང་། སྔོན་བྱོན་སྔ་འགྱུར་བའི་མཁས་གྲུབ་གོང་མ་རྣམས་ཀྱིས། ཀ་དག་ ཁྲེགས་ཆོད་ཁྲེགས་སུ་མ་ཆོད་ན། །ལྷུན་གྲུབ་ཐོད་རྒལ་འཁྲུལ་པའི་རྒྱུ་རུ་འགྲོ། །ཞེས་སོགས་གསུངས་པ་རྣམས་ཀྱང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་གང་ལའང་རྣམ་ཐར་ སྒོ་གསུམ་གྱི་ལྟ་བས་རྩིས་མ་ཟིན་པར་བདེན་གྲུབ་ཡན་གར་བར་བཟུང་ན་དངོས་པོ་དང་མཚན་མའི་བློ་ཡིས་བཅིངས་པ་མུ་སྟེགས་པའི་ལམ་དང་འཁྲུལ་གཞི་བྱེད་པ་སྲིད་དོ་ཞེས་གསུངས་པ་

ཡིན་གྱི། ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པ་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བའི་ཡེ་ཤེས་དང་། དེའི་རྩལ་དང་རོལ་པ་ལ་ནམ་ཡང་གསུངས་པ་ མིན་པ་ནི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །ཞེས་གསུངས་པས་ཤེས་སོ། །དེ་ལྟ་བུ་བློ་ལ་མ་ཤོང་བར་སྣང་ཚད་ཐམས་ ཅད་དངོས་པོ་དང་མཚན་མར་ལྟ་བའི་ཞེན་པས་བཅིང་དྲགས་ན། ལུང་སྔར་དྲངས་པ་ལྟར། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་ རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །ཞེས་རྡུལ་ཆེ་རུ་མ་སོང་ལ། ཞིང་ཁམས་ཆུང་ངུར་མ་སོང་བར་གསུངས་པའི་ཐེག་པ་ ཆེན་པོའི་སྨོན་ལམ་འདི་དག་ཡིད་ཀྱིས་སྨོན་པ་དང་ངག་ནས་འདོན་ནུས་པ་ལྟ་ཞོག །རྣ་བས་ཐོས་པ་ཙམ་གྱིས་ཀྱང་སྐྲག་པ་སྐྱེ་བའི་ཚིག་སྟེ། ཅིའི་ཕྱིར་ན་འཇིག་རྟེན་ཐ་མལ་པའི་བློ་དང་ཡོངས་ སུ་འགལ་བའི་ཕྱིར་རོ། །དེ་བས་ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །གསུངས་པ་ལ་བློ་ཕྱོགས་ཨེ་ཐུབ་བལྟ་ན་ཁེ་ཆེ་བ་ཡིན་ནོ། །དེ་བས་ན་གྲུབ་ཆེན་ཏེ་ལོ་པས། བུ་སྣང་

བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །ཞེས་འདོམས་པ་ལ་སྤྲོ་བ་བསྐྱེད་དེ་སྣང་བ་གང་ལའང་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་པའི་སྒོ་ནས་རྣམ་པ་ཐམས་ཅད་ མཁྱེན་པའི་གོ་འཕང་ལ་བགྲོད་པར་བྱ་བ་ཁོ་ན་མཆོག་ཏུ་ཟབ་པ་འདྲའོ། །འདིར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་གནས་ལུགས་ཀྱི་རང་ངོ་སྐྱོང་བ་ལ་ཁྲེགས་ཆོད་ཀྱི་གདམས་པ་མེད་དུ་མི་ རུང་བས་གང་བཤད་པ་རྣམས་འབྲེལ་མོད། ཐོད་རྒལ་གྱི་གླེང་སློང་བའི་སྐབས་སུ་མ་བབས་སོ་སྙམ་དུ་བསམ་པར་མི་བྱ་སྟེ། སྤྱིར་འདིར་ཐོད་རྒལ་གྱི་བཤད་པ་བྱེ་བྲག་ཏུ་བྱས་པ་མེད་ལ། འོན་ཀྱང་ཐོད་རྒལ་ཚུལ་བཞིན་ཉམས་སུ་བླང་རུང་མ་བླང་རུང་ཐོད་རྒལ་གྱི་འཆར་གཞི་གནས་ལུགས་གཞི་ཡི་འོད་གསལ་རང་ཆས་སུ་བཞུགས་པ་དང་། ཐོད་རྒལ་ཉམས་སུ་ལེན་པར་སྤྲོ་བ་ རྣམས་ལ་ཀ་དག་སྟོང་པ་ཆེན་པོ་དང་ལྷུན་གྲུབ་རང་བཞིན་འོད་གསལ་བའི་འབྲེལ་བ་བསྒྲུབ་པ་དང་། ཐོད་རྒལ་ཉམས་སུ་ལེན་པར་མི་ལྕོགས་པ་རྣམས་ལའང་གསལ་སྟོང་ཡ་བྲལ་མིན་པར་ རང་བཞིན་བབས་ཀྱིས་ཟུང་འཇུག་ཡིན་པའི་དོན་རྟོགས་ནས་ཉམས་ལེན་ལ་སྤྲོ་བ་བསྐྱེད་པ་དང་གཟེངས་བསྟོད་པའི་སླད་དུ་འཕྲོས་དོན་དུ་སྨྲས་པ་ཡིན་ན་འགལ་བ་གང་ཡང་མེད་ཀྱི་སྟེང་འབྲེལ་

ཆེས་ཆགས་པ་ཡིན་ནོ། །སྟོང་ཟེར་བ་རིག་པའི་ངོ་བོ་དུས་དང་ཕྱོགས་དང་། ཁ་དོག་དང་། དངོས་པོ་དང་། དངོས་མེད་ལ་སོགས་གང་དུའང་མ་གྲུབ། གང་རྫས་སུ་གྲུབ་པ་མེད་པ་ཆད་བདེ་སྡུག་གི་རྒྱུ་རྐྱེན་གཏན་ནས་བྱེད་མི་སྲིད་པས་ཟག་པ་མེད་པའི་ཆོས་ཀྱི་སྐུ་ཡིན། ཆོས་སྐུ་སྟོང་པ་ཆེན་པོ་དེ་ཡང་བར་སྣང་སྟོང་པ་ལྟ་བུ་ཕན་མེད་གནོད་ མེད་ཅི་ཡང་མིན་པའི་ལུང་མ་བསྟན་མིན་ཏེ་སྐུ་དང་ཡེ་ཤེས་ཀྱི་སྣང་ཆའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བའི་གཞིར་གྱུར་པ་ལ་ངོ་བོ་འདི་ལྟ་བུའོ་ཞེས་ངོས་བཟུང་དུ་མེད་པ་སྐྱེ་འགག་ གནས་གསུམ་དང་བྲལ་བའི་དགོངས་པ་ཆེན་པོ་ཅིར་ཡང་མི་དགོངས་པའི་ཐུགས་ཏེ། ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། བྱང་ཆུབ་ཀྱི་སེམས་ལ་རྒྱུ་རྐྱེན་མེད་པས་སྐྱེ་འགག་གི་ངོ་བོ་ཉིད་མེད་ པའོ། །ངོ་བོ་ཉིད་སྐྱེ་འགག་མེད་པ་ལ་རྟོག་པའི་གནས་མེད་པས་ཅིར་མི་དགོངས་ཞེས་གསུངས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དོན་གྱི་བླ་མ་ཞེས་པའི་དོན་ནི། སྤྱིར་ཆོས་གང་ཞིག་ ཡིན་ཀྱང་ཐོས་བསམ་བྱེད་པའི་སྐབས་སུ་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་བཞག་མེད་ན་ཉམས་སུ་ལེན་ཚུལ་མི་ཤེས་པས་བླ་མ་སྐུ་གསུམ་ཡང་གཞི་ལམ་འབྲས་བུ་གསུམ་དུ་དབྱེ་བ་ཡོད་

མོད། འོན་ཀྱང་འདིར་རིག་སྟོང་དོན་གྱི་བླ་མ་ཞེས་གསུངས་པས་གཞི་འབྲས་དབྱེར་མེད་མཉམ་པ་ཆེན་པོའི་བླ་མ་ལ་གོ་དགོས་ཏེ་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཉིད་ཀྱི་ཞལ་ གསུང་མ་བླ་མ་རྒྱང་འབོད་ལས། གསལ་ལ་ངོས་བཟུང་མེད་པའི། །རྟོག་བྲལ་རིག་སྟོང་རྗེན་པ། །འདི་ག་དོན་གྱི་བླ་མ། །ཡེ་ཤེས་རྡོ་རྗེར་ངོ་ཤེས། །ཞེས་གསུངས་པས་སོ། །རང་ཞལ་ བལྟ་ཞེས་གསུངས་པའང་ཡུལ་ཅན་ལས་སྐྱེས་པའི་ཡུལ་གཟུགས་ལ་བལྟ་བ་ལྟ་བུའམ། བྱ་རྒྱུད་དང་སྤྱོད་རྒྱུད་ལ་སོགས་པ་ལ་བདག་ཉིད་དམ་ཚིག་སེམས་དཔའི་མདུན་དུ་ཡེ་ཤེས་སེམས་ དཔའ་བསྒོམ་ཞིང་། དེའི་ཞལ་ལ་བལྟ་ཞིང་དངོས་གྲུབ་བསྒྲུབ་པ་ལྟ་བུ་མི་གོ་བར། བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པའི་རིག་པ་ཐིག་ལེ་ཆེན་པོ་ཡུལ་དང་ཡུལ་ཅན་གྱི་སྤྲོས་པའི་ཟག་པ་ཡོངས་ སུ་ཟད་པ་མི་གཟིགས་པའི་གཟིགས་པ་ཆེན་པོ་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཀྱང་མངོན་དུ་མི་སྣང་བ་ཆོས་དབྱིངས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པའི་གཤིས་ལ་བཞག་པའི་དོན་ཏེ། གསང་ སྙིང་ལས། སྐུ་མདུན་དང་རྒྱབ་མེད་པ། ཞལ་ཕྱོགས་ཀུན་ཏུ་ཐ་ལེ་བར་གཟིགས་པ། ཞེས་གསུངས་པའི་དགོངས་པ་དང་མཐུན་ནོ། །རིག་སྟོང་དོན་གྱི་བླ་མ་ནི་ཡེ་ཤེས་ཀྱི་བླ་མའང་ཡིན་ཏེ།

ཅིའི་ཕྱིར་ན་རྣམ་པར་ཤེས་པས་རྟོག་སྒྲིབ་ཀྱིས་གཏན་ནས་མ་བསླད་པ་འོད་གསལ་འདུས་མ་བྱས་པའི་རང་བཞིན་ཡེ་ནས་གནས་པའི་ཤེས་པ་དམ་པ་སྟེ། དེའི་ངང་ ལ་སྣང་བ་ཅི་ལྟར་འཆར་ཡང་ཐམས་ཅད་ནས་ཐམས་ཅད་དུ་རྩལ་དང་རྒྱན་ལ་རོལ་པར་གྱུར་པས་གང་དུའང་འཆིང་བའི་གཞིར་མ་གྲུབ་པས་ཡེ་གྲོལ། གང་ལྟར་འཆར་ཡང་སྤང་བླང་མ་ དགོས་པས་རང་གྲོལ། མཁྱེན་ཆ་ལྐོག་ཏུ་མ་གྱུར་པར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མངོན་དུ་གྱུར་པས་ཅེར་གྲོལ་ཏེ་ཀུན་མཁྱེན་ཆེན་པོས། ཆོས་ཀུན་བྱང་ཆུབ་སེམས་སུ་ཡེ་གྲོལ་ བས། །མ་གྲོལ་བ་ཡི་ཆོས་ནི་ཡོད་མ་ཡིན། །འཁོར་བ་ཡེ་གྲོལ་གདོད་ནས་དག་པར་གྲོལ། །འདས་པ་ཡེ་གྲོལ་ལྷུན་གྱིས་རྫོགས་པར་གྲོལ། །ཞེས་གསུངས་པ་བཞིན་འཁོར་འདས་གཉིས་ སྣང་གི་སེམས་ཡེ་ནས་ཡོངས་སུ་དག་པས་ཡོངས་གྲོལ་ཏེ་གྲོལ་ལུགས་ཆེན་པོ་བཞིའི་ཐོག་ཏུ་གདིང་གྲོལ་ཐོག་ཏུ་བཅའ་བ་སྟེ་དགའ་རབ་ཀྱི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པའི་ གདམས་པ་ལ་བརྟེན་ནས་ཀུན་བཟང་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་མངའ་དབང་འབྱོར་བར་བྱེད་པ་ནི་སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་སྟེ་དཔལ་སྤྲུལ་རིན་པོ་ཆེས། ཀྱེ་ལགས་སྡེ་སྣོད་

གསུམ་དང་རིམ་དགུའི་ཆོས། །ཕལ་ཆེར་བརྩོན་འགྲུས་ཅན་ལ་དགོངས་པ་སྟེ། །བསྒོམ་དང་སྒྲུབ་དང་རྩོལ་བས་གྲོལ་ལོ་ཞེས། །བསལ་བཞག་བྲལ་བའི་ཡེ་ཤེས་མཐོང་བ་མེད། །རྩོལ་ མེད་བློ་འདས་རྡོ་རྗེ་རྩེ་མོ་འདི། །མ་བསྒོམ་སངས་རྒྱས་རིག་སྟོང་རྗེན་པའི་ཀློང་། །ལེ་ལོ་ཅན་ཡང་ཆོས་སྐུར་དེང་སྤྲོད་དེ། །བསྒོམ་དང་སྒྲུབ་དང་རྩོལ་བློའི་ཞེན་པ་མེད། །ལམ་འདི་སྟོན་ལ་ ལྷར་བཅས་འཇིག་རྟེན་ན། །ཀུན་མཁྱེན་བླ་མ་ཆོས་སྐུ་ཉག་གཅིག་ཡིན། །ཞེས་གསུངས་པས་ཤེས། དེ་ལྟ་བུའི་རྩོལ་མེད་བློ་འདས་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་བྱ་བ་ལ་མཉམ་ བཞག་དང་རྗེས་ཐོབ། ཞི་གནས་དང་ལྷག་མཐོང་ལ་སོགས་པའི་རྣམ་དབྱེ་དང་གོ་རིམ་གྱི་སྤྲོས་པའི་རྒྱ་མི་བསྐྱེད་པར་རིག་སྟོང་ཟུང་འཇུག་ཐིག་ལེ་ཉག་གཅིག་གི་ངང་དུ་ལ་བཟླ་བ་ཁོ་ན་མཆོག་སྟེ། སློབ་དཔོན་འཕགས་པས། མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། ། ཞེས་དང་གཞན་ཡང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས།

རིག་པའི་ངོ་བོ་སྟོང་ཆེན་ཆོས་ཀྱི་དབྱིངས་ནི་དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པར་མཉམ་པར་གནས་པ་ལ་ཀུན་ཏུ་རྟོག་པའི་སྤྲོས་པའི་ཟུག་རྔུ་ལྡང་བ་མ་ཡིན་ པས་རྟག་ཏུ་ཞི་བར་གནས་པས་ཞི་གནས་དང་། སྟོང་ཆེན་ཆོས་ཀྱི་དབྱིངས་ཀྱི་མཁྱེན་ཆ་རིག་གདངས་ལྷག་མཐོང་ཡིན་པའི་ཕྱིར་ན་ཞི་ལྷག་དབྱེར་མེད་སངས་རྒྱས་ཀྱི་དགོངས་པ་ཀློང་ཡངས་ ཆེན་པོ་སྟེ་ཀུན་མཁྱེན་ཆེན་པོས། ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་ བ་ནི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །འདི་བཞིན་ཡེ་འབྱམས་ཀློང་ ཆེན་གཅིག་ཏུ་དྲིལ། །ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །ཅེས་གསུངས། ཀུན་མཁྱེན་ཆེན་པོ་རོང་ཟོམ་པའི་གསུང་ལྟ་ཕྲེང་འགྲེལ་པ་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་ པོའི་རང་བཞིན་ཞེས་སྨོས་པ་ནི། སེམས་ཀྱི་རང་བཞིན་བྱང་ཆུབ་ཡིན་པས་རྡོ་རྗེ་ལྟ་བུ་སྟེ། དེ་བས་ན་ཐམས་ཅད་ནས་ཐམས་ཅད་དུ་སྤང་ཞིང་དོར་བར་བྱ་བའི་ཆོས་མེད་པས་ཀུན་ཏུ་བཟང་པོའོ་

ཞེས་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པ་ལས། རང་སེམས་སོ་སོར་རྟོག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོའང་དེ་ཉིད་དོ། །ཁམས་གསུམ་སེམས་ ཅན་མཆན། འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཕྱི་སྣོད་ཀྱི་མཆན། གསུངས་ཏེ། དེ་ལ་རང་གི་སེམས་སོ་སོར་རྟོག་པ་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བྱ་སྟེ། དེ་ཡང་འདི་སྐད་དུ། སེམས་འཁྲུལ་པའི་དུས་ན་འཁོར་བ། མ་འཁྲུལ་པར་རྟོགས་ན་བྱང་ཆུབ་ཅེས་བཤད་པ་ནི་རྫོགས་པ་ཆེན་པོའི་གཞུང་དུ་ཡང་མི་འགྱུར་ཏེ། དམ་བཅའ་མཆན། ཐེག་པ་ འོག་མ་རྣམས་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ། །འཐད་པ་མཆན། དེ་བས་ན་རྫོགས་པ་ཆེན་པོའི་རང་གཞུང་སྟོན་པའི་སྐབས་མཆན། འདིར་ཆོས་ཐམས་ཅད་སེམས་སུ་སྣང་ཡང་། སྣང་བ་འདི་ཉིད་ སངས་རྒྱས་བྱང་ཆུབ་ཀྱི་རང་བཞིན་ནོ་ཞེས་སྦྱར་ཏེ། དེ་དང་ཚུལ་མཐུན་པ་གཞན་ཡང་གསང་བ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་ སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་གསུངས་ཏེ། དེའི་དོན་ཆོས་ཐམས་ཅད་ནི་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་ནི་མཚན་ཉིད་མེད་པའོ། །ཞེས་སྟོན་པའོ་ཞེས་

གསུངས། རང་རིག་འོད་གསལ་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་བཞག་པའི་སྐབས་སུ་ཉོན་མོངས་རང་མཚན་པ་བཙལ་ཀྱང་མི་རྙེད་པས་ཉོན་མོངས་མི་སྐྱེ་ བའི་གཉེན་པོ་ཙམ་ཡང་བསྟེན་མི་དགོས་ཏེ། འདི་ལྟར་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། རྣམ་པར་གྲོལ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་ གྲོལ་བ་མ་ཡིན་ནམ། སྨྲས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་ལོ་ཞེས་ཟེར་བ་ནི་ང་རྒྱལ་བ་རྣམས་ཀྱིས་ཏེ། གང་ང་མེད་པ་རྣམས་ཀྱིས་ནི་འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་ནོ་ཞེས་གསུངས། འདི་ལྟར་མཉམ་རྗེས་དབྱེར་མེད་ཀྱི་དགོངས་པ་ལ་གནས་པའི་སྐབས་སུ་ཟག་པ་མེད་ པའི་དགེ་བ་ལ་རང་བཞིན་བབས་ཀྱིས་གནས་པས་ཟག་པ་དང་བཅས་པའི་དགེ་རྩ་ལ་རིན་ཐང་ཆེས་ཆེར་བསྐྱེད་དེ་ཁ་ཏོན་བཟླས་བརྗོད་ཕྱག་བསྐོར་ལ་སོགས་རྣམ་པ་རིག་བྱེད་ཀྱི་སྤྲོས་པ་ལ་ ཆགས་ཞེན་མི་བྱེད་པ་གལ་ཆེ་བའི་ཚུལ་ནི། གསང་བ་འདུས་པ་ལས། གལ་ཏེ་བྱང་ཆུབ་མཆོག་འདོད་ན། །གླེགས་བམ་བཀླག་པར་མི་བྱ་ཞིང་། །མཆོད་རྟེན་བསྐོར་བར་མི་བྱ་སྟེ། །བྱས་ན་བྱང་

ཆུབ་ཐོབ་མི་འགྱུར། །ཞེས་དང་། གྲུབ་པའི་དབང་ཕྱུག་མི་ལ་རས་པས། བུ་ཕྱག་རྒྱ་ཆེན་པོ་བསྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་ལ་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། ། ཅེས་དང་། ཆོས་དབྱིངས་མཛོད་ལས། མདོར་ན་སྣང་ཞིང་སྲིད་པའི་ཆོས་རྣམས་དང་། །མི་སྣང་མི་སྲིད་ཆོས་ལས་འདས་སོ་ཅོག །ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས། ། ད་གཟོད་འབད་པས་སུས་ཀྱང་གྲོལ་མི་དགོས། །དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས། །མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད། །མ་ལྟ་མ་ལྟ་ཡིད་ཀྱི་ཆོས་མ་ལྟ། །མ་བསྒོམ་མ་ བསྒོམ་བློ་ཡི་ཆོས་མ་བསྒོམ། །མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད། །མ་བསྒྲུབས་མ་བསྒྲུབས་རེ་དོགས་འབྲས་མ་བསྒྲུབས། །ཞེས་གསུངས་པ་བཞིན་གང་སྣང་ཅི་ཤར་གྱི་ཆོས་ ཐམས་ཅད་རིས་སུ་ཆད་པ་མིན་པར་མཉམ་པ་ཆེན་པོའི་ངང་ལ་གནས་ན་དམ་ཚིག་གི་མཆོག་ཡིན་ཏེ་གསང་སྙིང་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ ན༑ ༑མཉམ་རྫོགས་ཆེན་པོ་འགྲུབ་པར་འགྱུར། །ཞེས་དང་། ས་ལམ་གྱི་རྣམ་པར་བཞག་པའང་མེད་དེ་མདོ་ལས། བླ་ན་མེད་པའི་བྱང་ཆུབ་ནི་གྲངས་སུ་མི་འགྱུར་རོ། །ཞེས་དང་།

རྒྱུད་སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་ དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཞེས་དང་། ཆོས་ཉིད་གཉུག་མའི་དྲན་པ་སྐྱོང་བ་ཁོ་ན་ལས་མཉམ་བཞག་དང་རྗེས་ ཐོབ་དབྱེ་བའང་མེད་དེ་དཔལ་སྤྲུལ་རིན་པོ་ཆེ་ནས། མཉམ་བཞག་རྗེས་ཐོབ་ཐ་དད་མེད། །ཐུན་དང་ཐུན་མཚམས་དབྱེ་བ་མེད། །ཅེས་དང་། རྟོག་ཚོགས་ཇི་ལྟར་ཤར་ཡང་ཡེ་ནས་དག་པའི་ ཡེ་ཤེས་ཀྱི་རང་རྩལ་དུ་ཤར་བ། ཇི་ལྟར་གནས་ཀྱང་ཡེ་གནས་བབས་ཀྱིས་གནས་པའི་ཆོས་ཉིད་ཀྱི་ངང་ལ་གནས་པ། གསར་དུ་གྲོལ་བ་ལྟར་སྣང་ཡང་ཡེ་ནས་བཅིངས་པ་མེད་པའི་ཡེ་གྲོལ་ ཆེན་པོའི་ངང་དུ་གྲོལ་བ་སྟེ་གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །

རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་ མེད་པ་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་སུ་མིང་འདི་བཏགས་པར་ཟད། །འདི་ཉིད་རྟོགས་ནས་བླང་དོར་ཆོས་མེད་པས། །ཐམས་ ཅད་ཆོས་ཉིད་གཅིག་ཏུ་ཕྱམ་གདལ་བ། །གསེར་གླིང་ལྟ་བུ་དབྱེ་བསལ་མེད་པ་ཡིན། །ཞེས་གསུངས་སོ། །འོ་ན་རྫོགས་པ་ཆེན་པོའི་དགོངས་པ་སྐྱོང་བ་ལ་སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་ཇི་ལྟ་ བུའི་ཚུལ་ལ་འཇུག་སྙམ་ན། ལས་དང་པོ་པ་རྣམས་ནས་ལས་རླུང་གི་རྒྱུ་བ་དབུ་མའི་དབྱིངས་སུ་དག་པར་བྱ་བའི་ཕྱིར་ལུས་དྲང་ན་རྩ་དྲང་། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་དྲང་ ཞིང་རིག་པ་དྭངས་སྙིགས་ཕྱེས་ཏེ་བསལ་བཞག་བྲལ་བའི་ཆོས་ཉིད་ཀྱི་དོན་མངོན་དུ་བྱ་བའི་སླད་དུ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་ལྟོ་བ་སྒལ་པའི་ཕྱོགས་སུ་གཏོད་པ། མགྲིན་པ་ཡིད་ཙམ་དགུག་པ། དཔུང་པ་རྒོད་གཤོག་ལྟར་བརྐྱངས་པ། ལྕེ་ཡ་རྐན་ལ་སྦྱར་བ། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཧྲིག་གེར་ལྟ་བ་སྟེ་རྣམ་སྣང་ཆོས་བདུན་ལ་སོགས་ལུས་ཀྱི་

འདུག་སྟངས་དང་། དབུགས་འབྱུང་རྔུབ་དང་བསྟུན་པའི་རྡོ་རྗེའི་བཟླས་པ་བྱ་བ་དང་། སེམས་ཏིང་ངེ་འཛིན་ལ་སྤྲོ་བསྡུ་བྱ་བ་ལ་སོགས་ཐབས་སྣ་ཚོགས་ཡོད་པ་ དེ་དག་བསམ་གཏན་ལ་བོགས་འདོན་པའི་ཆེད་དུ་བསྟེན་པ་གལ་ཆེ་མོད། ཐུན་མིན་རྫོགས་པ་ཆེན་པོའི་དགོངས་པ་རིག་པ་ཐིག་ལེ་ཉག་གཅིག་གི་རང་ཐོག་ཏུ་སྐྱོང་བའི་རྣལ་འབྱོར་པ་ཆེན་པོ་ ཡིན་ན་སྣང་གྲགས་རིགས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཉིད་སྐུ་གསུམ་གྱི་བདག་ཉིད་ཆོས་ཀྱི་དབྱིངས་ལས་ནམ་ཡང་གཡོས་པ་མེད་པས་སྒོ་གསུམ་མ་བཅོས་ལྷུག་ པར་བཞག་པ་ཁོ་ན་ལས་གཞན་པའི་སྤང་བླང་འཛིན་རྩོལ་གང་ཡང་མི་དགོས་ཏེ་སློབ་དཔོན་རིན་པོ་ཆེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གདམས་པའི་གདམས་ངག་མར་གྱི་ཡང་ཞུན་ལས། མོས་གུས་ཅན་མ་ཁྱོད་ཉོན་ཅིག ལུས་གནད་ཟབ་མོ་མང་ཡང་། གང་བདེར་འབོལ་ལེར་ཤིག་གེར་ཞོག དེ་ག་རང་ལ་འདུས་སོ། །ངག་གི་གནད་ནི་རླུང་བསྡམས་པ་དང་། སྔགས་ བཟླས་པ་སོགས་མང་ཡང་། བརྗོད་པ་ཁྲོལ་ལ་ལྐུག་པ་ལྟར་ཞོག དེ་ག་རང་ལ་འདུས་སོ། །སེམས་ཀྱི་གནད་ནི་འཛིན་པ་དང་། གློད་པ་དང་། སྤྲོ་བ་དང་། བསྡུས་པ་དང་། འགུགས་

པ་ལ་སོགས་མང་ཡང་། མ་བཅོས་པར་འབོལ་ལེ་ཤིག་གེར་རང་ལུགས་སུ་འཇོག་པ་དེ་ག་རང་ལ་འདུས་སོ། །ཞེས་དང་། ཀུན་མཁྱེན་ཆེན་པོས། བློ་བདེའི་མལ་ན་ལུས་སེམས་ཁོང་ གློད་དེ། །ཤེས་པ་བག་ཡངས་བྱར་མེད་སྐྱེས་བུ་བཞིན། །སྒྲིམས་གློད་མེད་པར་ལུས་སེམས་གང་བདེར་བཞག །ཇི་ལྟར་འདུག་ཀྱང་རང་གི་ངང་ལ་འདུག །ཇི་ལྟར་གནས་ཀྱང་རང་གི་ ངང་ལ་གནས། །ཇི་ལྟར་འགྲོ་ཡང་རང་གི་ངང་ལ་འགྲོ། །བྱང་ཆུབ་དབྱིངས་ལ་འགྲོ་འོང་ངང་གིས་མེད། །འགྲོ་འོང་མེད་པ་རྒྱལ་བ་རྣམས་ཀྱི་སྐུ། །ཇི་ལྟར་སྨྲས་ཀྱང་རང་གི་ངང་ལ་ སྨྲ། །ཇི་ལྟར་བརྗོད་ཀྱང་རང་གི་ངང་ལ་བརྗོད། །བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་ བསམ། །ཇི་ལྟར་རྟོག་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་ སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པས་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །ཞེས་གསུངས་པས་རྟོགས་སོ། །

མདོ་དོན་སྙིང་པོར་བསྡུ་ན་རྫོགས་པ་ཆེན་པོའི་དོན་གྱི་དགོངས་པ་ཆེ་བ་རྣམ་པ་ལྔའི་ཚུལ་ལ་བློ་བཞག་སྟེ་ཚེ་ལུས་གཅིག་ལ་དཀའ་བ་མེད་པར་གདོད་མའི་མགོན་ པོའི་རྒྱལ་ཐབས་ལ་མངའ་དབང་འབྱོར་བར་བྱེད་པ་སྟེ། དེ་ཡང་ཇི་ལྟར་ན་མངོན་པར་སངས་རྒྱས་པའི་ཆེ་བ་ཞེས་རྒྱུའི་ཐེག་པ་ནས་བསྐལ་པ་མང་པོར་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་དེ་ དུས་ཡུན་རིང་མོ་ཞིག་ནས་འབྲས་བུ་ལྐོག་གྱུར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་དང་མི་འདྲ་བར་རང་གི་རིག་པ་སྐུ་གསུམ་གྱི་བདག་ཉིད་ངོ་རང་ཐོག་ཏུ་འཕྲོད་པའི་ངང་ལ་རང་བབས་ སུ་བཞག་ན་ད་ལྟ་ཉིད་ནས་སངས་རྒྱས་ཡིན་པས་མངོན་པར་སངས་རྒྱས་པའི་ཆེ་བའོ། །འདིས་ལྟ་བ་དམན་པ་ཟིལ་གྱིས་གནོན་པར་གསུངས་སོ། །བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་ བ་ཞེས་དཔལ་ལྡན་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་ སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་རྗེས་སུ་མཐུན་པ་སྲིད་ཞིའི་འཁོར་འདས་ཡོངས་ཀྱི་ཆོས་ཐམས་ཅད་ལ་རང་དབང་ཉིད་དུ་མངའ་དབང་བསྒྱུར་བའོ། །འདིས་ཆད་པར་ལྟ་བ་

ཟིལ་གྱིས་གནོན་པར་གསུངས་སོ། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་ཞེས་རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་ དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་འབྱུང་བ་ལྟར་རྣམ་པར་རྟོག་པ་ཀུན་གྱི་གཞི་ལུང་མ་བསྟན་མེད་ཕན་ཆད་གཟུང་འཛིན་གྱི་སེམས་མི་སྲིད་པས་སྣང་བ་གང་ལའང་ ཆགས་ཐོགས་མེད་པའོ། །འདིས་དངོས་པོར་ལྟ་བ་ཟིལ་གྱིས་གནོན་པར་གསུངས་སོ། །དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་ཞེས་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་སངས་རྒྱས་ཡིན་ པའི་གདིང་ཐོབ་པ་སྟེ་དོ་ཧ་ལས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་གསུངས་པ་དང་དགོངས་པ་མཐུན་ནོ། །འདིས་ཐེ་ཚོམ་ ཟིལ་གྱིས་གནོན་པར་གསུངས་སོ། །ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བ་ཞེས་རང་གི་རིག་པ་ཡེ་ནས་ངོ་བོ་ཡེ་དག་གི་སངས་རྒྱས་ཆོས་སྐུ་ཡིན་པའི་གཤིས་ཀྱིས་དེའི་ རྩལ་ཇི་ལྟ་བུ་འཆར་ཡང་རྟག་ཏུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ལས་མི་འདའ་བས་ན་གློ་བུར་སྒྲིབ་དག་གི་སངས་རྒྱས་ཏེ་དག་པ་གཉིས་ལྡན་གྱི་རང་བཞིན་ལ་བབས་ཀྱིས་གནས་པ་སྟེ་

ཀུན་མཁྱེན་ཆེན་པོས། ཐམས་ཅད་ཀུན་བཟང་ལྷུན་གྲུབ་ཆེན་པོ་ནི། །མ་འཁྲུལ་མི་འཁྲུལ་འཁྲུལ་པར་མི་འགྱུར་བས། །སྲིད་པ་མིང་ཙམ་ཡོད་མེད་མཐའ་ ལས་འདས། །སུ་ཡང་གང་དུ་སྔར་ཡང་མ་འཁྲུལ་ལ། །ད་ལྟ་མི་འཁྲུལ་སླད་ཀྱིས་འཁྲུལ་མི་འགྱུར། །འདི་ནི་སྲིད་གསུམ་ཀ་དག་དགོངས་པའོ། །འཁྲུལ་པ་མེད་པས་མ་འཁྲུལ་ཆོས་སུ་ མེད། །ཡེ་ནས་ལྷུན་གྲུབ་རང་བྱུང་རིག་པ་ཆེ། །མ་གྲོལ་མི་གྲོལ་གྲོལ་བར་མི་འགྱུར་ལ། །འདས་པ་མིང་ཙམ་སུ་ཡང་གྲོལ་མ་མྱོང་། །གྲོལ་བར་མི་འགྱུར་བཅིངས་པ་ཡེ་ནས་མེད། ། མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ། །འདི་ནི་ཡོངས་གྲོལ་ཀ་དག་དགོངས་པའོ། །ཞེས་གསུངས་སོ། །དེའི་ཕྱིར་སངས་རྒྱས་ཞེས་གང་ཟག་རང་རྒྱུད་པ་མི་རྗེ་བཟང་པོ་ལྟ་བུ་ ཞིག་ཡུལ་ཁམས་གཞན་ཞིག་ནས་ད་གཟོད་ཐོབ་པར་བྱ་བ་གཏན་ནས་ཡོད་པ་མ་ཡིན་པས་ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བའོ། །འདིས་རྩོལ་སྒྲུབ་ཟིལ་གྱིས་གནོན་ པར་གསུངས་སོ། །དེ་ལ་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། ཆེ་བ་ཞེས་བྱ་བ་ནི་ཆུང་ངུ་རྣམས་ཟིལ་གྱིས་གནོན་པས་ཆེན་པོ་ཞེས་བྱ། དེ་ཡང་ལན་གཅིག་གི་ཚེ་ཐེག་པ་འོག་མའི་བློ་མཚན་

མའི་དྲི་མ་དང་བཅས་པ་རྣམས་བློ་ཡངས་ཤིང་རྒྱ་ཆེ་བ་འདིས་ཟིལ་གྱིས་གནོན་པར་བྱེད་པས་ཆེན་པོ་ཞེས་བྱ་སྟེ། ངོ་བོ་ཉིད་དུ་ཆེ་བ་དང་ཆུང་བའི་བློ་ཡོད་ན་དེ་ཉིད་ཆེན་པོར་མི་རུང་སྟེ། ཆེ་ཆུང་གི་དམིགས་པ་དང་བྲལ་བ་ཉིད་ཡིན་ནོ་ཞེས་གསུངས། མདོར་ཧྲིལ་གྱིས་དྲིལ་ན། ཀུན་ཏུ་བཟང་པོའི་དགོངས་ཉམས་རྡོ་རྗེའི་ཚིག་ལས། ཀྱེ་ཧོཿ ང་ཡི་རང་བཞིན་རྫོགས་པ་ཆེན་ པོ་ལཿ འཁོར་འདས་ཆོས་རྣམས་སྤངས་ཐོབ་བྲལ་བར་རྫོགསཿ མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགསཿ ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགསཿ སྒོམ་པའི་ལས་ རྣམས་འབད་རྩོལ་མེད་པར་རྫོགསཿ སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགསཿ འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགསཿ རྫོགས་ཞེས་བྱ་བའང་བློས་བཏགས་ཙམ་དུ་ ཟདཿ ཆོས་རྣམས་ཀུན་གྱི་ངོ་བོ་བྱང་ཆུབ་སེམསཿ སངས་རྒྱས་ཀུན་གྱི་ཐུགས་ཀྱང་བྱང་ཆུབ་སེམསཿ སེམས་ཅན་ཀུན་གྱི་སྲོག་ཀྱང་བྱང་ཆུབ་སེམསཿ བྱང་ཆུབ་སེམས་ལ་ཀུན་རྫོབ་ དོན་དམ་མེདཿ མེད་ཅེས་སྨྲ་ནས་སྟོང་པར་རྒྱས་མི་གདབཿ ཡོད་ཅེས་བཟུང་ནས་རྟག་པར་བློས་མི་འཆོསཿ མ་བཟུང་མ་བཏང་རང་གར་བློ་འདས་དབྱིངསཿ བསམ་ཡུལ་སྤྲོས་པ་

།ཀུན་དང་བྲལ་བའི་ཀློང་༔ ང་ལ་བཅོས་མའི་རྣམ་རྟོག་མེད་པའི་ཕྱིར༔ དགེ་སྡིག་ལས་དང་འབྲས་བུ་གཏན་ནས་ཟད༔ ལྷ་སྔགས་ཏིང་ངེ་འཛིན་གྱིས་ཅི་ཞིག་ བྱ༔ བསྒྲུབས་པས་འགྲུབ་པའི་སངས་རྒྱས་ང་མ་ཡིན༔ ང་ཡི་རང་བཞིན་ཀུན་ཁྱབ་ཆེན་པོ་ལ༔ ས་ལམ་བགྲོད་པས་མཐོང་བ་ག་ལ་སྲིད༔ དེ་ཕྱིར་རེ་དོགས་འཇུར་བུས་མི་འཆིང་ བར༔ ལྟ་བ་བཟང་པོའི་ངར་དང་ཕྲོལ་ལ་ཞོག༔ སྒོམ་པ་བཟང་པོའི་ཤུབས་ནས་ཐོན་ལ་ཞོག༔ སྤྱོད་པ་འཇུར་བུའི་ཚུལ་འཆོས་ཤིག་ལ་ཞོག༔ འབྲས་བུ་ཆེན་པོའི་རེ་དོགས་བསྐྱུར་ལ་ ཞོག༔ བསྒོམ་དང་མི་བསྒོམ་ལས་འདས་དྲན་པའི་ངང་༔ བྱ་དང་མི་བྱའི་རྩིས་གདབ་དབྱིངས་སུ་ཡལ༔ སྟོང་དང་མི་སྟོང་ལས་འདས་བྱང་ཆུབ་སེམས༔ ཡོད་དང་མེད་པའི་ཕྱོགས་ ཞིགས་གཉུག་མའི་ཀློང་༔ སྨྲ་བསམ་བརྗོད་དུ་མེད་པའི་རིག་པ་ལ༔ དེར་འཛིན་གཉེན་པོ་མེད་པའི་སྲོག་ཤིང་ཅན༔ གཅེར་བུ་ལྷིང་བ་རང་གྲོལ་སོ་མའི་གཤིས༔ འབད་རྩོལ་སྤྲོས་པ་ ཀུན་དང་བྲལ་བའི་ཀློང་༔ དུས་གསུམ་འཕེལ་གྲིབ་མེད་པའི་ངང་ལ་གནས༔ ཞེས་གསུངས་པའི་ཐོག་ཏུ་ལ་ཟླ་བར་བྱ་བ་ཁོ་ནའོ།། །།དྲུག་པ་འཕོ་བ། སྤྱིར་འཕོ་བ་ཞེས་པའི་གོ་

དོན་ནི། གནས་གཅིག་ཏུ་མི་ཆགས་པར་གཞན་དང་གཞན་དུ་འཕོ་བ་སྟེ། དེ་ཡང་སྐྱེ་འགག་གནས་གསུམ་གྱི་ཆོས་ལས་འདས་པ་ཟག་མེད་འདུས་མ་བྱས་པའི་སངས་རྒྱས་སྐུ་གསུམ་གྱི་ དགོངས་པ་ལ་རང་དབང་མ་ཐོབ་པའི་གཟུང་འཛིན་སེམས་ཀྱི་འཁྲུལ་སྣང་གི་བག་ཆགས་ཕྱོགས་དང་གནས་དང་དུས་ཀྱིས་བསྡུས་པ། སྐྱེ་བ་དང་འགག་པ་དང་གནས་པ་གསུམ་གྱི་ཆོས་ལ་ བརྟེན་པའི་སེམས་ཅན་རྣམས་ཀྱི་སྣང་བ་ལ་བྱུང་བ་སྟེ་རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་ལས། སེམས་ལ་དུས་གསུམ་ཡོད་པའི་ཕྱིར། །ཚེ་ལ་སྔ་ཕྱི་ད་ལྟ་བྱུང་། །སེམས་ལ་འཕོ་འགྱུར་ ཡོད་པའི་ཕྱིར། །དེ་ཕྱིར་ལུས་ལ་སྐྱེ་འཆི་འབྱུང་། །ན་ཚ་བདེ་སྡུག་ལ་སོགས་པ། །རང་སེམས་ཡིན་ཕྱིར་འཁོར་བར་སྨིན། །ཞེས་གསུངས། དེའི་ཕྱིར་ན་སྐྱེ་མེད་ཆོས་སྐུའི་དགོངས་པ། འགགས་མེད་ལོངས་སྐུའི་དགོངས་པ། གནས་མེད་སྤྲུལ་སྐུའི་དགོངས་པ་སྟེ་རང་གི་རིག་པ་རྟག་ཆད་ཀྱི་མཐའ་ལས་འདས་པ་དུས་གསུམ་ཀུན་ཏུ་འཕོ་འགྱུར་དང་བྲལ་བའི་གཉུག་མ་གཤིས་ ཀྱི་གནས་ལུགས་ཡང་དག་པ་གང་ཡིན་པའི་དོན་རྟོགས་ནས་དེ་གའི་ངང་ལ་གདིང་ཐོབ་ན་སྣང་ཚུལ་ཐམས་ཅད་སྐུ་དང་ཞིང་ཁམས་རྟག་པ་དམ་པ་འབའ་ཞིག་ཏུ་འཆར་བས་གནས་དང་ཕྱོགས་

དང་དུས་ཀྱིས་བསྡུས་པའི་ཆོས་དངོས་མཚན་ཟག་པ་དང་བཅས་པ་གང་གི་ཕྱོགས་སུའང་མ་ལྷུང་བས་འཕོ་བྱ་འཕོ་བྱེད་འཕོ་ཡུལ་ཅིར་ཡང་མ་གྲུབ་སྟེ་ཟླ་བ་དྲི་མ་ མེད་པའི་མདོ་ལས། ཆོས་འདི་རྣམས་ནི་ནམ་མཁའ་ལྟ་བུ་སྟེ། །གང་ཡང་མི་སྐྱེ་སུ་ཡང་མི་འཆི་སྟེ། །སྲིད་པ་གཞན་དུ་འཕོ་བ་འགའ་མེད་ཀྱང་། །འགྲོ་བ་སྐྱེ་ཞིང་འཆི་བར་སྣང་བ་ནི། ། རྨི་ལམ་འདྲ་ཞིང་ངོ་བོ་ཉིད་ཀྱིས་སྟོང་། །བྱིས་པ་བདག་ཏུ་འཛིན་པས་རྨོངས་པ་ཡིན། །ཅེས་དང་། ཡུམ་ལས། གཟུགས་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་དེ། གཟུགས་རྣམ་ པར་དག་པའི་ཕྱིར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་འཕོ་བ་མེད་ཅིང་། ཉིང་མཚམས་སྦྱོར་བ་མེད་དེ་རྣམ་པར་དག་པའི་ཕྱིར་རོ། ། ཞེས་དང་། རྒྱུད་ལས། གདོད་ནས་སྐྱེ་བ་མེད་པ་ཡི། །རིག་གདངས་འོད་གསལ་ཆེན་པོ་ལ། །འདུས་བྱས་སྐྱེ་འགག་སྐད་ཅིག་མའི། །རྒྱུན་མེད་དུས་གསུམ་མཉམ་པ་ཉིད། །རྟོག་མེད་ སྤྲོས་མཚན་གང་ཡང་མེད། །དེ་ལྟར་དུས་གསུམ་ཀུན་ཏུ་ཡང་། །དེ་ལས་འཕོ་འགྱུར་ཡོད་མིན་པས། །ནམ་མཁའ་བཞིན་དུ་ཡེ་གནས་པའི། །གཉུག་མའི་སེམས་སུ་ཐ་སྙད་གདགས། །

ཞེས་དང་། ཀུན་མཁྱེན་ཆེན་པོས། སེམས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མཁའ་ལྟར་དག་པས་སྐྱེ་ཤི་བདེ་སྡུག་མེད། །ཅེས་དང་། རིག་འཛིན་གྱི་རྒྱལ་པོ་འཇིགས་བྲལ་ཡེ་ ཤེས་རྡོ་རྗེའི་གསུང་འདུན་མ་བཟང་པོའི་གླུ་བྲོ་གཉུག་མའི་རོལ་རྩེད་ལས། ཨ་ཧོ་ཡེ། གནས་བདེ་བ་ཅན་གྱི་ཞིང་ཁམས་ན། །ཆོས་སྐུའི་བླ་མ་འོད་དཔག་མེད་པ་བཞུགས། །བདག་གསོལ་ འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་དབང་མཆོག་སྐུར། །སྟོང་གསལ་མཐའ་དབུས་དང་བྲལ་བའི་རིག་པ་འདི། །རྗེ་ཁྱོད་ཀྱི་དགོངས་པ་མ་ལགས་སམ། །ཡེ་ནས་འཕོ་ འགྱུར་བྲལ་བའི་གནས་ལུགས་འདི། །འོད་མི་འགྱུར་བ་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །འོད་དཔག་ མེད་པ་སྟོར་ནས་ཐལ། །བདེ་ཆེན་ཞིང་ཁམས་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་པར་ཡ་ལ་ལ། །ཉམས་གང་ཤར་ཆོས་སྐུའི་ཡོ་ལང་ ལ༑ ༑ཞིང་ཁམས་སུ་འཛིན་པ་བསླུ་བའི་ཆོས། །སངས་རྒྱས་སུ་བཏགས་པ་ཞེན་པའི་འཕྲང་། །སྣང་མཐའ་ཕྱི་ན་མི་གདའ་ནང་དུ་ལྟོས། །ཆོས་སྐུ་རང་ལས་རྙེད་པ་འདི་ཨ་ལ་ལ། །

བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། །ཞེས་པའི་དོན། རིག་སྟོང་དོན་གྱི་བླ་མའི་རང་ཞལ་བལྟ༔ ཞེས་གསུངས་པའི་ཐོག་ཏུ་གདིང་ཐོབ་ན་ལས་རླུང་གི་རྒྱུ་བ་ ཡོངས་སུ་ཟད་པ་སྟེ་རྒྱུད་ལས། དབུགས་དང་བྲལ་བའི་སངས་རྒྱས་ཞེས་འཆི་མེད་གཉུག་མའི་ཡེ་ཤེས་ཀྱི་ཚེ་ལ་མངའ་དབང་འབྱོར་བས་གང་དུའང་འཕོ་བ་མེད་དོ། །གང་ལྟར་ཡང་ལམ་ རིམ་གྱིས་པའི་གང་ཟག་གི་དབང་དུ་བྱས་ན། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ ཞེས་ཚིག་རྐང་གཉིས་ཀྱི་དོན་ནི། སྔར་སྐྱབས་སེམས། མཎྜལ། བླ་མའི་རྣལ་འབྱོར་སོགས་ཀྱི་སྐབས་ན་སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་གོ་དོན་མདོ་ཙམ་བཤད་པའི་སྐབས་སུ་སྨོས་པ་བཞིན་རྒྱལ་ཀུན་སྤྱི་གཟུགས་སྤྲུལ་ པའི་གཟུགས་སུ་སྣང་བ་ཨོ་རྒྱན་ཆེན་པོ་ཡིན་ཅིང་། ཨོ་རྒྱན་ཆེན་པོའི་སྤྲུལ་གཞི་སྣང་བ་མཐའ་ཡས་སམ། མགོན་པོ་འོད་དཔག་མེད་ཡིན། དེའི་ཕྱིར་དེ་ལ་ཆགས་མེད་བདེ་སྨོན་རྒྱས་ བསྡུས་སོགས་སུ་གསལ་བ་ལྟར་བདེ་ཆེན་ཞིང་གི་བཀོད་པ་མངོན་སུམ་ལྷམ་མེར་ཡིད་ལ་གསལ་ཞིང་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པ་ལ་ཡིད་ཕྱུང་ནས་

བདེ་བ་ཅན་གྱི་ཞིང་ཁམས་སུ་འཕོ་བའི་འདུན་པ་དང་བཅས་གསོལ་བ་འདེབས་པ་སྟེ། སྨོན་ལམ་ལས། ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་ སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། ། དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། ། མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་ འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱིར་ལྟས་མེད་པར་འབྲོས་པར་ཤོག །ཅེས་འབྱུང་བ་ལྟར་གྱི་དོན་དྲན་ཏེ་འཕོ་བའི་འདུན་པ་ བྱ། དེ་ཡང་ཟངས་མདོག་དཔལ་རི་ནི་སྐུ་གསུམ་ཞིང་ཁམས་ཡོངས་སུ་རྫོགས་པ་ཚང་བ་སྟེ། དཔེར་ན་དབུ་རྩེ་ཆོས་སྐུ་འོད་དཔག་མེད་ཀྱི་ཞིང་གི་ཕོ་བྲང་། བར་ཁང་ན་ལོངས་སྐུ་ཐུགས་རྗེ་

ཆེན་པོ། འོག་ཁང་ན་པདམ་འབྱུང་གནས་ཏེ། ཨོ་རྒྱན་ཆེན་པོ་གཙོ་འཁོར་དང་བཅས་པ་གསལ་བཏབ་སྟེ་དེར་བགྲོད་པའི་སྨོན་ལམ་ཡང་ཡང་བཏབ་སྟེ་ཟབ་ལམ་ འཕོ་བ་འབྱོངས་པར་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས་པ་ཡིན། སྤྱིར་འཕོ་བ་ལ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ནི། དཔེར་ན་སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ་ ལས། གསལ་ལ་མ་འགགས་སྟོན་གྱི་ནམ་མཁའ་བཞིན། །སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས། །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ ལ༑ ༑ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་། །སྐད་ཅིག་ཉིད་ལ་ བཙན་ས་ཟིན་པར་ཤོག །ཅེས་གསུངས་པ་དང་རྗེས་སུ་མཐུན་པར་དབུགས་ཆད་མ་ཐག་ཀ་དག་ཆོས་སྐུའི་ངང་ལ་བཙན་ས་ཟིན་པར་བྱེད་པའོ། །དེ་ཡང་ཐ་མལ་གྱི་ཤེས་པ་ཟེར་བ་ལའང་ བཤད་རྒྱུ་མང་ཡང་དོན་རྣམ་པ་གསུམ་དུ་འདུ་སྟེ། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་ནི་གཟུང་འཛིན་སེམས་ཀྱིས་མ་བཏང་བའི་འཁྲུལ་པ་རང་མཚན་པ་འཁོར་བར་འཕྱན་པར་བྱེད་པའི་སེམས་

ཅན་ཐ་མལ་པའི་ཤེས་པ་དག་བྱ་ཁོ་ན་ཡིན། ཉམས་ཀྱི་ཐ་མལ་གྱི་ཤེས་པ་ནི་ལམ་ཉམས་སུ་ལེན་མཁན་རྣལ་འབྱོར་པ་རྣམས་ལ་འབྱུང་སྟེ། དཔེར་ན་རྣམ་རྟོག་གང་ཤར་དྲན་པས་རྩིས་ཟིན་མ་ ཐག་དྲན་རྟོག་གཉིས་ཀ་ཡུལ་མེད་རང་གསལ་དུ་དག་པ་ལ་ཉམས་ཀྱི་ཐ་མལ་གྱི་ཤེས་པ་ཟེར། རྟོགས་པའི་ཐ་མལ་གྱི་ཤེས་པ་ནི། སྔར་དྲངས་པ་ལྟར་མདའ་སྣུན་ཞབས་ཀྱིས། རྟོགས་པར་ གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་གསུངས་པ་ལྟར་སེམས་ཉིད་གནས་ལུགས་ཀྱི་ངོ་བོ་ཡེ་ནས་རྣམ་པར་དག་པ་བྱ་རྩོལ་ལས་འདས་པའི་ དགོངས་པ་ལ་བཅོས་བསྒྱུར་སྤང་བླང་གང་ཡང་བྱར་མེད་པས་དེ་ལྟ་བུའི་ཤེས་པ་ནི་འཁྲུལ་མི་ཤེས་པའི་ཡེ་ཤེས་ཁོ་ན་ཡིན་པས་དྲན་པས་ཆེད་འཛིན་མ་དགོས་གཤིས་རྟོགས་པའི་ཐ་མལ་གྱི་ ཤེས་པ་ཞེས་བྱ་སྟེ་དོན་དུ་གཉེར་བྱ་ཁོ་ནའོ། །བསྐྱེད་རྫོགས་ལ་བརྟན་པ་ཐོབ་པ་རྣམས་འཆི་བའི་ཚེ་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་གྱིས་གཙོས་པའི་ཞི་ཁྲོའི་ལྷ་ཚོགས་ཀྱི་སྣང་བ་འཆར་བ་ ན་ཇི་སྐད་དུ་ཞལ་གདམས་མར་གྱི་ཡང་ཞུན་ལས། འཇའ་འོད་ཀྱི་སྣང་བ་ཐམས་ཅད་རང་གི་རིག་པའི་རང་གདངས་ཡིན་ནོ༔ ཞི་ཁྲོའི་སྐུ་ཤར་བ་ཐམས་ཅད་རང་གི་རིག་པའི་རང་གཟུགས་

ཡིན་ནོ༔ སྒྲ་ཐམས་ཅད་རང་སྒྲ་ཡིན་ནོ༔ འོད་ཐམས་ཅད་རང་འོད་ཡིན་ནོ༔ དེ་ལ་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་ཅིག༔ ཐེ་ཚོམ་བྱུང་ན་འཁོར་བར་སྐྱུར་ རོ༔ རང་སྣང་དུ་ཐག་ཆོད་ནས་གསལ་སྟོང་དུ་ཧྲིག་གེར་འདུག་ན་དེ་ཁ་རང་ལ་སྐུ་གསུམ་ཐོབ་ནས་སངས་རྒྱའོ༔ འཁོར་བར་སྐྱུར་ཀྱང་མི་འགྲོའོ༔ ཞེས་གསུངས་པ་ལྟར་རང་སྣང་དུ་ངོ་ ཤེས་ཏེ་གྲོལ་བ་འབྲིང་ལོངས་སྐུ་འོད་གསལ་ཟུང་འཇུག་གི་འཕོ་བ། སྨིན་གྲོལ་གྱི་བྱིན་རླབས་དང་བླ་མའི་མན་ངག་ལ་བརྟེན་ནས་སྲིད་པ་བར་དོའི་སྣང་བ་ལ་ཁ་མི་འཁྱལ་བར་ཞིང་ཁམས་ ཡིད་ལ་བྱེད་ཅིང་དེར་འཕོ་བ་ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེས་འཕོ་བ། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། རྣམ་ཤེས་ལ་མགྲོན་པོའི་འདུ་ཤེས། ཞིང་ཁམས་ལ་གནས་ཁང་གི་འདུ་ཤེས་ཏེ་ཐ་ མལ་སོ་སོ་སྐྱེ་བོའི་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། འཕོ་བ་འདེབས་པ་པོ་རྟོགས་པ་མཆོག་དང་ལྡན་པ་བར་དོར་འཁྱམས་པའི་སེམས་ཅན་ཤེས་རྒྱུད་མཁྱེན་པ་རྣམས་ནས་སེམས་ཅན་གང་ ཞིག་བར་དོར་འཁྱམས་པ་འདྲེན་པར་མཛད་པ་གཤིན་པོ་རྗེས་འཛིན་ཐུགས་རྗེས་ལྕགས་ཀྱུའི་འཕོ་བ་དང་ལྔའོ། །གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་འདི་ཉིད། དྲི་མེད་བཤགས་

རྒྱུད་ལས། འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཞེས་གསུངས་པ་དང་དོན་གཅིག དེ་ཡང་ཕྱི་མ་འདི་ཉིད་སེམས་ཅན་ཐ་མལ་པ་རྣམས་ལས། ས་ལམ་མཐོན་པོར་གནས་པའི་གང་ ཟག་རྣམས་ལ་རྟོགས་དགོངས་གང་ཡང་མི་ལྡན་པའི་སེར་མོ་བ་རྣམས་ནས་འདེབས་སུ་མི་རུང་ཞིང་། ཁྱད་པར་སློབ་མ་བཟང་བཟང་གྲུབ་གྲུབ་ཇི་ལྟར་ཡིན་ཀྱང་རང་གི་རྩ་བའི་བླ་མ་ལ་འཕོ་བ་ གཏན་ནས་འདེབས་སུ་མི་རུང་བ་མ་ཟད། བདུན་ཚིག་དང་། ཞེ་དགུ་བསྲུང་བ་སོགས་ཀྱང་མི་རུང་། ཅིའི་ཕྱིར་ན་དུས་དང་རྣམ་པ་ཀུན་ནས་རང་གི་རྩ་བའི་བླ་མ་ནི་སངས་རྒྱས་དངོས་སམ། རྡོ་རྗེ་འཆང་དང་གཉིས་སུ་མེད་པར་བལྟ་དགོས་པར་མདོ་རྒྱུད་ཀུན་ནས་གསུངས་པ་ཤེས་གསལ་ལྟར་ལགས་ན། བླ་མ་ཞལ་བཞུགས་པའི་དུས་སུ་འདྲེན་པའི་ལམ་མཁན་གྱི་མཆོག་ཏུ་བལྟ་ ཞིང་གུས་པ་ཆེན་པོས་བཀུར་བ་དང་། བླ་མ་འདས་པའི་རྗེས་སུ་རང་ཉིད་བླ་མའི་གོ་ས་ལ་ཡར་ཞུགས། བླ་མ་བར་དོར་འཁྱམས་པའི་སེམས་ཅན་ལ་མར་ཕབས་ཏེ་སྦྱང་ཆོག་དང་འབྲེལ་བའི་ བདུན་ཚིག་བསྲུང་ཞིང་སྐུ་ཚིགས་བསྲུང་བ་ཡིན་སོགས་ཞེ་ས་སྙན་པར་སྦྱར་བར་བྱེད་པ་སྐད་ནི་འོས་སུ་མ་གྱུར་པ་མུན་སྤྲུལ་ཡིན་པས་ཕྱི་རབས་ཤེས་ལྡན་རྣམས་ནས་དེ་དག་གི་རྗེས་སུ་སྤྱི་

བརྟོལ་དུ་མི་འབྲང་བར་ཞུ། གལ་སྲིད་སྔོན་བྱུང་ལོ་རྒྱུས་འགའ་ལས། བླ་མས་འབྲེལ་ཐོགས་ཀྱི་བསྔོ་རྟེན་ལ་བསྔོ་སྨོན་མིང་བྱང་མ་མཛད་པར་ལུས་འདུག་པ་དེ་ དག་གི་ཆེད་དུ་གདུང་ཆོག་དང་ཆབས་ཅིག་གནས་འདྲེན་སྦྱང་ཆོག་བྱེད་སྲོལ་ཡོད་པར་གསུངས་པ་རྣམས་དགོངས་གཞི་ཕྱི་རབས་ཀྱི་སེར་མོ་བ་རྣམས་ནས་རྟོགས་དགོངས་དང་མི་ལྡན་བཞིན་དུ་ གཤིན་རྗེས་ལ་རྔམས་པ་འགོག་པའི་ཆེད་ཡིན་ཤས་ཆེ། དེ་ལས་གཞན་ལུང་རིགས་དང་མཐུན་པའི་སྒྲུབ་བྱེད་ཡང་དག་པ་མི་རྙེད་དོ། །འཕོ་བ་སྦྱོང་བའི་དུས་ནི་ད་ལྟ་རང་ཉིད་ནས་བླ་མ་ལས་ འཕོ་འཁྲིད་རྒྱས་བསྡུས་གང་རུང་ཞུས་ཏེ་རྟགས་ཐོན་བར་དུ་སྦྱོང་བ་ཡིན། རྟགས་ཐོན་ནས་མཚམས་འཇོག་པ་ལས་སྦྱང་མི་རུང་སྟེ། རྒྱུད་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ ལྷ་རྣམས་གསོད་པར་འགྱུར། །ཞེས་གསུངས། གང་ལྟར་གཞན་ལ་འཕོ་བ་འདེབས་མཁན་བླ་མ་ནི། རབ་གནས་ལུགས་ཀྱི་བདེན་པ་གཟིགས་པ། ཐ་ནའང་བསྐྱེད་རྫོགས་ལ་གོམས་ འདྲིས་ཡོད་པ་ཞིག་ངེས་པར་དགོས་པར་གསུངས། ལས་ལ་སྦྱར་བའི་དུས་ནི་དངོས་སམ། རྨི་ལམ་གང་རུང་ལ་འཆི་ལྟས་བྱུང་ཞིང་། སྨན་བཅོས་རིམ་གྲོ་ཇི་ལྟར་བྱས་ཀྱང་མི་ཕན་ངེས་

པའི་ཚེ་ཡིན། དེའི་ཚེ་ན་སྔར་འཕོ་བ་སྦྱངས་པའི་དུས་ལྟར་རང་གི་རྣམ་ཤེས་འོད་ཀྱི་གོང་བུ་ཧིཀ་སྒྲ་དང་བཅས་ཏེ་རིགས་བདག་གི་ཐུགས་ཀར་ཡར་སྤར་མར་འབེབས་སོགས་མི་བྱེད་པར། འབྱུང་བཞིའི་ནུས་པ་ཟད་པའི་ཐིམ་རིམ་དང་། དབང་པོ་ལྔའི་ནུས་པ་ཉམས་པ། སྣང་མཆེད་ཐོབ་གསུམ་ལ་སོགས་ཐིམ་རིམ་འགོ་ཚུགས་པ་ནས་བཟུང་བླ་མ་འོད་དཔག་མེད་དམ་ཨོ་རྒྱན་ ཆེན་པོ་རང་གི་སྤྱི་བོའི་ཐད་ཀྱི་ནམ་མཁའ་ལ་མངོན་སུམ་བཞུགས་པར་མོས་ཏེ་རྣམ་ཤེས་འོད་ཀྱི་གོང་བུ་རིགས་བདག་གི་ཐུགས་ཀར་ཡར་སྤར་ཞིང་ཐིམ་པ་ཁོ་ན་ལ་དམིགས་པ་རྩེ་གཅིག་ཏུ་བྱས་ པས་དབུགས་ཆད་མ་ཐག་ཞིང་ཁམས་སུ་དབུགས་ཆེན་འབྱིན་པར་ཐེ་ཚོམ་མེད་དོ། །སྤྱིར་ལས་ལ་སྦྱར་སྐབས་དར་ལ་བབས་པའི་དུས་སུ་རྩ་རླུང་ཐིག་ལེ་ལ་སོགས་འདུ་བ་མ་ཉམས་པས་དངོས་ སུ་འཕོ་བ་ཅུང་ཟད་དཀའ་བ་དང་། ཡུན་རིང་ནད་ཀྱིས་མནར་ཞིང་འབྱུང་བཞིའི་ནུས་པ་ཟད་དེ་འཆི་བའི་དུས་ལ་བབས་པའི་རིགས་སམ་ཤིན་ཏུ་རྒས་ཤིང་འཁོགས་པའི་དུས་ན་འབྱུང་ཁམས་ ཀྱི་ནུས་པ་ཤིན་ཏུ་ཉམས་པས་འཕོ་སླ་བ་དཔེར་ན་ཤིང་ཏོག་དང་། འབྲས་བུ་སོགས་དབྱར་ཀ་དར་ལ་བབས་པའི་དུས་ན་བཏུ་དཀའ་ལ། སྟོན་ཀ་སྨིན་ནས་ལྷུང་ལ་ཉེ་བའི་ཚེ་གོས་འདབ་ཙམ་

རེག་ཀྱང་ལྷུང་སླ་བ་དང་འདྲ་བ་ལས་སླ་བར་གསུངས། སྔར་སྨོས་པ་ལྟར་ལས་ལ་སྦྱར་ངེས་པའི་དུས་ལ་མ་སླེབ་བར་དུ་འཕོ་བ་ལ་གདིང་ཐོབ་ཀྱང་མི་འཕོ་བར་ ཞིང་ཁམས་ཡང་ཡང་ཡིད་ལ་བྱེད་པ་ཙམ་གྱིས་ཆོག །གཙོ་བོ་ཚེ་དང་སྒྲུབ་པ་མཐར་ཕྱིན་པ་ནས་བསྟན་འགྲོའི་སྲི་ཞུ་བསྒྲུབ་པའི་སླད་དུ་དམིགས་ཏེ་ཨོ་རྒྱན་ཆེན་པོ་ལ་བརྟེན་ནས་ཚེ་སྒྲུབ་རྒྱུན་ ཆགས་སུ་བྱེད་པ་གལ་ཆེ། དེ་ཡང་རྡོ་རྗེ་གཞོན་ནུ་ཚེའི་ལུང་ལས། ཚེ་ནི་རྣམ་པ་གསུམ་ཡིན་ཏེ། །འཕོ་ཞིང་གཡོ་བ་ཐིག་ལེའི་ཚེ། །འགྲོ་དང་འོང་བ་རླུང་གི་ཚེ། །གཞོམ་ཞིག་བྲལ་བ་ གཉུག་མའི་ཚེ། །ཞེས་འབྱུང་བ་བཞིན་འཕོ་ཞིང་གཡོ་བའམ་འབྱུང་བཞི་དར་རྒུད་ཀྱི་རྟེན་བྱེད་པ་ཀུན་རྫོབ་རྒྱུའི་ཐིག་ལེ་ཡིན་པས་དེ་མ་ཉམས་པར་བྱས་ན་ལུས་ཀྱི་འབྱུང་བའི་ཁམས་དྭངས་ཤིང་ རྒྱས་པ་དང་དྲན་པ་མ་ཉམས་པ་ལ་ཕན། སྐུ་དང་ཡེ་ཤེས་ཀྱི་རྟེན་བྱེད་པ་དོན་དམ་གྱི་ཐིག་ལེ་ཡིན་པས་དེ་གའི་རང་ངོ་སྐྱོང་དགོས། འགྲོ་དང་འོང་བ་རླུང་གི་ཚེ་ནི་ནང་གི་འབྱུང་བ་ལྔའི་རླུང་ ཡིན། དེ་དག་དག་པའི་ཚེ་ན་ཡེ་ཤེས་ལྔའི་རླུང་ཡིན། རགས་པ་ཀུན་རྫོབ་རྒྱུའི་ཐིག་ལེ་དང་ཕྲ་བ་དོན་དམ་གྱི་ཐིག་ལེ་གཉིས་མེད་གཅིག་ཏུ་དག་ཅིང་། རགས་པའི་ལས་རླུང་ཕྲ་བ་ཡེ་ཤེས་ཀྱི་

རླུང་དུ་དག་པའི་ཚེ་ན་གཞོམ་ཞིག་དང་བྲལ་བ་ཨོ་རྒྱན་ཆེན་པོ་ལ་སོགས་པ་བཞིན་གཉུག་མའི་ཚེ་ལྷའི་ངོ་བོར་གྱུར་པའོ།། །།བདུན་པ་ལུས་སྦྱིན་དང་བསྔོ་སྨོན་ནི། ད་ནི་ལུས་དང་ ལོངས་སྤྱོད་དགེ་རྩར་བཅས༔ མ་གྱུར་འགྲོ་ལ་ཕངས་པ་མེད་པར་བཏང་༔ འགྲོ་དོན་རླབས་ཆེན་གེགས་མེད་འགྲུབ་པར་ཤོག༔ ཅེས་ཚིག་རྐང་གསུམ་གྱི་དོན་ཚེ་འཁོར་བ་ཐོག་མ་མེད་པ་ ནས་ད་ལྟའི་བར་དུ་ལུས་གྲངས་མེད་ཞིག་བླངས་ཀྱང་དེ་དག་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུའི་སྣོན་མ་འབའ་ཞིག་བཟོ་བ་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་བྱུང་མི་འདུག་ན་དུ་ནི་ གཅེས་པར་འཛིན་པའི་ལུས་འདི་དོན་དང་ལྡན་པར་བྱེད་པའི་སླད་དུ་ཟད་མི་ཤེས་པའི་མཆོད་པའི་སྤྲིན་དུ་སྤྲོས་ཏེ་ཡར་དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་མཆོད་ པ་དང་། མར་རིགས་དྲུག་སྙིང་རྗེའི་མགྲོན་དང་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ལ་སྦྱིན་པ་གཏོང་བ་དང་། དེ་ཙམ་དུ་མ་ཟད་རང་ལ་གང་དབང་བའི་རྒྱུ་ནོར་ལོངས་སྤྱོད་ཀྱིས་ ཐོག་དྲངས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་བཅུས་པ་དྲིན་དང་ལྡན་པའི་མ་གྱུར་འགྲོ་བ་ཀུན་ལ་ཕངས་པ་མེད་པར་གཏོང་བ་ཡིན་ནོ། །འགྲོ་བ་སེམས་ཅན་རྣམས་ལམ་གྱི་རྟེན་

ལྷ་མིའི་གོ་འཕང་ལ་འགོད་པ་དང་། ཐར་པའི་ལམ་ཁམས་དང་དབང་པོ་དང་འཚམས་པའི་དམ་པའི་ཆོས་ལ་འཛུད་པ་སྟེ་ལམ་ལ་འགོད་པ་དང་། ལམ་གྱི་ འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཐུབ་པའི་འགྲོ་བའི་དོན་རླབས་ཆེན་སྔོན་གྱི་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་མཛད་པ་བཞིན་དུ་བདག་གིས་ཀྱང་བགྱི་བར་སྨོན་པ་ཡིན་པས་ དབང་བཅུ་མངའ་བའི་སངས་རྒྱས་རྣམས་ཀྱིས་དེ་དེ་བཞིན་དུ་གླེགས་མེད་ཡིད་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད་པར་ཤོག མཐར་ནམ་མཁའ་ལྟར་གང་ལའང་མ་ཆགས་མི་སྤོང་མི་ ལེན་པ་འཁོར་གསུམ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་དུ་བསྔོ་བ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ ནམ་མཁའ་འདྲ། །མི་ཆགས་ནམ་མཁའི་བསྔོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་གསུངས་པ་དང་རྗེས་སུ་མཐུན་པ་དབྱིངས་ལ་མཉམ་པར་བཞག་གོ། །ནུབ་མོ་ཉལ་ བའི་དུས་སུ་ཙིཏྟ་པདྨ་དམར་པོ་འདབ་མ་བཞི་པའམ་བརྒྱད་པའི་ཟེའུ་འབྲུའི་སྟེང་དུ་སངས་རྒྱས་ཀུན་འདུས་གུ་རུ་ཡབ་ཡུམ་ཟག་མེད་བདེ་བ་ཆེན་པོའི་ངོ་བོར་བཞུགས་པ་བསྐྱེད་དེ། དེ་ལ་

སེམས་འཛིན་མེད་ལྷོད་ཆགས་པའི་འདུན་པ་གཏད་དེ་ཉལ་བའམ། ཡང་ན་དམིགས་སུ་མ་བསྒོམ་ཡང་རུང་སྟེ། སྙིང་ནས་དད་པའི་སྒོ་ནས་ཉལ་ཏེ་འོད་གསལ་ཟིན་པར་བྱ་བ་གལ་ཆེ་སྟེ། དེ་ཡང་རིག་འཛིན་གོང་མ་རྣམས་ཀྱི་ཞལ་རྒྱུན་ལ་ནང་གསལ་ཐིམ་ལ་མ་རྨུགས་པ་ཞེས་གསུངས་པའི་དོན་ནི། རང་གི་སེམས་ཕྱི་རོལ་ཚོགས་དྲུག་ཡུལ་ལ་རྣམ་པར་གཡེང་བ་སོགས་འཁྲུལ་ པའི་དབང་དུ་མ་ཤོར་བར་ནང་དུ་ཐིམ་པ་སྟེ་རིག་པ་དབྱིངས་སུ་བསྐྱིལ་བའི་དོན་ནོ། །དེ་ཡང་སེམས་ཕྱི་ནང་གཉིས་སུ་ཕྱེ་ནས་ནང་གི་སེམས་ཞེས་གུད་དུ་བཅད་པ་ལྟ་བུར་མི་གོ་བར། ཕྱི་ནང་ གཉིས་སུ་དབྱེར་མ་མཆིས་པའི་ཆོས་ཉིད་དེ་བཞིན་ཉིད་མ་རྨུགས་པ་སྟེ་འོད་གསལ་བའི་གནས་ལུགས་ཀྱི་ངང་ལ་མ་བཅོས་པར་བཞག་དགོས་པའི་དོན་ནོ། །དེ་ལྟར་བྱས་ཚེ་འཆི་བའི་དུས་སུ་ འོད་གསལ་མ་པང་བུ་འཇུག་ལྟ་བུར་ངོ་ཤེས་ཏེ་གྲོལ་བའམ། ཟངས་མདོག་དཔལ་རིར་དབུགས་ཆེན་འབྱིན་པར་ཐེ་ཚོམ་མེད་དོ། །གལ་ཏེ་ཉིན་སྣང་ངམ། ཚེ་སྔོན་མའི་བག་ཆགས་བག་ལ་ ཉལ་ལྡང་སྟེ་རྨི་ལམ་ན་འཇིགས་སྐྲག་གམ། སྐྱོ་བ་ལྟ་བུ་རྨིས་ན་རྨི་ལམ་གྱི་རང་བཞིན་བདེན་པར་རྡུལ་ཙམ་ཡང་མ་གྲུབ་པར་ངོ་ཤེས་པར་བྱེད་པ་དང་། སད་པའི་དུས་སུ་སྐྱོ་སྣང་དང་

འཇིགས་སྐྲག་ལ་སོགས་མི་བདེ་བའི་རྨི་ལམ་གང་རྨིས་པ་དེ་ལ་རྒྱུན་མཐུད་རྟོགས་དཔྱོད་གཏན་ནས་མི་གཏོང་བར། དེ་མ་ཐག་ཟག་མེད་བདེ་བ་ཆེན་པོའི་རང་ བཞིན་སངས་རྒྱས་ཀུན་འདུས་གུ་རུ་ཡབ་ཡུམ་ཡིད་ལ་ལྷན་ནེར་བྱས་ནས་རིག་ངོ་རྗེན་ཅེར་དུ་བསྐྱངས་པས་སེམས་ཉིད་ཀྱི་ངོ་བོ་སྟོང་པའི་གནས་ལུགས་ཀྱི་ངང་དུ་ཕྱམ་གདལ་དུ་སོང་ནས་ཉིན་ སྣང་རྨིས་སྣང་ལ་སོགས་སྔར་ཡོད་བག་ཆགས་ཐམས་ཅད་དག་ཅིང་། ནམ་མཁའ་ལ་ས་བོན་འདེབས་མི་ཤེས་པ་ལྟར་འབྱུང་འགྱུར་སེམས་ལ་བག་ཆགས་ཀྱི་ས་བོན་གསར་དུ་མི་གདབ་པ་ལ་ མཆོག་ཏུ་ཕན། ཡང་རྨི་ལམ་དུ་ལྷ་དང་བླ་མ་མཇལ་བ་དང་། གནས་གྲོགས་བཟང་པོ་དང་ལྷན་ཅིག་དགའ་སྐྱིད་ཀྱི་སྣང་བ་ལ་སྤྱོད་པ་རྨིས་ན་དགའ་བའི་ཚོར་བ་དེ་ཉིད་མཆོད་པའི་སྤྲིན་ཕུང་ བསམ་གྱིས་མི་ཁྱབ་པར་དམིགས་ཏེ་དཀོན་མཆོག་ལ་མཆོད་དེ། དགའ་བདེའི་ཚོར་བའི་ངོ་བོ་བསྐྱངས་པས་སྣང་བ་བདེ་བའི་སྣང་བ་ངོ་བོ་སྟོང་པའི་རང་བཞིན་དུ་རྟོགས་ནས་བདེ་བའི་ཚོར་བ་ ལ་མི་ཆགས་པར་སྣང་སྲིད་དག་པ་རབ་འབྱམས་རང་རིག་བདེ་སྟོང་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འགྱུར་བར་བྱེད་དོ། །རིག་ངོ་བསྐྱངས་ནས་ཉལ་བས་གཉིད་སྲབ་ཏུ་འགྲོ། ཅིའི་ཕྱིར་ན་

ཉིན་སྣང་ལ་རིག་ངོ་རྗེན་ཅེར་དུ་བསྐྱངས་པས་དེའི་ནུས་པ་སེམས་ལ་ཐེབས་ནས། སེམས་དང་སེམས་ལས་བྱུང་བའི་འབྱུང་བ་རགས་པའམ་ལྕི་བའི་ཁམས་རྣམས་ཇེ་གཙང་ཇེ་དག་ཏུ་སོང་ནས་ སེམས་རང་རིག་པ་ཡེ་ཤེས་ཀྱི་ཁམས་འོད་གསལ་གྱི་དབྱིངས་སུ་དག་པའི་སྔ་ལྟས་ཡིན། ནམ་ཞིག་ནས་གོམས་པ་གདིང་དུ་གྱུར་ཙ་ན་ཉིན་སྣང་དང་རྨི་སྣང་། ཚེ་སྔ་ཕྱིའི་སྣང་བ་དང་རྟོག་ པའི་སྒྲིབ་པ་ལྷག་མེད་དུ་དག་ནས་འོད་གསལ་ཆེན་པོ་གཅིག་གི་ངང་ལ་འབྱམས་ཀླས་པར་གྱུར། ནུབ་མོ་གཉིད་དུ་ཕྱོགས་ཁར་འཇིག་རྟེན་གྱི་སྣང་བས་བར་མ་ཆོད་པར་ལྷ་དང་བླ་མར་བློ་ གཏད་ནས་ཉལ་བའམ། ལྷ་དང་བླ་མའི་ངོ་བོ་རང་རིག་སྤྲོས་བྲལ་ཆོས་སྐུ་འོད་གསལ་ཆེན་པོའི་ངང་ལ་ཉལ་བ་ནི་ཤིན་ཏུ་གལ་ཆེ། རྨི་ལམ་བཟང་པོ་གང་རྨིས་པ་དེ་ཉིད་ཀྱི་རྒྱུན་མ་ཆད་པའི་ སྒོ་ནས་གཉིད་སད་པ་མེད་པའི་ཚུལ་དུ་སད་པ་ལྟ་བུ་འོང་བ་ན། ནམ་ཞིག་ཚེ་འདིའི་སྣང་བ་ནུབ་ནས་འཆི་བའི་དུས་སུ་འཆི་མེད་ཆོས་སྐུ་རྟག་པ་དམ་པའི་སྣང་བ་མངོན་དུ་བྱེད་པ་ནི་གོར་མ་ཆག་ སྟེ་དེའི་ཕྱིར། འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཅེས་གསུངས། བཟའ་བཏུང་བྱེད་པའི་ཚེ་ནའང་བཟའ་བཏུང་ཆེ་ཆུང་ཚད་གང་སྤྱོད་དེ་ལ་དེར་འཛིན་དུ་ཞེན་

ནས་ལོངས་མི་སྤྱོད་པར་བཟའ་བཏུང་དེ་དག་ཐམས་ཅད་སྲིད་པ་དང་ཞི་བའི་འདོད་པའི་དཔལ་ཡོན་མ་ཚང་བ་མེད་པ་ཕུན་སུམ་ཚོགས་པ། རྒྱ་ཆེ་ལ་རྒྱུན་མི་ཆད་ པ་སྤྲོས་ཏེ་དཀོན་མཆོག་ལ་མཆོད་པར་དམིགས་ནས་ཕུལ་ཞིང་། དེ་ནས་དཀོན་མཆོག་གི་བྱིན་རླབས་གནང་བ་ཡིན་སྙམ་སྟེ་ལོངས་སྤྱད་ན་དཀོར་གྱི་སྒྲིབ་པས་མ་སྦགས་ཤིང་། བསོད་ ནམས་ཀྱི་ཚོགས་ཞར་ལ་རྫོགས། གོས་གསར་རྙིང་གང་གྱོན་ཡང་དེ་ལ་དེར་འཛིན་བཟང་ངན་གྱི་ཚད་དང་འཛིན་པ་མ་ཞུགས་པར། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །ཞེས་འབྱུང་བ་ལྟར་གོས་བཟང་བསམ་གྱིས་མི་ཁྱབ་པར་ དམིགས་ནས་དཀོན་མཆོག་ལ་ཕུལ། ཕྱོགས་གང་དུ་འགྲོ་ཡང་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་སྣང་བ་དང་འགྲོགས་ནས་འགྲོ་བ་སོགས་བྱས་ན་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་ དོན་ཡོད་པར་འགྱུར་རོ།། །།ཅེས་ཁྲག་འཐུང་བདུད་འཇོམས་གླིང་པའི་དག་སྣང་ཡེ་ཤེས་དྲྭ་བའི་ཆོས་སྡེའི་ཁོངས་སུ་བཞུགས་པའི་སྔོན་འགྲོ་བསྡུས་པ་འདི་ཉིད་ཡབ་རྗེ་གཏེར་ཆེན་

ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་ཤར་ནུབ་རྒྱལ་ཁབ་ཀྱི་མི་རིགས་གྲངས་ལས་འདས་པར་རྒྱུན་གྱི་ཉམས་ལེན་ཁྱེར་བདེའི་ཆེད་དུ་ཆོས་འབྲེལ་གཙོ་བོར་བཏོན་ནས་ གསུངས་པ་ལྟར་དད་ལྡན་མང་ཞིག་ནས་ཕྲན་ལ་གོ་དོན་ཟིན་བྲིས་ཤིག་ཐོབ་ཅེས་ཡང་ཡང་བསྐུལ་བའི་རྒྱུ་བྱས། བོད་ཀྱི་ཡུལ་ཁོངས་ཀོང་པོ་དང་ལྷ་ལྡན་བར་ན་ཆགས་པའི་ལུང་ཆུང་མཚོ་མོ་ རག་ནས་ཡིན་པ་ཆོས་བཙུན་མ་བསམ་གཏན་དང་། བླ་མ་རྡོ་རྣམ་ཞིང་ཕེབས་ཀྱི་མཁའ་འགྲོ་རིག་འཛིན་སྒྲོལ་མ། མགུ་ལོག་བླ་སྤྲུལ་འགའ་དང་རིམ་གཉིས་ཟབ་མོའི་ལམ་ལ་རྣལ་དུ་འབྱོར་ པ་བླ་མ་ཚེ་སྒྲུབ་མཐར་ཕྱིན་སོགས་རང་ལ་བོང་བ་གསེར་དུ་མཐོང་བའི་དག་སྣང་ཅན་མང་པོ་ཞིག་ནས་ལོ་མང་སྔོན་དུ་ཕྲན་པ་རང་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིག་འབྲི་དགོས་ཞེས་རྣ་ བའི་བུ་ག་ཡང་ནས་ཡང་དུ་གཅེར་བའི་རྐྱེན་གྱིས་བསྐུལ་བས། རང་ཉིད་ཐད་མཁས་པའི་ཡོན་ཏན་དང་། གྲུབ་པའི་ཉམས་རྟོགས་ཀྱིས་ཀུན་ནས་ཕོངས་པས་རང་ལ་བརྟེན་པའི་བླ་མའི་རྣལ་ འབྱོར་འབྲི་བར་མ་སྤོབས་ཤིང་། དེ་བས་སྔོན་འགྲོ་བསྡུས་པ་འདིའི་ཟིན་བྲིས་ཤིག་བཏབ་ན་གཞན་ལ་ཕན་ངེས་སྙམ་སྟེ་སྔོན་བྱོན་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་བཀའ་ལུང་གི་རྗེས་སུ་བློ་ཕྱོགས་

ནས་སུག་བྲིས་སུ་བགྱིས་ཤིང་། དེ་ལ་བློ་གྲོས་ཀྱིས་ལྕོགས་པའི་སྐལ་ལྡན་རྣམས་ནས་ཀུན་བཟང་བླ་མའི་ཞལ་ལུང་དང་། ཡབ་རྗེའི་གསུང་གཏེར་གསར་སྔོན་ ཁྲིད་རྒྱས་པ་ཐར་ལམ་སྣང་བའི་སྒྲོན་མེ་ལ་སོགས་སྔོན་འགྲོའི་ཁྲིད་གཞུང་ཆེན་པོ་རྣམས་ལ་བརྟེན་ན་ཆེས་མཆོག་ཏུ་འཕགས་པ་ཡིན་ལ། འདིར་སྣང་བ་ཡུལ་གྱི་བློ་ཅན་ནམ་གང་ཟག་བློ་རིམ་ གྱིས་པ་རྣམས་ཀྱི་ཉམས་ལེན་ལ་བོགས་འདོན་པའི་ཆེད་དུ་ཅུང་ཟད་ཨེ་ཕན་སྙམ་སྟེ་བསམ་གཏན་གྱི་སྐབས་སུ་ཞི་གནས་དང་ལྷག་མཐོང་། མཉམ་བཞག་དང་རྗེས་ཐོབ། གེགས་སེལ་དང་ བོགས་འདོན། ས་ལམ་གྱི་ཡོན་ཏན་དང་ངེས་ཚིག་སོགས་དོན་གྱི་སྙིང་པོའི་ཚུལ་དུ་མདོར་བསྡུས་ནས་བྲིས་ཤིང་། དེ་ཡང་དཔལ་སྤྲུལ་རིན་པོ་ཆེས། ཕན་དང་བསྒྲུབ་པ་ལྟ་བུར་ལེན་དམ་པའི་ གཞུང་། །སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་ཏེ། །ཕལ་དང་གྲོང་པའི་ཚིག་གིས་ཡང་དག་ལམ། །ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན། །ཅེས་གསུངས་པའི་རྗེས་སུ་ ཡིད་ཀྱི་སྨོན་པ་གཙོ་བོར་བཏོན་ཏེ། ས་བཅད་དང་རྐང་གྲངས། སྡེབ་སྦྱོར་དང་སྙན་ཚིག་ལ་སོགས་ཀྱི་སྤྲོས་པ་སྐྱུང་སྟེ་གང་བདེ་གང་བྱུང་ཐོལ་དྲན་གྱི་ཚུལ་དུ་བྲིས་ཤིང་། བླ་མ་ཨོ་རྒྱན་ཕྲིན་

ལས་ཀུན་ཁྱབ་ནས་དམིགས་སུ་ཨུ་ནན་ཆེན་པོས་བསྐུལ་བ་ལྟར་རིག་པ་རང་སྣང་གི་བློ་ཅན་ནམ། གང་ཟག་ཅིག་ཅར་བ་དབང་པོ་རྣོན་པོའི་རིགས་འདྲ་སྲིད་ན་དེ་དག་ལ་དྲན་གསོ་ཙམ་གྱི་ཚུལ་ དུ། ལྟ་སྒོམ་སྤྱོད་གསུམ་མམ། གཞི་ལམ་འབྲས་གསུམ་དབྱེར་མེད་ལྟ་ཐོག་གཅིག་གི་ངང་ནས་ཉམས་སུ་ལེན་བདེ་བའི་ཆེད་དུ། བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་ངང་༔ རིག་སྟོང་དོན་ གྱི་བླ་མའི་རང་ཞལ་བལྟ༔ ཞེས་པའི་དོན་རྫོགས་ཆེན་ཁྲེགས་ཆོད་ཀྱི་མན་ངག་ཟབ་མོ་རྣམས་ནས་ཇི་ལྟར་གསུངས་པ་བཞིན་ཀུན་ཏུ་རྟོག་པའི་སྤྲོས་པའི་དྲྭ་བས་མ་སྤྲེལ་བར་ཐད་ཀར་བྲིས་པའི་ ཁུལ་ཡིན་ཡང་། ལྟ་དགོངས་ཀྱི་གདིང་དང་ལྡན་ཅིང་། དགོངས་བརྒྱུད་ཀྱི་བྱིན་རླབས་བཞུགས་པའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གི་ཞབས་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་བཏུད་དེ། རང་རིག་རང་ངོ་འཕྲོད་པར་བྱེད་དགོས་པ་འདྲ་སྟེ། ཅིའི་ཕྱིར་ན་རིག་པ་ཡེ་ཤེས་ཀྱི་ཁམས་ནི་ཡེ་ནས་རྣམ་པར་དག་པ་ད་ལྟའི་རང་གི་སེམས་ཉིད་འདི་ལས་ཐ་དད་དུ་གྱུར་པའི་དངོས་པོ་ཞིག་ བསྐལ་པ་གྲངས་མེད་དུ་བཙལ་ཀྱང་རྙེད་རྒྱུ་ཡོད་པ་མི་འདྲ་ཡང་སྐྱེ་བ་མང་པོའི་སྔོན་རོལ་ནས་མེད་བཞིན་དུ་སྣང་བའི་གཉིས་སྣང་གི་བག་ཆགས་ཤུགས་ཆེ་བའི་དབང་གིས་ཤིན་ཏུ་རྟོགས་པར་

སླ་བའི་སེམས་ཀྱི་དེ་ཉིད་ཤིན་ཏུ་རྟོགས་པར་དཀའ་བའི་གསང་བའི་གནས་སུ་གྱུར་པས་དེའི་ཕྱིར་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་ལས། སླ་བས་ཡིད་ མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །ཅེས་གསུངས་པའི་རྗེས་སུ་སྨོན་པ་མཐའ་གཅིག་ཏུ་བྱེད་པ་ཁོ་ན་གལ་ཆེ་བ་འདྲའོ། །གང་ལྟར་ཡང་རང་ ཉིད་ཐད་ལྟ་དགོངས་མཐོན་པོའི་གདིང་ཚད་གང་ཡང་མི་ལྡན་ཡང་། སྐལ་བ་དང་ལྡན་པ་རྣམས་ནས་ཐོས་པ་ཙམ་གྱིས་གྲོལ་བ་རྫོགས་པ་ཆེན་པོའི་ཆོས་ཀྱི་བྱིན་རླབས་ཀྱིས་ཕན་པ་འབའ་ཞིག་ ལས་ཉེས་པ་འགའ་ཡང་མི་འབྱུང་སྙམ་སྟེ། ཀུན་མཁྱེན་རོང་ཟོམ་པས། རྫོགས་པ་ཆེན་པོའི་ཚིག་འདི་དག་ཀྱང་། ཆེ་ཆེ་རགས་རགས་སྐད་དུ་བརྗོད་ཀྱང་ཕྲ་ཞིང་ཞི་སྟེ་ནམ་མཁའི་ཁམས་ དང་འདྲ་ལ། ཐེག་པ་འོག་མའི་ཚུལ་ནི་ཕྲ་ཞིང་ཞི་ཞི་སྐད་དུ་སྨྲ་ཡང་རགས་ཤིང་བརྡོ་སྟེ་རྡུལ་གྱི་ཕུང་པོ་བཞིན་ནོ། །དེ་བས་ན་རྫོགས་པ་ཆེན་པོའི་ཚུལ་འདི་ལ་བློ་ཡངས་པ་དང་ཟབ་པ་དང་ཕྲ་བས་ བརྟག་དགོས་སོ་ཞེས་དང་། དེ་ལྟ་བས་ན་སྒྲའི་བསྟན་བཅོས་དང་རིགས་པའི་བསྟན་བཅོས་ལ་མངོན་པར་ཞེན་པ་རྣམས་ཀྱིས་རང་གི་གྲུབ་པའི་མཐའ་ནི་རིགས་པ་དྲི་མ་མེད་པས་གྲུབ་པ་ཡིན་

པས་བླང་བར་བྱ་བ་ཡིན་ལ། རྫོགས་པ་ཆེན་པོའི་ཚུལ་ནི་རིགས་པས་མ་གྲུབ་སྟེ་དོར་བར་བྱ་བ་ཡིན་ནོ་སྙམ་དུ་ཡིད་ལ་མ་བྱེད་པར་འདི་ལ་དད་པས་འཇུག་པར་གྱིས་ཤིག །དེ་ལྟ་མ་ཡིན་ན་ མངོན་པའི་ང་རྒྱལ་ཅན་དུ་འགྱུར་ཏ་རེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་དབྱིག་གཉེན་གྱིས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་ གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པའི་རྗེས་སུ་བློ་གྲོས་ཀྱི་པདམོ་འཛུམ་པའམ་མིན་ཡང་དཔལ་སྤྲུལ་ རིན་པོ་ཆེས། སྐྱོན་བརྒྱ་ཚང་བའི་མི་ངན་ཕལ་པ་ལ། །ཤེས་བྱ་རིག་པའི་ཡོན་ཏན་གཅིག་སྣང་ཡང་། །སྐྱོན་ལ་མི་སེམས་ཡོན་ཏན་དེ་བླངས་ཏེ། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། ། རང་གི་འདོད་པ་དང་དུ་བླང་བར་བྱོས། །ཅེས་གསུངས་པ་ལ་རྗེས་སུ་ཡི་རང་བའང་ཆོས་དགེ་བ་ཡིན་ནོ། །ཕྲིན་ལས་ནོར་བུ་ནས་སུག་བྲིས་སུ་བགྱིས་པའོ།། །།