པར་བྱང་སྨོན་ཚིག་རིགས།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-014
Wylie title par byang smon tshig rigs
Location phrin las nor bu'i gsung 'bum
Volume 3, Text 14, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Par byang smon tshig rigs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །པར་བྱང་སྨོན་ཚིག་རིགས་བཞུགས།

༄༅། །སྭསྟི་སིདྡྷཾ། རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ་མཐའ་ཡས། །གང་དེ་སྒྲུབ་པའི་ལམ་མཆོག་བྱེ་བའི་ཕུལ། །འཆི་མེད་གཉུག་མ་ཡེ་ཤེས་རྡོ་རྗེའི་སྲོག །རྟག་བརྟན་ཐིག་ལེའི་ངོ་བོར་བཟླུམ་པའི་ཐབས། །བདེ་ཆེན་རྒྱལ་པོ་ཟིལ་གནོན་པདྨའི་གར། །ཟབ་གཏེར་ནམ་མཁའི་མཛོད་ལ་དབང་བསྒྱུར་དེས། །རྡོ་རྗེ་ཕུར་པའི་གནས་མཆོག་སེང་གེ་རྫོང་། །མཚོ་རྒྱལ་གསང་བའི་ཕུག་ནས་སྣང་བར་མཛད། །རིགས་མཐུན་ཁ་སྐོང་རིན་ཆེན་དོ་ཤལ་གྱིས། །ལེགས་སྤྲས་ཁྲིགས་བསྡེབས་གོས་བཟང་གཡོ་བའི་རྩེར། །གཏེར་གཞུང་དགོས་འབྱུང་ཡིད་བཞིན་དབང་གི་རྒྱལ། །སྲིད་ཞིའི་འདོད་རྒུ་འཇོ་བའི་ཏོག་ཏུ་བཀོད། །སྲིད་ན་མཆིས་པའི་དངོས་པོ་ཀུན་བསྡུས་ཏེ། །ལོ་བརྒྱར་ངལ་བས་བཙལ་ཀྱང་རྙེད་དཀའ་བའི། །སྔོན་མེད་ངོ་མཚར་གདམས་ཟབ་འདི་འདྲ་བ། །གཅེས་རྒུའི་ནོར་གྱི་དབྱིག་ཏུ་མི་བཟུང་སུ། །དེ་སླད་མི་འཛད་ཆོས་སྐུའི་རིང་བསྲེལ་དུ། །ག་སྤུངས་བདེ་ཆེན་ཆོས་གླིང་སྒོམ་གྲྭ་ཡི། །སྔགས་འཆང་རྣལ་འབྱོར་མཆེད་ལྕམ་འདུས་པའི་སྡེས། །དད་མོས་བསམ་སྦྱོར་རྣམ་པར་དག་པས་བསྒྲུབས། །དེ་ལས་བྱུང་བའི་རབ་དགའི་ཟླ་སྣང་གིས། །སྐལ་ངན་དུས་ཀྱི་མུན་པ་མཐར་བྱས་ཏེ། །རྫོགས་ལྡན་གསར་པའི་ཀུནྡ་གྲོལ་བཞིན་དུ། །ཐེག་མཆོག་བསྟན་པའི་དགའ་ཚལ་རྒྱས་བྱེད་ཤོག །བདུད་བཞིའི་འཇིགས་ཚོགས་ཀུན་བྲལ་ཡེ་ཤེས་སྐུ། །འཕོ་མེད་རྡོ་རྗེའི་ཁམས་སུ་ཡོངས་གྲུབ་པ། །སྙིགས་འགྲོའི་ལྷ་གཅིག་པདྨའི་རྒྱལ་ཚབ་གང་། །ཞབས་ཟུང་རྡོ་རྗེའི་ཁྲི་ལ་ཡུན་བརླིང་ཤོག །ཡང་ཟབ་གདམས་པའི་བདུད་རྩི་འདི་འཐུང་བའི། །སྐལ་བཟང་དེ་དག་རིང་འཚོའི་དགའ་སྟོན་ལ། །སྤྱོད་ལས་གྲུབ་གཉིས་ལང་ཚོ་རབ་དར་བས། །ཕན་བདེའི་ཟློས་གར་ཅི་ཡང་རྩེན་གྱུར་ཅིག །ཅེས་པར་བྱང་སྨོན་ཚིག་ཤློ་ཀ་རྟགས་བརྒྱད་ཀྱི་གྲངས་ལྡན་འདིའང་ཡབ་རྗེ་ཡིད་བཞིན་ནོར་བུའི་བཀའ་ཡི་རྗེས་གནང་སྤྱི་བོས་མཆོད་དེ་རྨོངས་བརྟུལ་ཕྲིན་ལས་ནོར་བུས་གང་དྲན་བྲིས་པ་དོན་ལྡན་དུ་གྱུར་ཅིག །མངྒ་ལཾ།། །། ༈ །ཨོཾ་སྭསྟི། ལས་ཉོན་དུཿཁའི་སྨག་རུམ་ལྷག་མེད་དུ། །བཅིལ་བའི་ཐབས་མཆོག་འོད་ཟེར་སྟོང་འབར་བ༑ ༑གསང་ཆེན་སྔགས་གསོའི་ཆོ་ག་ཁོ་ན་ལས། །ཟབ་པ་མེད་ཅེས་སྟོན་པ་དྲུག་པས་བསྔགས། །དེ་ཕྱིར་འདི་ལ་བསྟན་པའི་བསོ༵ད་ནམ༵ས་ཟོང་། །ཆོ༵ས་སྐུའི་རིང་བསྲེལ་ཉིད་དུ་བསྐྲུན་པའི་ཡོན། །སྐྱེ་བ་དམན་ཡང་བསམ་པ་དགེ་བ་ཅན། །བསོད་ནམས་ཆོས་ཀྱི་སྒྲོན་མེས་འཛོ༵མ་པར་བྱས། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པ་ལ། །ཀུན༵་ཏུ་ནེམ་ནུར་དབེན་པའི་མོས་གུས་བློས། །བཟང་པོའི་བསམ་སྦྱོར་དབང་དུ་འདུས་པ་ཅན། །གང་དེས་སོར་མོའི་འཕྲུལ་གྱིས་རི་མོར་བསྒྲུབས། །དེ་ལས་བྱུང་བའི་དགེ་ཚོགས་གང་འཐོབ་པ༑ ༑ཡུལ་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ། །ནད་མུག་མཚོན་གྱི་བསྐལ་པ་རབ་ཞི་ཞིང་། །རྣམ་གསུམ་སྟོན་པའི་བསྟན་པ་དར་བར་ཤོག །ཁྱད་པར་མ་ལུས་ཡིད་ཅན་ཕ་མའི་ཚོགས། །སྣང་གྲགས་རིག་གསུམ་སྲིད་པའི་གྲོང་ཁྱེར་ན། །རྟག་ཏུ་འཁྱམས་པའི་འཁྲུལ་སྣང་ལས་ལྡོག་སྟེ། །གདོད་མའི་དབྱིངས་སུ་ཕྱམ་གཅིག་གྲོལ་གྱུར་ཅིག །ཅེས་པའི་སྨོན་ཚིག་ཉུང་ངུ་འདིའང་རྒྱུ་སྦྱོར་བ་རྣམས་ཀྱི་འདོད་མོས་བཞིན་ཕྲིན་ལས་ནོར་བུས་ཤར་མེར་བྲིས་པ་དགེ། །། ༈ གདོད་མའི་དབྱིངས་ལས་གཉིས་སུ་མི་ཕྱེད་པའི། །ལྷུན་གྲུབ་ཞི་ཆགས་འབར་བའི་སྒྱུ་འཕྲུལ་སྤྲིན། །སྒྲུབ་པའི་ཐབས་མཆོག་དགོངས་པ་རང་གྲོལ་ལས། །གནས་ལུང་ཆོ་གའི་ཆོས་སྦྱིན་མི་འཛད་སྤར། །ཚེ་རིང་བཀྲ་ཤིས་མིང་གིས་རྒྱུ་སྦྱོར་ལ། །བརྟེན་ནས་སྔགས་བན་ཀུན་བཟང་དབང་འདུས་ཀྱིས། །སོར་མོའི་འཕྲུལ་གྱི་འདུ་བྱེད་སྒྱུར་བ་ལས། །བསྒྲུབས་པའི་དགེ་ཚོགས་རྣམ་དཀར་འདི་ཡིས་མཐུས། །འཆི་བ་ཞེས་བྱ་དོན་དམ་བདེན་པའི་ཚུལ། །མ་རྟོགས་མིང་བཞི་འདུས་པའི་ཕུང་པོ་ལ། །བརྟེན་ནས་འཁྲུལ་སྣང་བར་དོར་འཕྱན་པའི་འགྲོ། །རང་རིག་སྐུ་གསུམ་ཞིང་དུ་ཕྱིན་པར་ཤོག །ཅེས་པ་འདིའང་རྣམ་དཀར་སྒྲུབ་པོ་རྣམས་ཀྱི་འདོད་མོས་བཞིན་ཕྲིན་ལས་ནོར་བུས་བྲིས་པ་དགེ། །། ༈ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ཆོས་སྐོར་ཡོངས་རྫོགས་ཆོས་སྐུའི་རིང་བསྲེལ་དུ། །བསྒྲུབས་པའི་དགེ་ཚོགས་སྣང་བ་དཀར་པོའི་སྤྲིན། །ཆོས་དབྱིངས་དྲི་མ་མེད་པའི་མཁའ་ལ་བྲེས། །འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་ལ་སོགས། །རྒྱལ་བའི་སྲས་པོ་སེམས་དཔའ་ཆེ་རྣམས་ཀྱི། །ཚད་མེད་ཐུགས་བསྐྱེད་སྨོན་པའི་བདེན་སྟོབས་ཀྱིས། །ཡོངས་བསྔོའི་སྨོན་པ་ཇི་བཞིན་འགྲུབ་པར་ཤོག །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི། །བཀའ་གཏེར་བསྟན་དང་དེ་འཛིན་སྡེར་བཅས་པའི། །རྨད་བྱུང་ཆོས་སྲིད་བསྟན་པའི་རྒྱལ་མཚན་ཆེ། །ནམ་ཡང་ནུབ་པ་མེད་པར་བརླིང་གྱུར་ཅིག །ཅེས་པའི་སྨོན་ཚིག་འདིའང་རྒྱུ་འབྱོར་བ་རྡོ་རྗེའི་སྤུན་གྲོགས་འཇམ་དབྱངས་རྒྱལ་མཚན་གྱི་ངོར་ཕྲིན་ལས་ནོར་བུས་ཤར་མར་བྲིས་པ་དགེ། །། ༈ ཨོཾ་བདེ་ལེགས་སུ་གྱུར་ཅིག །རིང་མོ་ཉིད་ནས་བདག་ཉིད་ལ། །བོང་བ་གསེར་དུ་གཟིགས་པ་ཡི། །བླ་མ་ཡེ་ཤེས་བཟང་པོའི་གྲོགས། །ཙི་ནའི་ཞིང་སྐྱེས་ནི་གུ་མ། །པདྨ་ཆོས་ཀྱི་སྒྲོན་མའི་བློ། །པདྨ་བཞད་པ་ལྟར་གཙང་བས། །པདྨ་གསུང་གི་རྡོ་རྗེའི་རིགས། །པདྨ་ལས་འཁྲུངས་མགོན་ལ་བསྙེན། །དེ་ཡི་བསྟན་ལ་སྒོ་གསུམ་གྱིས། །ཕུ་དུད་བྱ་བ་བྱེད་པའི་ཕྱིར། །རིན་ཆེན་ཕལ་གྱིས་དོ་མིན་པའི། །རིན་ཆེན་ཆོས་ཀྱི་རིང་བསྲེལ་བསྐྲུན། །འཕགས་ནོར་བདུན་གྱི་དཔལ་ཡོན་ལ། །བདག་གིར་བྱེད་པའི་སེམས་བསྐྱེད་ནི། །གང་ལ་ཡོད་པ་དེ་ཡི་རྒྱུད། །བསོད་ནམས་ཚོགས་ཀྱིས་ཕྱུག་བྱས་པས། །གནས་སྐབས་འཇིག་རྟེན་ཁམས་གང་དུ། །སྐྱེས་ཀྱང་མངོན་མཐོའི་དཔལ་ཐོབ་ཅིང་། །མཐར་ཐུག་ཆོས་ཀྱི་སྐུ་འཐོབ་པ། །དེ་ཉིད་རིག་པའི་མགུར་ལས་གསུངས། །རང་ཉིད་ཆོས་རབ་རྣམ་འབྱེད་ཀྱི། །ཤེས་རབ་རྒྱུད་ལ་མ་འབྱོར་བཞིན། །གཞན་ལ་ཆོས་ཀྱི་གཏམ་སྨྲ་བའི། །སྤྱི་བརྟོལ་བསྐྱེད་པ་མི་རིགས་ཀྱང་། །ཡབ་རྗེ་བདུད་འཇོམས་གླིང་པའི་མཚན། །དབྱར་རྔ་སྙན་པར་ལྡིར་བའི་སྒྲས། །དད་གསུམ་ཟློས་གར་བསྒྱུར་བྱེད་པའི། །མདོངས་ཅན་སློབ་བུའི་ཚོགས་རྣམས་ཀྱིས། །ཡང་ནས་ཡང་དུ་བསྐུལ་བ་ལ། །ཁྱད་དུ་གསོད་པར་མ་བཟོད་དེ། །གང་གིས་གང་ཞིག་འབྲིར་བསྐུལ་བ། །དེ་ལ་དེ་ལྟ་ཉིད་དུ་བྲིས། །ཆོས་ཚུལ་རྒྱ་མཚོར་མ་སྦྱངས་ཤིང་། །སྐྱེས་ཐོབ་ཤེས་རབ་ཀྱིས་དབེན་པས། །འདི་ལྟར་བགྱིས་ལ་རིག་པའི་འགྲོས། །གཟུ་ལུམ་ལྟ་བུར་སྣང་ཡང་རུང་། །དམ་པའི་ལུང་ལ་བརྟེན་པ་ཡི། །འཆོས་སྐྱོབ་ཡོན་ཏན་གཉིས་ལྡན་པའི། །གོང་མའི་ལུང་གི་རྗེས་འབྲངས་ཏེ། །ཀུན་སློང་བཟང་པོའི་སེམས་ཀྱིས་བྱས། །གནས་དང་དུས་ཀྱི་རབ་བསྐལ་ཞིང་། །རྒ་བའི་གྲོང་སྒོར་འགྲིམས་བཞིན་པས། །ཁྲིད་དང་ལུང་གི་བྱ་བ་རྣམས། །ཚུལ་བཞིན་འབུལ་རྔོ་མ་ཐོགས་ཀྱང་། །སྐལ་བ་ཅན་གྱི་གང་ཟག་ལ། །གནས་དུས་གང་དུ་ཡིན་ཀྱང་རུང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་མི་བཟད་རྒྱན་འཁོར་ལྔའི། །བྱིན་གྱིས་བརླབས་པའི་བཀའ་ལྔ་ནི། །དུས་ལས་ཡོལ་བ་མེད་པ་རུ། །འབྱུང་བ་རྒྱལ་བའི་བཀའ་དང་ནི། །དགོངས་འགྲེལ་བསྟན་བཅོས་དག་ལས་གསུངས། །གོལ་ཤོར་མ་ལུས་ཚར་གཅོད་པའི། །ཞལ་གདམས་སེང་གེའི་ང་རོ་ལས། །ངེས་པའི་ཤེས་པ་སྐྱེས་ཚད་ལ། །ལུང་དུ་བྱིན་པ་ཡིན་ནོ་གསུངས། །ནོར་སྲུང་སོ་ལ་སངས་རྒྱས་ཀྱི། །ཚེམས་སུ་མོས་པའི་དད་སྟོབས་ཀྱིས། །རྒན་མོ་ཐར་པ་ཐོབ་པ་ཡི། །ལོ་རྒྱུས་དད་ལྡན་ཡོངས་ལ་གྲགས། །དེ་ཕྱིར་འདི་ན་བདག་ཉིད་ཀྱིས། །གང་ཞིག་བྱས་པའི་ཟིན་ཐུན་རྣམས། །དམ་པ་རྣམས་ལ་མཎྜལ་དུ། །དམིགས་ཏེ་འབུལ་བས་དགྱེས་པར་གསོལ། །འཁོར་བ་འདི་ན་འཁྱམས་པ་ཡི། །རང་དང་རང་འདྲའི་སྐྱེ་བོ་ལ། །སེམས་གསོ་གཏོང་བའི་ཐབས་གཅིག་པུ། །དམ་པའི་ཆོས་ལས་མི་འདུག་པས། །དེ་ཕྱིར་ཆོས་ཀྱི་སྦྱིན་པ་རུ། །དམིགས་ཏེ་ཕུལ་བའི་ཁུལ་ཡིན་པས། །རས་སུ་བོར་བར་མ་མཛད་པར། །འདི་ལ་གཟིགས་སུ་གསོལ་བར་བསྐུལ། །གཟུགས་བརྙན་སྐྱེ་གནས་མེ་ལོང་ལ། །སེམས་ལྡན་སྐྱེས་བུའི་གཟུགས་བརྙན་བཞིན། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །སྙིང་པོ་མེད་ལས་སྙིང་པོ་འབྱུང་། །ནམ་ཡང་སྲིད་ལ་མ་ཆགས་ཤིང་། །ནམ་ཡང་ཞི་ལ་མ་ཆགས་པ། །འགལ་འདུའི་ཕུང་པོ་ལ་ཞེན་པའི། །རྟོག་གེའི་སྤྱོད་ཡུལ་ལས་འདས་ཤིང་། །ཀུན་འབྱུང་བདེན་པས་མ་བསྐྱེད་པའི། །འཁོར་འདས་ཡོན་ཏན་དཔལ་ལྡན་པ། །བསམ་གྱིས་མི་ཁྱབ་ཡེ་ཤེས་ལུས། །རྡོ་རྗེ་སེམས་དཔའི་སྐུ་ཐོབ་ཤོག །ཅེས་པར་བྱང་སྨོན་ཚིག་དགོས་ཞེས་བླ་མ་ཡེ་ཤེས་བཟང་པོ་ནས་བསྐུལ་མ་གནང་བ་བཞིན་ཕྲིན་ལས་ནོར་བུ་ནས་ལ་འུར་བྲིས་ཏེ་ཕུལ་བ་དགེ། །། ༈ སྲིད་པའི་མ་ཎི་ཕལ་གྱིས་མི་དོ་བ། །གཏེར་ཆེན་གོང་འོག་བདུད་འཇོམས་གླིང་པའི་གསུང་། །ཟབ་གསང་དམ་པའི་ཆོས་ཀྱི་མ་ཎིའི་མཛོད། །གཅིག་ལས་དུ་མར་འཇོ་བ་ཆོས་ཀྱི་སྐུའི། །རིང་བསྲེལ་ཉིད་དུ་མ་ཎི་རྡོ་རྗེས་བསྐྲུན། །དེ་ཡི་དགེ་བ་བསྟན་དང་འགྲོ་ལ་བསྔོ། །སྨོན་པའི་སྨོན་ཚིག་ཀརྨ་མ་ཎིས་བྱས། །བདེན་གཉིས་བདེན་པས་དེ་ལྟར་འགྲུབ་གྱུར་ཅིག །ཅེས་ཕྲིན་ལས་ནོར་བུའམ་ཀརྨ་མ་ཎིས་སོ།། །།