བླ་མ་རྒྱང་འབོད་ཀྱི་འགྲེལ་པ་དྲི་ཟའི་བུ་མོའི་ཏམྦུ་རའི་སྒྲ་དབྱངས།

From Dudjom Wiki
Revision as of 22:45, 9 November 2026 by Mort (talk | contribs)

TNR-SUNGBUM-01-OM-004
Wylie title bla ma rgyang 'bod kyi 'grel pa dri za'i bu mo'i tam+bu ra'i sgra dbyangs
Location phrin las nor bu'i gsung 'bum
Volume 1, Text 4, Pages 15-43 (Folios 1a1 to 15a4)
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Bla ma rgyang 'bod kyi 'grel pa dri za'i bu mo'i tam+bu ra'i sgra dbyangs. In Phrin las nor bu'i gsung 'bum, Vol. 1: 15-43.
Side notes Recto: rgyang 'bod 'grel pa   Verso: gter gsar
More details More details
Genre Calling the Lama from Afar - bla ma rgyang 'bod  ·  Commentaries - 'grel pa
Colophon

།ཞེས་པ་འདི་ནི་རང་ལ་བོང་བ་གསེར་དུ་གཟིགས་པའི་དག་སྣང་ཆེས་མཆོག་ཏུ་ཆེ་བ་མཁྱེན་རྟོགས་མཚུངས་མེད་མཆོག་སྤྲུལ་ཐུབ་བསྟན་ནོར་བུ་དང་། བསླབ་པ་གསུམ་གྱིས་ཐུགས་རྒྱུད་ལེགས་པར་འདུལ་བ་མཁན་ཆོས་ཉིད་དོན་རྟོགས་བྱང་གླིང་ཨ་རིའི་ཡུལ་ན་རང་གི་བསྟི་གནས་ཀུན་བཟང་དགའ་ཚལ་དུ་གཟིགས་བསྐོར་ལ་ཕེབས་སྐབས་ཆོས་འབྲེལ་མདོར་བསྡུས་ཤིག་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་མ་གནང་ངོ་མི་ལྡོག་པའི་ཆེད་དུ་ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་གསུང་དོ་ཧའི་རྒྱང་གླུ་ངོ་མཚར་རྨད་དུ་བྱུང་བའི་བླ་མ་རྒྱང་འབོད་ལ་ཁྲིད་ལུང་བསྡུས་ཙམ་ཤིག་ཕུལ་ཞིང་། སླར་ཡང་རྒྱལ་བའི་བསྟན་པ་ལ་མུ་ཅོར་སྨྲ་བའི་མུ་སྟེགས་བྱེད་རྣམས་རྒྱལ་བས་ཕམ་པར་མཛད་པའི་ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་བཅོ་ལྔ་བཟང་པོར་གསལ་བྱེད་ཚིག་འབྲུ་འགའ་རེས་བསྣན་ཏེ་ཕུལ་བ་པོ་ནི་རྟག་ཏུ་བདེ་ལྡན་བདུད་རྩི་མཛའ་བའི་གྲོགས་སུ་བསྟེན་པ་ཕྲིན་ལས་ནོར་བུའོ།།

zhes pa 'di ni rang la bong ba gser du gzigs pa'i dag snang ches mchog tu che ba mkhyen rtogs mtshungs med mchog sprul thub bstan nor bu dang /_bslab pa gsum gyis thugs rgyud legs par 'dul ba mkhan chos nyid don rtogs byang gling a ri'i yul na rang gi bsti gnas kun bzang dga' tshal du gzigs bskor la phebs skabs chos 'brel mdor bsdus shig dgos zhes nan tan chen pos bskul ma gnang ngo mi ldog pa'i ched du yab rje gter chen chos kyi rgyal po'i rdo rje'i gsung do ha'i rgyang glu ngo mtshar rmad du byung ba'i bla ma rgyang 'bod la khrid lung bsdus tsam shig phul zhing /_slar yang rgyal ba'i bstan pa la mu cor smra ba'i mu stegs byed rnams rgyal bas pham par mdzad pa'i cho 'phrul zla ba dang po'i tshes bco lnga bzang por gsal byed tshig 'bru 'ga' res bsnan te phul ba po ni rtag tu bde ldan bdud rtsi mdza' ba'i grogs su bsten pa phrin las nor bu'o//

[edit]
༄༅། །བླ་མ་རྒྱང་འབོད་ཀྱི་འགྲེལ་པ་དྲི་ཟའི་བུ་མོའི་ཏམྦུ་རའི་སྒྲ་དབྱངས།

༄༅། །མ་ལ་བུ་ཡི་བརྩེ་བ་ཆེན་པོས་འབོད་པ་བཞིན་དུ་སློབ་བུ་དད་ལྡན་ཐར་པ་དོན་གཉེར་ཅན་རྣམས་ནས་ལམ་མཁན་རང་གི་རྩ་བའི་བླ༵་མ༵་ལ་ཐུགས་རྗེ་རྒྱུད་བསྐུལ་གྱི་ཆེད་དུ་བླ་མའི་གཟུགས་སྐུའི་རྣམ་པ་རྒྱང༵་རིང་གང་དུ་བཞུགས་ཀྱང་ཐུགས་རྗེ་ལ་ཉེ་རིང་མེད་པ་བརྩེ་བའི་ནུས་པས་ཉེ་བར་དགོངས་པའི་སྙན་གསན་དབབ་པའི་སླད་དུ་སྙིང་ནས་གདུང་བའི་དབྱངས་ཀྱིས་འབོ༵ད་པ་བླ་མ་རྒྱང་འབོད་དེ། དེའི་འགྲེལ་པ་དྲི་ཟའི་བུ་མོའི་ཏམྦུ་རའི་སྒྲ་དབྱངས་ཞེས་བྱ་བ་བཞུགས། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། །སངས་རྒྱས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་སྟེ། ཆོས་སྐུ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །ངེས་ཚིག་ནི། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་མངའ། །ཞེས་དང་། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས། གཉིས་ཆོས་ཀྱི་དྲི་མ་སངས་ཤིང་། གཉིས་མེད་ཀྱི་ཡེ་ཤེས་རྒྱས་པས་ན་སངས་རྒྱས་སོ། །ཞེས་གསུངས། དབྱེ་ན་ཆོས་སྐུ་ངོ་བོས་རྟག་པ། ལོངས་སྐུ་རྒྱུན་གྱིས་རྟག་པ། སྤྲུལ་སྐུ་ངེས་པ་མེད་པས་རྟག་པ་སྟེ་རྟག་པ་དམ་པ་གསུམ་གྱི་ཡོན་ཏན་དང་ལྡན་པའི་རང་བཞིན་ནོ། །དེའི་ཕྱིར་འདས་པའི་སངས་རྒྱས་རྣམས་དང་། མ་འོངས་པའི་སངས་རྒྱས་རྣམས་དང་། ད་ལྟར་བཞུགས་པའི་སང༵ས་རྒྱས༵་མ་ལུས་མི་ལུས་ལུས་པ་མེད་པ་ཀུན༵་འདུ༵ས་ཀྱི༵་ངོ༵་བོ༵་ནི་བླ་མ་སྐུ་གསུམ་གྱི་བདག་ཉིད་དོ། །ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །འཕྲལ་གྱི་བདེ་བ་ཙམ་ལས་ཡུན་ལ་ཕན་པའི་དོན་ཆེན་པོ་མི་སྟོན་པ་རྟག་ཆད་གཉིས་ཀྱི་མཐར་ལྷུང་བའི་འཇིག་རྟེན་གྱི་ཆོས་ལས་འཕགས་པས་གནས་སྐབས་སུ་མངོན་པར་མཐོ་བ་ལྷ་མིའི་ཐེག་པ་དང་། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཁོད་པར་བྱེད་པ་ནི་དམ་པའི་ལྷ་ཆོས་ཀྱི་ངོ་བོའོ། །ངེས་ཚིག་ནི་བུམ་པས་ཆུ་འཛིན་པའི་བྱ་བ་བྱེད་པ་བཞིན་དུ་གཏན་དུ་རྣམ་པ་ཐམས་ཅད་མཁྱེན་བའི་གོ་འཕང་ལ་འཁོད་པའི་བར་དུ་སྤང་རྟོགས་ཀྱི་ཡོན་ཏན་མཐའ་དག་གོང་ནས་གོང་འཕེལ་དུ་འཛིན་པར་བྱེད་པའོ། །དབྱེ་ན་ཐེག་པ་ཐུན་མོང་གི་དབང་དུ་བྱས་ན། རྗོད་བྱེད་གསུང་རབ་ཡན་ལག་བཅུ་གཉིས་དང་། དེ་དག་གི་དོན་སྟོན་པ་འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་བརྗོད་བྱ་སྡེ་སྣོད་རྣམ་པ་གསུམ་གྱིས་རིམ་བཞིན་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་གསུམ་སྟོན་པར་བྱེད་པའོ། །ཐུན་མོང་མ་ཡིན་པ་གསང་སྔགས་ལྟར་ན། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་བཞི། རྣལ་འབྱོར་བླ་ན་མེད་ལ་གསང་སྔགས་གསར་མ་ལྟར་ན་ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་དང་། གསང་སྔགས་རྙིང་མ་ལྟར་ན་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག །ལུང་རྫོགས་པ་ཨ་ནུ་ཡོ་ག །མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། རྒྱུད་ལུང་མན་ངག་གསུམ་དུ་རྣམ་པར་བཞག་པས་རྒྱུད་སྡེ་དྲུག་སྟེ། དེ་དག་གི་དོན་ཚང་ལ་མ་ནོར་བར་སྟོན་པ་ལ་ལུང་གི་ཆོས་དང་། ལུང་གི་ཆོས་དེ་དག་ལ་བརྟེན་ནས་ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། བསྒོམ་པའི་ཤེས་རབ་སྟེ་ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་བྱེད་པ་ནི་རྟོགས་པའི་ཆོས་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། ཐོས་པ་རྒྱས་བྱེད་པ་ནི་ཤེས་རབ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་བསྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་གསུངས་པ་བཞིན་དེ་ལྟ་བུའི་ལུང༵་དང་རྟོག༵ས་པའི་དམ༵་པའི་ཆོ༵ས་ཀྱི༵་འབྱུང༵་གན༵ས་ཀྱང་བླ་མ་ཁོ་ནའོ། །འཕགས་ཚོགས་དགེ་འདུན་གྱི་གཙུག་རྒྱན། །དེ་ལ་དགེ་འདུན་གྱི་ངོ་བོ་ནི་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པའི་བཀའ་ཡི་རྗེས་སུ་འབྲངས་ཏེ་འཕྲལ་ཡུན་ཀུན་ཏུ་ཕན་པ་དང་བདེ་བའི་གཞི་རྩ་དགེ་བ་ཁོ་ན་ལ་ཐུགས་འདུན་པའོ། །དགེ་འདུན་གྱི་ངེས་ཚིག་ནི་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལས་བྱུང་བ་བཞིན་འཚེ་བ་ཆོས་སུ་འཁྲུལ་ནས་རྟག་ཏུ་སྡིག་པ་མི་དགེ་བ་ལ་སེམས་འདུན་པ་ལྟ་བུ་མ་ཡིན་པར་བྱང་ཆུབ་སྙིང་པོའི་ས་ལ་མཆིས་ཀྱི་བར་དུ་དགེ་བ་ཁོ་ན་ལ་ཐུགས་མདུན་ཏེ། སྒོ་གསུམ་ཚོགས་བསགས་སྒྲིབ་སྦྱོང་ལ་མཐའ་གཅིག་ཏུ་བརྩོན་པ་བསྐྱེད་པ་ལས་མི་གཡེལ་བའོ། །དགེ་འདུན་གྱི་དབྱེ་བ་ལ། ཆོས་ཉིད་ཀྱི་བདེན་པ་མངོན་དུ་མ་མཐོང་ཡང་། དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་ཀྱི་དད་པ་སྟེ་དད་པ་གསུམ་ལ་བརྟེན་ཏེ་ཚོགས་ལམ་ནས་སྦྱོར་ལམ་གྱི་ས་ལ་གནས་པའི་སོ་སོའི་སྐྱེ་བོའི་དགེ་འདུན་དང་། ཉན་ཐོས་ལྟར་ན་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་སྡུག་བསྔལ་ཆོས་བཟོད། སྡུག་བསྔལ་ཆོས་ཤེས། སྡུག་བསྔལ་རྗེས་བཟོད། སྡུག་བསྔལ་རྗེས་ཤེས་དང་། དེ་བཞིན་དུ་ཀུན་འབྱུང་གི་བདེན་པ་དང་། ལམ་གྱི་བདེན་པ་དང་། འགོག་པའི་བདེན་པ་ལའང་བཞི་བཞིར་ཕྱེ་བས་མཐོང་ལམ་སྐད་ཅིག་བཅུ་དྲུག་དང་། སྒོམ་ལམ་ས་དགུ་ནས་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བའི་ལམ་ཟད་པར་ཤེས་པ་དང་། མི་སྐྱེ་བར་ཤེས་པ་མངོན་དུ་བྱས་ཏེ། འབྲས་བུ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་དང་། རྒྱུའི་ཐེག་པ་ཆེན་པོ་ལྟར་ན་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་པར་གཟིགས་པ་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཡི་ཕ་རོལ་ཏུ་ཕྱིན་པ་ནས་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་གཤེགས་པའི་བར་དུ་མཉམ་བཞག་ཏུ་བདག་མེད་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་ངང་ལས་མི་གཡོ་སྤྲོས་པ་དང་བྲལ་བར་བཞུགས་ཤིང་། རྗེས་ཐོབ་ཏུ་བྱམས་སྙིང་རྗེ་ཆེན་པོས་སེམས་ཅན་ལ་དམིགས་ནས་ཚོགས་གཉིས་རྒྱ་མཚོ་ལྟ་བུ་རྫོགས་པར་བྱེད་པ། སེམས་ཅན་རྒྱ་མཚོ་ལྟ་བུ་སྨིན་པར་བྱེད་པ། ཞིང་རྒྱ་མཚོ་ལྟ་བུ་སྦྱོང་བར་བྱེད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སེམས་མ་དང་བཅས་པ་དང་། ཁྱད་པར་དུའང་འབྲས་བུའི་ཐེག་པ་ཆེན་པོ་གསང་སྔགས་ལྟར་ན་བསྐྱེད་རྫོགས་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་ས་ལ་བཞུགས་པའི་རིག་འཛིན་དང་། ཕྱི་བསྐྱེད་པའི་རིམ་པ་ཁོ་ན་ལ་གཙོ་བོར་མི་སྟོན་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ཏེ་མཚན་མ་དང་མཚན་མ་མེད་པའི་རྫོགས་རིམ་ལ་རྣལ་འབྱོར་དུ་བྱེད་པ་ས་ལ་གནས་པའི་རིག་འཛིན་དང་།རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ནས་ཚེ་དབང་རིག་འཛིན་དང་། ཕྱག་རྒྱའི་རིག་འཛིན་གྱི་ས་ལས་ལྷུན་གྲུབ་རིག་པ་འཛིན་པའི་ས་ལ་གཤེགས་པའི་བར་དུ་སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པར་བྱེད་པ་ས་ལ་སྨིན་པའི་རིག་འཛིན་ཏེ་ཆེས་ཁྱད་པར་དུ་འཕ༵གས་པའི་ཚོ༵གས་རིག་འཛིན་ནང་གི་དགེ༵་འདུན༵་གྱི༵་ཚོགས་གང་ན་སུ་བཞུགས་པ་དེ་དག་ཐམས་ཅད་ཀྱིས་ཇི་སྐད་དུ། བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་ལས་ལྷག །ཅེས་གསུངས་པ་ལྟར་རང་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་བདེ་བླག་ཏུ་འཐོབ་པའི་སླད་དུ་སངས་རྒྱས་ཀུན་དང་མཉམ་པར་བལྟ་བ་དང་། སངས་རྒྱས་གཞན་མཇལ་བའི་སྐལ་བས་ཕོངས་ཏེ་ཡུན་རིང་འཁོར་བར་འཁྱམས་པ་ལས་ཐར་པའི་ལམ་ཚང་ལ་མ་ནོར་བ་སྟོན་པར་བྱས་པས་བཀའ་དྲིན་གྱི་ངོས་ནས་གཞལ་ན་སངས་རྒྱས་ཀུན་ལས་ཀྱང་ལྷག་པར་བལྟ་ཞིང་།གཙུག་གི་རྒྱན་ནོར་བུ་ལྟ་བུར་རྟག་ཏུ་བརྟེན་དགོས་པ་ཡིན་པས་ན་འཕགས་ཚོགས་དགེ་འདུན་གྱི་གཙུག་རྒྱན། རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །དེ་ཡང་རྩ་བའི་བླ་མ་ཞེས་དམིགས་སུ་བསལ་ནས་བཀུར་བའི་དོན་ནི་སྤྱིར་བླ་མ་ལ་སྤྱིའི་བླ་མ། འདྲེན་པའི་བླ་མ། དམ་ཚིག་དབང་གི་བླ་མ། ཉམས་ཆག་སྐོང་བའི་བླ་མ། སྡོམ་པ་འབོགས་པའི་བླ་མ། མན་ངག་ནོད་པའི་བླ་མ་སོགས་བླ་མའི་དབྱེ་བ་འགའ་ཙམ་གསུངས་པ་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྒྱུད་འཆད། དབང་སྐུར། ཁྱད་པར་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་རང་ཞལ་བཅར་ཕོག་ཏུ་ངོ་སྤྲོད་དེ་བྱང་ཆུབ་ཕྱི་མའི་དུས་མི་ཚེ་མང་པོར་སོང་བའི་རྗེས་སུ་མི་རེ་བར་ཚེ་འདི་ཉིད་རང་ལ་མངོན་དུ་མཛད་པ་པོ་དེ་ལ་རྩ་བའི་བླ་མ་ཞེས་བྱ་བས། དེའི་ཕྱིར་རྩ༵་བ༵འི་བླ༵་མ༵་ཁྱེ༵ད་མཁྱེ༵ན་ནོ༵། །བླ་མེད་བླ་མ་ཡི་རྒྱལ་པོ། །གོང་དུ་བརྗོད་པ་བཞིན་གདུལ་བྱའི་སྐལ་པ་དང་འཚམས་པའི་བླ་མ་མང་དུ་བཞུགས་པ་དེ་དག་ཐམས་ཅད་ལ་རང་ལ་བཀའ་དྲིན་བླ༵་ན་མེ༵ད་པར་ཆེ་བའི་དགེ་བའི་བཤེས་གཉེན་ནམ། བླ༵་མ༵་མང་པོ་ཡི༵་ནང་ནས་མཆོག་དང་རབ་ཏུ་གྱུར་པའི་བླ་མ་གཙོ་བོའི་ནང་ནས་རྒྱལ༵་པོ༵་ལྟ་བུ་ནི་དྲིན་ཅན་རྩ་བའི་བླ་མ་ཉག་ཅིག་ཡིན་པས་བླ་མེད་བླ་མ་ཡི་རྒྱལ་པོ། ཡི་དམ་རྒྱ་མཚོ་ཡི་སྤྱི་དཔལ། །ཞེས་ཡིད་ཀྱིས་དམ་བཅའ་བའམ་སྙིང་ནས་ཁས་འཆེ་བ་སྟེ། གང་ཞིག་ཡི་དམ་དུ་བཅའ་ན་རང་ལ་ལས་འབྲེལ་ཡོད་པའི་ལྷ་སྐལ་བླ་མས་རང་ལ་ལུང་བསྟན་པའམ་དབང་ནོད་པའི་སྐབས་སུ་རིགས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་རོ་གཅིག་ཏུ་གྱུར་གྱི་བར་དུ་མི་གཏོང་བར་བསྒྲུབ་པའི་དམ་བཅའ་བ་སྟེ། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་བྱམས་ཀླས་པས། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་སྨོན་པའི་ལམ་དུ་མཛད་པ་གང་ཡིན་པའོ། །ཡི༵་དམ༵་རྒྱུད་སྡེ་བཞི་དྲུག་གིས་ལྷ་ཚོགས་ཞི་ཆགས་འབར་བའི་རྣམ་པ་རྒྱ་ཆེ་ལ་གཏིང་ཟབ་པ་རྒྱ༵་མཚོ༵་ཡི༵་རྒྱ་ཁྱོན་ལྟར་ཚད་ལ་གཞལ་དུ་མེད་པ་གང་ལྟར་སྣང་ཡང་བླ་མའི་སྤྱི༵་གཟུགས་སུ་ངེས་པའི་དཔ༵ལ་ཡོན་འབའ་ཞིག་གོ། །གནས་གསུམ་མཁའ་འགྲོ་ཡི་ཚོགས་དཔོན། །ཁྱབ་བདག་བླ་མ་ཁྱེད་མཁྱེན་ནོ། །ཇི་སྐད་དུ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པ་བཞིན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཞུགས་པའི་གནས་ནི་ཕྱོགས་དང་དུས་སོགས་ཀྱིས་ནམ་ཡང་བསྡུས་པ་མ་ཡིན་པའི་རྡོ་རྗེ་བཙུན་མོའི་བྷ་ག་ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་ཆེན་བདེ་བ་ཆེན་པོའོ། །དེའི་རང་རྩལ་མ་འགགས་པ་སྣང་ཆ་རང་བཞིན་འོད་གསལ་བའི་ཡོན་ཏན་རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་རིགས་ལྔའི་སྐུ་དང་ཞིང་ཁམས་ཤིན་ཏུ་རྣམ་པར་དག་པ་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་སྣང་ཞིང་། རྟག་ཏུ་འཕོ་མེད་བདེ་བ་ཆེན་པོའི་ཆོས་ལ་ལོངས་སུ་སྤྱོད་པའོ། །དེ་ལས་ཐུགས་རྗེ་ཀུན་ལ་ཁྱབ་པའི་རོལ་རྩལ་དག་དང་མ་དག་གདུལ་བྱའི་དབང་པོ་དང་འཚམས་པའི་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་གནས་དུས་སོ་སོར་མ་ངེས་པར་མཛད་པ་དང་།ཁྱད་པར་གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་སོགས་ས་ལ་སྤྱོད་པ་དང་མཁའ་ལ་སྤྱོད་པའི་གནས་ཏེ་སྐུ་གསུམ་མཁའ་འགྲོའི་གནས་རྣམས་སུ་རྣམ་འགྱུར་ཞི་བ་དང་། ཞི་མ་ཁྲོ་དང་།ཆགས་པའི་ཉམས་དང་། རྒྱས་པའི་ཉམས་དང་། དབང་ཐང་ཅན་དང་། དྲག་མོའི་ཉམས་དང་ལྡན་པ་ལ་སོགས་ཕྲིན་ལས་སྣ་ཚོགས་བསྒྲུབ་པའི་རོལ་གར་བསམ་ལས་འདས་པར་སྒྱུ་མའི་མིག་འཕྲུལ་ལྟར་བསྒྱུར་ཏེ་འགྲོ་བ་སེམས་ཅན་རྣམས་གྱི་དོན་མཛད་ཅིང་ཁྱད་པར་གསང་སྔགས་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ཆོས་ལམ་བསྐྱེད་རྫོགས་རིམ་པ་གཉིས་ལ་རྣལ་དུ་འབྱོར་པའི་རྣལ་འབྱོར་ཕོ་མོ་རྣམས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁ༵འ་འགྲོ༵་མ་རྣམས་སྤྲིན་བཞིན་དུ་འདུ་བ་ཡི༵་སྐབས་ན་ཚོ༵གས་ཀྱི་རྗེ་དཔོ༵ན་ལ་ཕེབས་པ་གྲངས་མེད་རིག་འཛིན་རྒྱལ་བའི་ཞིང་ཁམས་ཀུན་ཏུ་གྲགས་ཤིང་ཁྱ༵བ་པའི་བད༵ག་ཉིད་བླ༵་མ༵་ཁྱེད༵་མཁྱེ༵ན་ནོ༵། །ཟབ་གསང་གདམས་ངག་གི་བདུད་རྩིས། །བདག་རྒྱུད་སྨིན་གྲོལ་དུ་མཛད་པ། །བཀའ་དྲིན་འཁོར་མཐའ་དང་བྲལ་བའི། །རྡོ་རྗེ་སློབ་དཔོན་ཁྱེད་མཁྱེན་ནོ། །དེ་ལ་ཟབ་པ་ནི་གཏིང་དཔོག་པར་དཀའ་བའི་དོན་ཏེ། རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་པ་ལྟར་ཆོས་ཉིད་ཀྱི་ངོ་བོ་གང་དུའང་གྲུབ་པ་མེད་པ་རྒྱལ་བ་ཀུན་གྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་ཉག་ཅིག་ཡིན་ལ། དེ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་གང་དུའང་མངོན་དུ་མི་སྣང་ལ་ཀུན་ལ་ཁྱབ་པའི་བདག་ཉིད་ཁྱབ་གདལ་ནམ་མཁའི་རང་བཞིན་ནོ། །གསང་བ་ནི་གསང་བའི་སྙིང་པོ་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས་པ་བཞིན་གནས་ལུགས་རང་བྱུང་གི་ཡེ་ཤེས་ནི། རྫོགས་པ་ཆེན་པོའི་རྒྱུད་ལས། རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་མ་འགགས་པར་ནི་གསལ་བ་ཡིན། །ཞེས་གསུངས་པ་ལྟར་ཡེ་ནས་རྒྱུ་རྐྱེན་དང་བྲལ་བའི་ཆོས་སྐུ་འདུས་མ་བྱས་ཆེན་པོ་ནི་རྣམ་པ་འདི་དང་འདི་ལྟ་བུའོ་ཞེས་གསར་དུ་བློ་ཡིས་རྟོགས་སུ་རུང་བའི་ཆོས་མ་ཡིན་པས་ཡེ་ནས་གསང་བའོ། །དེའི་གདངས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཡོན་ཏན་འཁོར་འདས་སྣང་བའི་གཟུགས་བརྙན་གྱི་རོལ་རྩལ་རྣམ་པ་སྣ་ཚོགས་པར་སྣང་ལ།སྣང་བ་ལྟར་དུ་སོ་སོར་དངོས་པོ་དང་མཚན་མར་གྲུབ་པ་རྡུལ་ཙམ་ཡང་མི་མངའ་བས་རང་བཞིན་གྱིས་གསང་བའོ། །སྐུ་དང་ཡེ་ཤེས་སུ་ཇི་ལྟར་སྣང་བ་ཐམས་ཅད་བདག་གཞན་སོ་སོར་གཉིས་སུ་འཛིན་པའི་ཀུན་ཏུ་རྟོག་པའི་ཀུན་ནས་བསླངས་པའི་རེ་བ་དང་དོགས་པས་སྣང་བ་དགྲར་ལངས་ཏེ་གསང་བ་ལྟ་བུ་མ་ཡིན་པར་ཇི་ལྟར་སྣང་བ་དེ་ལྟར་གཞི་དང་རྩ་བ་ངོ་བོ་ཉིད་ཀྱིས་མ་གྲུབ་པས་དངོས་པོའི་རྫས་སུ་གྲུབ་པའི་བསྟན་བྱ་རྡུལ་ཕྲ་རབ་ཙམ་ཡང་མེད་པས་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བའོ། །དེ་ལྟར་ཡེ་ནས་གསང་བ། རང་བཞིན་གྱིས་གསང་བ། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བ་སྟེ་གབ་པའི་གསང་བ་རྣམ་པ་གསུམ་གྱི་དོན་རྣམས་མ་ནོར་བར་སྟོན་པའི་གསང་སྔགས་ཀྱི་རྒྱུད་སྡེ་སྤྱི་དང་། ཁྱད་པར་ནང་རྒྱུད་སྡེ་གསུམ་གྱི་དམ་ཚིག་སྤྱད་བྱ་ལྔ་དང་། དང་དུ་བླང་བྱ་ལྔ་དང་། མི་སྤང་བ་ལྔ། ཤེས་བྱ་ལྔ། སྒྲུབ་བྱ་ལྔ་སྟེ་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། རྩ་བའི་དམ་ཚིག་བླ་མའི་སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་དམ་ཚིག་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བདུན། ཡང་སྒོས་སུ་ཚིག་གསུམ་གནད་བརྡེག་དང་། ཅོག་བཞག་རྣམ་བཞི་ལ་སོགས་པས་གདོད་མའི་གནས་ལུགས་ཀྱི་བཞུགས་ཚུལ་ཇི་བཞིན་པ་བཅར་ཕོག་ཏུ་གཏན་ལ་འབེབས་པ་མེད་པ་དང་གཅིག་པུ་ཁྲེགས་ཆོད་ཀྱི་དམ་ཚིག བཞུགས་སྟངས་གསུམ་དང་། གཟིགས་སྟངས་གསུམ་གྱི་གནད་ལ་བརྟེན་ནས་ཙིཏྟ་ཤ་ཡི་སྒྲོན་མ། དཀར་འཇམ་རྩ་ཡི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ་སྟེ་སྣོད་ཀྱི་སྒྲོན་མ་རྣམ་གསུམ། དབྱིངས་རྣམ་པར་དག་པའི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་སྟེ་བཅུད་ཀྱི་སྒྲོན་མ་རྣམ་གསུམ་བཅས་སྒྲོན་མ་དྲུག་གམ། ཡང་ན་ཙིཏྟ་ཤ་ཡི་སྒྲོན་མ་རྩ་བའི་ཚུལ་དུ་སྣང་བ་སྙིང་། དཀར་འཇམ་རྩ་ཡི་སྒྲོན་མ་སྡོང་པོའི་ཚུལ་དུ་སྣང་བ་རྩ། རྒྱང་ཞགས་ཆུ་ཡི་སྒྲོན་མའབྲས་བུའི་ཚུལ་དུ་སྣང་བས་རྩ་བ་དང་སྡོང་པོ་འབྲས་བུ་མིག་སྟེ་གསུམ་པོ་གཅིག་ཏུ་བྱས་ནས་རྒྱང་ཞགས་ཆུ་ཡི་སྒྲོན་མ་གཅིག་ཏུ་བྱས། བཅུད་ཀྱི་སྒྲོན་མ་རྣམ་གསུམ་སོ་སོར་དབྱེ་བས་རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་ལ་བརྟེན་ནས་ནང་གསལ་སྐུ་གསུམ་དགོངས་པའི་སྐུ་དང་ཞིང་ཁམས་ཕྱིར་གསལ་སྣང་བཞིའི་ཚད་ལ་སྨིན་པར་བྱས་པའི་མཐར་ཆེས་ཕྲའི་ཡེ་ཤེས་ནང་གསལ་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་སྐུའི་དབྱིངས་སུ་བཙན་ས་ཟིན་པར་བྱེད་པ་ཕྱལ་བ་དང་ལྷུན་གྲུབ་ཐོད་རྒལ་གྱི་དམ་ཚིག་སྟེ། དམ་ཚིག་གི་ཆིངས་ཆེན་པོ་བཞི་ཡི་སྒོ་ནས་རང་དོན་དུ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་གཟུགས་ཀྱི་སྐུ་སྟེ་སྐུ་གཉིས་ལ་མངའ་དབང་འབྱོར་བར་བྱེད་པ་མཆོག་དང་རབ་ཏུ་གྱུར་པ་མན་ངག་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའོ། །དེ་ལྟ་བུའི་ཆོས་ནི་ཇི་སྐད་དུ། གསང་སྔགས་གསང་ཞེས་བྱ་བ་ནི། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །སྣོད་མིན་རྣམས་ལ་རབ་ཏུ་གསང་། །ཞེས་གསུངས་པ་ལྟར་སྦས་པའི་གསང་བ་བསྲུང་བ་སྟེ་གསང་སྔགས་བླ་ན་མེད་པའི་ཆོས་ཐམས་ཅད་གསང་བ་རྣམ་བཞིའི་ཁོངས་སུ་སྒོ་ཀུན་ནས་འདུས་སོ། །དེ་ལྟ་བུའི་ཟ༵བ་པ་དང་གས༵ང་བའི་ཆོས་རང་ལ་གད༵མས་པར་མཛད་ཅིང་།ཁྱད་པར་དུའང་ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག༵་གི་ཆོས་རྫོགས་པ་ཆེན་པོ་སངས་རྒྱས་ལག་བཅང་ནད་བརྒྱ་སྨན་གཅིག་གིས་གསོ་བའི་བདུད༵་རྩི་ལྟ་བུའམ། ལྕགས་ཁམས་ལ་གསེར་འགྱུར་གྱི་རྩི༵་ཡི༵ས་ཐེབས་ཏེ་གསེར་དུ་བསྒྱུར་བ་ལྟ་བུ་དུག་ལྔ་ཡེ་ཤེས་ལྔ་རུ་ངོ་སྤྲད་དེ་འཁོར་ཚེ་ཐོག་མེད་ནས་བག་ལ་ཉལ་བའི་བདག༵་ཏུ་ལྟ་བའི་རྒྱུད༵་མ་རུངས་པ་འདི་སྐད་ཅིག་ཉིད་དུ་སྐུ་དང་ཡེ་ཤེས་སུ་སྨིན༵་པར་བྱས་ཏེ་འཁོར་བའི་སྡུག་བསྔལ་ལས་གཏན་གྲོ༵ལ་དུ༵་མཛ༵ད་པ༵། རང་ལ་བཀ༵འ་དྲི༵ན་ཆེན་པོས་ཇི་ལྟར་བསྐྱངས་པའི་ཚུལ་རྣམས་བསམས་ཚེ་ནམ་ཡང་གཞལ་བར་དཀའ་བའམ་འཁོ༵ར་བའི་ཐབས་སམ་མཐ༵འ་ད༵ང་བྲལ༵་བ༵འི་དཀྱིལ་འཁོར་གྱི་གཙོ་བོ་རྡོ༵་རྗེ༵་སློབ༵་དཔོ༵ན་ཁྱེ༵ད་མཁྱེ༵ན་ནོ༵། །ཧ་ཅང་བླ་མ་རང་དྲན་ནས། །གདུང་ཤུགས་གསོལ་བ་ཞིག་འདེབས་སོ། །ཐུགས་རྗེ་ཉེ་རིང་དང་བྲལ་བས། །དབང་བྱིན་དངོས་གྲུབ་ཅིག་སྩོལ་དང་། །གཅམ་བུའི་ངག་གི་ཟོལ་སྦྱོར་མིན་པར་ཧ༵་ཅང༵་སྟེ་སྙིང་གི་དཀྱིལ་ནས་བླ༵་མ༵་ར༵ང་དུས་རྟག་ཏུ་དྲ༵ན་ནས༵། གདུང༵་ཤུ༵གས་བཟོད་དུ་མེད་པས་ལུས་ཀྱི་བ་སྤུ་གཡོ་ཞིང་། མིག་ནས་མཆི་མ་འཁྲུགས་པའི་གསོ༵ལ་བ༵་ཞིག༵་འདེ༵བས་སོ༵། །དེས་ན་ཐུག༵ས་རྗེ༵་ཉེ༵་རི༵ང་དང༵་བྲལ་བས་སྐུ་བུམ་པའི་དབང་གིས་རྣམ་སྨིན་ལུས་ཀྱི་སྒྲིབ་པ་དག་ནས་བདག་གི་ལུས་སྣང་སྟོང་སྤྲུལ་སྐུ་རུ་འཆར་བར་བྱིན་གྱིས་རློབས་ཤིག གསུང་གསང་བའི་དབང་གིས་ངག་རླུང་གི་སྒྲིབ་པ་དག་ནས་བདག་གིས་ངག་གསུང་གྲགས་སྟོང་ལོངས་སྐུ་རུ་འཆར་བར་བྱིན་གྱིས་རློབས་ཤིག ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཐིག་ལེའི་སྒྲིབ་པ་དག་ནས་བདག་གི་སེམས་རིག་སྟོང་ཆོས་སྐུ་རུ་འཆར་བར་བྱིན་ཀྱིས་རློབས་ཤིག མདོར་ན་ཐུན་མོང་གི་དངོས་གྲུབ་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་སྟེ་ཕྲིན་ལས་རྣམ་པ་བཞི་དང་། སྐུ་ཤེས་བྱའི་སྣང་བརྙན་ཡོད་དགུར་འཆར་བའི་ཁ་སྦྱོར། རྟག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ། གསུང་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་ལ་ལོངས་སུ་སྤྱོད་པ། དེ་དག་ཐམས་ཅད་ཀྱང་རང་བཞིན་གྱིས་མ་གྲུབ་པ་སྟེ་རང་དོན་ཕུན་སུམ་ཚོགས་པའི་ཡན་ལག་བཞི་དང་། ཐུགས་སྙིང་རྗེས་ཡོངས་སུ་གང་བས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། དེ་ཡང་ནམ་དུའང་རྒྱུན་མ་འཆད་པ་དང་། སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྐུ་ཡི་རྣམ་པ་དང་། གསུང་གི་ཆོས་སྟོན་པས་འགོག་པ་མེད་པ་སྟེ་གཞན་དོན་ཕུན་སུམ་ཚོགས་པའི་ལན་ལག་གསུམ་སྟེ་མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་དང་ཞིང་ཁམས་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་མངའ་དབང་བསྒྱུར་བའི་དབང་དང་བྱིན་རླབས་དངོས་གྲུབ་ཅིག་སྩོལ་དང་། དེ་ལྟར་བླ་མ་ལ་ཕྱི་ལྟར་ཐེག་པ་ཐུན་མོང་གི་ལུགས་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་དུ་ལྟ་བའི་སྒོ་ནས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ལམ་ལ་བར་ཆད་མི་འབྱུང་བར་གསོལ་བ་འདེབས་པ་དང་། ནང་ལྟར་ཐེག་པ་ཐུན་མོང་མིན་པའི་ལུགས་སུ་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་དུ་ལྟ་བའི་སྒོ་ནས་སྣང་གྲགས་རིག་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་སད་པར་བྱེད་པའི་ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ནས་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པར་བསྐུལ་བ་སོང་ནས། ད་ནི་གསང་བ་ལྟར་ན་བླ་མ་རྒྱུ་རྐྱེན་ལས་སྐྱེས་ཤིང་། གཞན་བྱུང་གི་ཡེ་ཤེས་ཅན་འདུས་བྱས་གཟུགས་སྐུའི་ཆོས་ཉག་ཅིག་ཏུ་མི་གོ་བར་འདུས་མ་བྱས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་སུ་འགགས་བསྡམས་ཏེ་ལ་བཟླ་བ་ནི། སྣང་ཆ་ཀུན་རྫོབ་ཀྱི་བླ་མ། །དོན་དམ་རང་རིག་གི་ཆོ་འཕྲུལ། །རང་བྱུང་རིག་སྟོང་གི་བླ་མ། །ཡེ་ནས་ལྷན་ཅིག་ཏུ་གནས་འདུག །དེ་ཡང་སྣང་ཆ་ཞེས་སྟོང་ཆ་ལ་ལྟོས་ནས་བཞག་པའི་ཆོས་ཏེ་དེས་ན་སེམས་ཀྱི་རང་བཞིན་ཕྱི་རོལ་དུ་སྣང་བའི་ནམ་མཁའ་སྔོ་སངས་ཅང་མེད་བེམ་སྟོང་ལྟ་བུ་མིན་པར་རྟག་ཏུ་འོད་གསལ་བའི་ཡོན་ཏན་མ་འགགས་པའོ། །དེ་ཉིད་སེམས་ཅན་གྱི་དུས་ན་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་དག་པའི་སྣང་བའམ་འོད་གསལ་བག་ལ་ཞ་ཞིང་། མ་དག་འཁོར་བའི་སྣང་བ་འཆར་བ་དང་། ལམ་ཉམས་སུ་ལེན་པའི་བྱང་ཆུབ་སེམས་དཔའམ། རྣལ་འབྱོར་པ་རྣམས་ལ་སྔ་མའི་འཁོར་བའི་བག་ཆགས་ལྷག་མ་དྲུང་ནས་མ་དག་པས་གནས་སྐབས་མ་དག་པའི་སྣང་བ་འཆར་རུང་། ཚོགས་བསགས་སྒྲིབ་སྦྱོང་དང་། བསྐྱེད་རྫོགས་སོགས་ཀྱི་ཉམས་ལེན་གོང་ནས་གོང་དུ་བོགས་ཐོན་ཏེ་སྣང་བ་གནས་འགྱུར་གྱི་ཡོན་ཏན་ནུས་པ་མངོན་དུ་གྱུར་ཏེ་དག་པའི་སྣང་བ་རིམ་བཞིན་འཆར་བས་མ་དག་དག་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཚེ་ན་སྣང་བ་དག་པ་འབའ་ཞིག་འཆར་བས་དེའི་ཕྱིར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས། དེ་ལྟར་སྣང་བ་རྣམ་གསུམ་དུ་རྣམ་པར་བཞག་པ་ལྟར་ན། ཤིན་ཏུ་རྣམ་པར་དག་པའི་སྣང་བ་ལ་ལོངས་སྤྱོད་པ་པོ་ནི་སངས་རྒྱས་ཀུན་གྱི་སྤྱི་གཟུགས་བླ་མ་ཁོ་ན་ཡིན་ཏེ། དེའི་ཕྱིར་བླ་མའི་གཟུགས་སྐུའི་ཡོན་ཏན་སྣང་ཆ་ཡང་དག་ཀུན་རྫོབ་ཀྱི་ངོས་ནས་གཞལ་ན་འབུར་དུ་དོད་པ་དང་། རིས་སུ་བྲིས་པ་ལ་སོགས་པའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་། ཡང་ན་བཟོ་བོ་བི་ཤྭ་ཀརྨ་ལ་སོགས་པ་ལྟ་བུ་བཟོ་ཡི་རིགས་བྱེད་ཀྱི་སྒོ་ནས་འགྲོ་བའི་རྒྱུད་ལ་དཀར་པོ་དགེ་བའི་སྣང་བ་སྤེལ་བར་བྱེད་པ་བཟོ་ཡི་སྤྲུལ་སྐུ་དང་། བྱ་དང་རི་དྭགས་རྔོན་དང་སྨད་འཚོང་མ་དང་། བྲན་འཁོར་དང་། རྒྱལ་པོ་དང་། བཙུན་མོ་དང་། བློན་པོ་དང་། བློན་མོ། བྲན་དང་འབངས་འཁོར་ལ་སོགས་པའི་སྐྱེ་བ་བླངས་ཏེ་འགྲོ་བའི་དོན་བྱེད་པ་སྐྱེ་བ་སྤྲུལ་སྐུ། ཡུལ་ལྗོངས་དང་ཁང་ཁྱིམ་དང་། གྲུ་གཟིངས་དང་། ཟམ་པ་ལ་སོགས་པར་སྤྲུལ་ཏེ་འགྲོ་བ་རྣམས་བདེ་བར་འཚོ་བའི་རྟེན་བྱེད་པ་སྣ་ཚོགས་སྤྲུལ་སྐུ། ཐེག་པ་ཆེན་པོ་ལྟར་ན་ལང་ཀར་གཤེགས་པ་ལས། གཙང་མའི་གནས་རྣམས་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་གསུངས་ཏེ་གཟུགས་ཁམས་ཀྱི་ལྷའི་གནས་དང་། གཟུགས་མེད་ཁམས་ཀྱི་ལྷའི་གནས་དང་འདོད་ཁམས་ཀྱི་ལྷའི་གནས་ཏེ་ཁམས་གསུམ་གྱི་ལྷའི་གནས་རྣམས་སུ་མིན་པར་གང་དུ་སྒྲིབ་པ་མཐའ་དག་དང་བྲལ་ཞིང་། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་འདྲེས་པ་དེ་ལ་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་སའམ། འོག་མིན་ཞེས་བྱ་སྟེ་དེ་ཉིད་དུ་ཐོག་མར་སངས་རྒྱས་ཏེ་གདོད་འཛམ་གླིང་འདི་ཉིད་དུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སངས་རྒྱས་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལྟ་བུ། འོག་མིན་གྱི་ཞིང་ཁམས་ཀྱང་ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་པས་ན། །དེ་ལ་གདགས་པ་ཐ་དད་བྱེད། །ཅེས་བཤད་པ་ལྟར་ངོ་བོ་དབྱེར་མི་ཕྱེད་པ་ལ་རྣམ་པའི་ཡོན་ཏན་རིགས་ལྔའི་སྐུ་དང་ཞིང་ཁམས་ཚད་གཟུང་མེད་པར་སྣང་བས། འོག་མིན་མངོན་པར་དགའ་བའི་ཞིང་ནས་སྟོན་པ་རྡོ་རྗེ་སེམས་དཔའི་སྤྲུལ་པ་རིག་འཛིན་གྱི་རྒྱལ་པོ་དགའ་རབ་རྡོ་རྗེ་དང་། འོག་མིན་པདྨ་བརྩེགས་པའམ་བདེ་བ་ཅན་གྱི་ཞིང་ནས་རྒྱལ་བ་འོད་མཚན་སྟོང་འབར་གྱི་སྤྲུལ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྟ་བུ་སྣ་ཚོགས་གདུལ་བྱའི་མོས་པ་དང་འཚམས་པ་གནས་དུས་སོ་སོར་ཐུགས་རྗེ་ཡས་སྤྲུལ་ལམ། མཆོག་གི་སྤྲུལ་པའི་སྐུ་སྟེ་སྣང༵་ཆ༵་ཀུན༵་རྫོ༵བ་ཀྱི༵་བླ༵་མ༵་རྣམ་པ་སྣ་ཚོགས་ཅི་འདྲ་བ་སྣང་ཡང་རུང་སྟེ། གནས་ཚུལ་དོ༵ན་ད༵མ་པར་ར༵ང་རི༵ག་གི༵་རྩལ་དང་རོལ་པའི་ཆོ༵་འཕྲུལ༵་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་བསླད་དུ་མེད་པ་ཟག་པ་མེད་པའི་ཆོས་ཁམས་དག་པ་གཉིས་ལྡན་ར༵ང་བྱུང༵་རི༵ག་སྟོང༵་གི༵་བླ༵་མ༵་ཡེ་ཤེས་རྡོ་རྗེ་སྟེ་ཡེ༵་ཐོག་མ་ཉིད་ན༵ས་རང་དང་འབྲལ་མེད་ལྷན༵་ཅི༵ག་ཏུ༵་གན༵ས་འདུ༵ག །ད་ལྟ་རང་ངོ་ཞིག་ཤེས་དུས། །ཕྱོགས་འཛིན་ཨ་འཐས་ཀྱི་བླ་མ། །རྗེས་མེད་རང་ཡལ་དུ་སོང་བས། །རེ་དོགས་ཞེན་ཡུལ་ནི་མི་འདུག །ད་ནི་ཐ་སྙད་ཀྱི་གསོལ་འདེབས། །འཁྲུལ་སྣང་དཀར་པོ་ལ་མི་རེ། །དེ་ད༵་ལྟ༵་ར༵ང་ངོ༵་ཞི༵ག་ཤེ༵ས་པའི་དུས༵་ཀྱི་ཚེ། སྔོན་ཆད་རང་སྣང་གི་སྟོན་པ་རང་དང་འབྲལ་མེད་ཡིན་པ་ངོ་མ་ཤེས་ཏེ། ཕྱོ༵གས་ག་ཤེད་ན་རང་ལས་ལོགས་སུ་རྡོས་བཅས་སམ། འདྲ་སྐུ་བཞིན་དུ་བཞུགས་ཡོད་སྙམ་པའི་ཞེན་འཛི༵ན་ཨ༵་འཐ༵ས་ཀྱི༵་བསྒོམ་པའི་བླ༵་མ༵་བྱ་ནམ་མཁའ་ལ་འཕུར་བ་བཞིན་དུ་རྗེས༵་ཤུལ་ཙམ་ཡང་གཟུང་རྒྱུ་མེ༵ད་པར་ར༵ང་ཡ༵ལ་དུ༵་སོ༵ང་བ༵ས། ད་ནི་བླ་མ་འགྲུབ་པའི་རེ་བ་དང་། བླ་མ་མི་འགྲུབ་པའི་དོགས་པ་སྟེ་རེ༵་དོ༵གས་ཞེ༵ན་ཡུལ༵་ནི༵་སེམས་ལ་མི༵་འདུ༵ག ངེས་པ་དོན་གྱི་བླ་མ་རང་ལས་རྙེད་པས་ད༵་ནི༵་བླ་མའི་ཐུགས་རྗེ་རྒྱུད་བསྐུལ་གྱི་སླད་དུ་ཐ༵་སྙད༵་ཀྱི༵་ཚིག་ཙམ་ཡང་ཡང་བསྐྱར་བ་ལ་བློ་ཆགས་ཏེ་གསོལ་འདེབས་སུ་རློམས་པ་འདིའང་ཇི་ལྟར་དགུང་སྔོན་གྱི་མཐོངས་སུ་སྤྲིན་དཀར་གྱི་ཕུང་པོ་ལང་ལོང་མཛེས་པར་འཁྲིགས་པས་ཉི་མའི་རང་ཞལ་བསྒྲིབས་པ་བཞིན་དུ་རིག་པའི་རང་ཞལ་སྒྲིབ་བྱེད་རང་དུ་འདུག་པས་དེའི་ཕྱིར་གསོ༵ལ་འདེ༵བས་འཁྲུལ༵་པའི་སྣང༵་བ་དཀ༵ར་པོ༵་ལ༵་མི༵་རེ༵འོ། །འཛིན་མེད་རང་གྲོལ་གྱི་ཤེས་པ། །གུ་ཡངས་ཕྱམ་གདལ་དུ་གློད་གཏོང་། །རྫོགས་པ་ཆེན་པོ་ནི་རང་སྣང་རིས་མེད་ངང་ལ་འཁོར་འདས་ཀྱི་སྣང་བ་ཇི་ལྟར་འཆར་ཡང་རིག་རྩལ་ཆོས་སྐུའི་ཡོ་ལང་དུ་འཆར་བས་བླང་དོར་དུ་བྱ་བའི་ཆོས་ནི་ཡེ་ནས་མ་གྲུབ་པས་དེའི་ཕྱིར་བསྐྱར་དུ་གྲོལ་བའི་བསྐྱར་གཞི་མ་གྲུབ་པས་ཡེ་གྲོལ། རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་སུ་དག་པས་སྣང་བའི་རྣམ་པ་ཐམས་ཅད་མ་འདྲེས་སོ་སོར་འཆར་ཡང་། དེ་དག་རྟག་བརྟན་ཐེར་ཟུག་ཏུ་གཟུང་བའི་ཡུལ་ཤུལ་དུ་ལུས་པ་རྡུལ་ཙམ་མ་རྙེད་པས་ཡོངས་གྲོལ། འདུ་བྱེད་ཀྱི་དྲན་པ་ལ་བརྟེན་ནས་སེམས་ལ་སེམས་ཀྱིས་བྱ་ར་བྱས་ཏེ་སེམས་འཛིན་གྱི་རྟོད་ཕུར་དུ་བཅིངས་པ་ལྟ་བུ་མིན་པར་གང་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་གཉུག་མའི་ངང་ལ་ཕྱམ་གདལ་དུ་གྲོལ་བས་ཅེར་གྲོལ། གཉེན་པོ་གཞན་ལ་ལྟོས་ནས་གྲོལ་མ་དགོས་པ་སྣང་ཙམ་ཉིད་ནས་ཆོས་ཉིད་སྐྱེ་བ་མེད་པའི་དགོངས་པ་ལ་འབྱོར་བས་རང་གྲོལ་ཏེ་གྲོལ་ལུགས་ཆེན་པོ་བཞི་དང་། དེ་ཡང་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཞེས་བློ་ཡིས་བཏགས་པ་ཙམ་དུའང་མ་གྲུབ་པའི་འཛི༵ན་མེ༵ད་ར༵ང་གྲོ༵ལ་གྱི༵་ཤེ༵ས་པ༵་ཟང་ཀ་མ་གང་དུའང་ཐོགས་རྡུགས་མེད་པའི་བཞུགས་ཚུལ་ཇི་ལྟ་བ་བཞིན་དུ་ག༵ཡ༵ངས་ཕྱམ༵་གད༵ལ་དུ༵་གློ༵ད་གཏོང༵་། འཁྲུལ་རྒྱུ་ཡོད་ནའང་འཁྲུལ་ཆུག །འཁྲུལ་སྣང་འགྱུ༵་སྟོང་དུ་རྗེས་མེད། །ད་ནི་འཁྲུལ་དུ་མི་འཇུག་གོ་སྙམ་པའི་གཉེན་པོ་ལྷན་པ་བཟང་པོ་ཡང་ཡང་བཙལ་ཞིང་བཏབ་ནས་འཇུར་དྲན་གྱི་གེགས་དང་གོལ་ས་སྲོག་རླུང་འཁྲུགས་པ་ལ་སོགས་པའི་འགལ་རྐྱེན་གཏན་ནས་མི་བཟོ་བར་གང་ལྟར་འཁྲུ༵ལ་རྒྱུ༵་ཡོ༵ད་ན༵འང་འཁྲུལ༵་དུ་ཆུག༵་གོ། །གནས་ལུགས་སྟོང་པ་ཆེན་པོ་ཀ་ནས་དག་པའི་ངོ་བོ་ལ་འཁྲུལ་པ་གཤིས་ལ་མི་སྲིད་པས་གནས་སྐབས་སྔོན་མའི་བག་ཆགས་ཀྱི་ལྷག་མ་རླུང་སེམས་འགྱུ་བ་འཁྲུལ་སྣང་ལྟར་འཆར་ཡང་འཁྲུ༵ལ་སྣང༵་གི་རྩ་བ་བཙལ་ན་ཕྲ་བའི་ཕྲ་བ་ཙམ་ཡང་མི་རྙེད་པ་ནམ་མཁའ་ལ་མཛུབ་མོས་རི་མོ་བྲིས་པ་ཇི་བཞིན་འགྱུ༵་སྟོང༵་དུ༵་རྗེ༵ས་ཙམ་མེ༵ད་པ་དག་སོང་སྟེ། ཨོ་རྒྱན་ཆེན་པོས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུགས། །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཞེས་གསུངས་པ་ལ་ངེས་པའི་ཤེས་པ་ཁོང་ནས་རྙེད་དོ། །གྲོལ་རྒྱུ་ཡོད་ནའང་གྲོལ་ཆུག །གྲོལ་བ་གཞི་མེད་དུ་རྩ་བྲལ། །གང་དུའང་ཞེན་ཅིང་ཆགས་པའི་ཡུལ་ལ་བརྟེན་ནས་དེ་ལས་གྲོལ་བ་ཐོབ་པའི་ཐབས་སམ་གཉེན་པོ་ལ་བརྟེན་ཏེ་གྲོ༵ལ་རྒྱུ༵་ཡོ༵ད་ན༵འང་གྲོ༵ལ་དུ་ཆུ༵ག་གོ། །གང་དུ་གང་གིས་ཀྱང་བཅིངས་པ་ནམ་ཡང་རྙེད་པ་མི་འདུག་པས་གྲོ༵ལ་བ༵་གཞི༵་མེ༵ད་དུ༵་རྩ༵་བ་དང་བྲ༵ལ་བ་སྟེ། ཀུན་མཁྱེན་ཆོས་རྗེས། སྣང་བ་ཡེ་གྲོལ་གཞི་རྩ་མེད་པར་གྲོལ། །སྲིད་པ་ཡེ་གྲོལ་བྱང་ཆུབ་སྙིང་པོར་གྲོལ། །སྤྲོས་པ་ཡེ་གྲོལ་མུ་མཐའ་མེད་པར་གྲོལ། །སྤྲོས་མེད་ཡེ་གྲོལ་མ་སྐྱེས་དག་པར་གྲོལ། །ཞེས་གསུངས་པ་ཁོ་ན་ལས་གཞན་ཅི་ཞིག་རྙེད་དེ་དེའི་ཕྱིར་དཔལ་ས་ར་ཧས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཞེས་གསུངས་པ་ལ་ཡིད་ཕྱོགས་སོ། །གང་ཡང་གཟའ་གཏད་དང་བྲལ་བའི། །བློ་འདས་རང་བྱུང་གི་བླ་མའི། །རྒྱལ་ས་མཐོན་པོ་དེ་འཛིན་ནོ། །གནས་ལུགས་ཆོས་ཉིད་དོན་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པ་ལ་ཐུག་པས་ཅིར་ཡང་ཡིན་པ་མིན་པའི་ལྟ་བ། སྣང་ལུགས་གང་ཤར་ཆོས་ཉིད་ཀྱི་རོལ་རྩལ་དུ་རྟོགས་པས་མིན་པ་མིན་པའི་བསྒོམ་པ། བཟང་ངན་གི་འདམ་ཀ་བྱ་བའི་ཆོས་སུ་མ་གྲུབ་པས་བླང་དོར་དབྱེར་མེད་དུ་སྤྱོད་པས་ཡིན་མིན་མིན་པའི་སྤྱོད་པ་སྟེ། ག༵ང་ལ་ཡ༵ང་གཟ༵འ་གཏ༵ད་དང༵་བྲ༵ལ་བ༵འི་འབྲས་བུ་བློ༵་འད༵ས་ར༵ང་བྱུང༵་གི༵་བླ༵་མ༵འི་རྒྱལ༵་ས༵་མཐོ༵ན་པོ༵་སྟེ་དེ་བས་བླ་ན་མངོན་པར་མཐོ་བའི་གོ་ས་སྲིད་པ་དང་ཞི་བའི་ཁམས་གང་དུའང་ཡོད་པ་མ་ཡིན་པ་དེ་འཛིན་ནོ། །ཚུལ་ཇི་ལྟ་བུས་འཛིན་ན་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ལྷུན་གྲུབ་ཕྱོགས་མེད་ཀུན་ཁྱབ་གདལ་བའི་རྫོང་། །སྟེང་འོག་བར་མེད་ཡེ་གྲོལ་ཡངས་པའི་རྫོང་། །ཕྱོགས་མེད་ཀུན་ཤོང་སྐྱེ་མེད་ཆོས་སྐུའི་རྫོང་། །མི་འགྱུར་ལྷུན་གྲུབ་རིན་ཆེན་གསང་བའི་རྫོང་། །སྣང་སྲིད་འཁོར་འདས་ཡེ་རྫོང་ཕྱམ་གཅིག་རྫོགས། །ཕྱོགས་མེད་ཀུན་ཁྱབ་གདལ་པའི་ས་གཞི་ལ། །འཁོར་འདས་རིས་མེད་བྱང་ཆུབ་སེམས་ཀྱི་མཁར། །ཆོས་ཉིད་ཀློང་ཡངས་རྩེ་མོ་ལྷུན་མཐོ་ཞིང་། །མ་བྱས་རང་བཞིན་ཕྱོགས་བཞི་ཡངས་པའི་དཀྱིལ། །རིམ་རྩོལ་བྲལ་བའི་འཇུག་སྒོ་ཤིན་ཏུ་ཡངས། །ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་དཀྱིལ་རང་གསལ་རྟོག་པ་མེད། །མི་གཡོ་བསམ་བརྗོད་བྲལ་བའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཡུལ་དེར་གནས་ན་ཐམས་ཅད་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར། །མ་བྱས་ཡེ་ཟིན་རྩོལ་གྲུབ་འདས་པ་ཉིད། །གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན། །ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ། །ཞེས་གསུངས་པའི་དགོངས་པ་ལས་རྟག་ཏུ་མི་གཡོ་བར་བྱའོ། །ཨ་ཧོ་ངོ་མཚར་རང་ཆེའོ། །དེ་ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་དང་། མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །ཞེས་གསུངས་ཏེ། དེ་ལ་སྐྱེ་བ་མེད་པ་ནི་ཆོས་ཀྱི་སྐུ་སྟེ། གང་ན་སྐྱེ་བ་མེད་ཕན་ཆད་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་ལ་སོགས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་རྟག་ཏུ་འགོག་པ་ཡིན་པས་བདེ་བར་གཤེགས་པ་སྟེ། མདོ་ལས། གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་རབ་ཏུ་མི་གནས་པ། །ཐར་པའི་མཆོག་སྟེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །ཞེས་སོ། །དེ་ཡང་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལས་གཟུགས་སྐུ་རྣམ་པ་ཐམས་ཅད་པར་སྐྱེ་བའི་ཆོ་འཕྲུལ་དམ་པའི་ཆོས་ཀྱི་སྒྲ་དང་ཚིག་དང་དབྱངས་ཀུན་རང་བྱུང་རང་ཤར་དུ་གྲགས་པའང་འགལ་འདུ་མ་ཡིན་པས་ཚིག་ཏུ་བརྗོད་པ་སྤངས་པའི་དབྱིངས་ལས་ཚིག་ཀུན་རབ་ཏུ་གསལ་བར་བྱེད་པ་བརྗོད་པ་ཀུན་གྱི་འབྱུང་གནས་སམ་རྒྱུ་ཡི་མཆོག་སྐྱེ་བ་མེད་པའི་ཡི་གེ་ཨ་སྟེ། དེ་ལ་དམ་པ་ལྷ་ཡི་བཞད་སྒྲ་ཧོ་ཡིས་བརྒྱན་པས་ཨ༵་ཧོ༵་སྟེ་བསམ་པའི་ཡུལ་ལས་འདས་པའི་ཡ་མཚན་ངོ༵་མཚ༵ར་ར༵ང་མཆོག་ཏུ་ཆེ༵འོ། །ཞེས་པ་འདི་ནི་རང་ལ་བོང་བ་གསེར་དུ་གཟིགས་པའི་དག་སྣང་ཆེས་མཆོག་ཏུ་ཆེ་བ་མཁྱེན་རྟོགས་མཚུངས་མེད་མཆོག་སྤྲུལ་ཐུབ་བསྟན་ནོར་བུ་དང་། བསླབ་པ་གསུམ་གྱིས་ཐུགས་རྒྱུད་ལེགས་པར་འདུལ་བ་མཁན་ཆོས་ཉིད་དོན་རྟོགས་བྱང་གླིང་ཨ་རིའི་ཡུལ་ན་རང་གི་བསྟི་གནས་ཀུན་བཟང་དགའ་ཚལ་དུ་གཟིགས་བསྐོར་ལ་ཕེབས་སྐབས་ཆོས་འབྲེལ་མདོར་བསྡུས་ཤིག་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་མ་གནང་ངོ་མི་ལྡོག་པའི་ཆེད་དུ་ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་གསུང་དོ་ཧའི་རྒྱང་གླུ་ངོ་མཚར་རྨད་དུ་བྱུང་བའི་བླ་མ་རྒྱང་འབོད་ལ་ཁྲིད་ལུང་བསྡུས་ཙམ་ཤིག་ཕུལ་ཞིང་། སླར་ཡང་རྒྱལ་བའི་བསྟན་པ་ལ་མུ་ཅོར་སྨྲ་བའི་མུ་སྟེགས་བྱེད་རྣམས་རྒྱལ་བས་ཕམ་པར་མཛད་པའི་ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་བཅོ་ལྔ་བཟང་པོར་གསལ་བྱེད་ཚིག་འབྲུ་འགའ་རེས་བསྣན་ཏེ་ཕུལ་བ་པོ་ནི་རྟག་ཏུ་བདེ་ལྡན་བདུད་རྩི་མཛའ་བའི་གྲོགས་སུ་བསྟེན་པ་ཕྲིན་ལས་ནོར་བུའོ༎ ༎