TTDL-ZABTER-16-MA-005

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-005

༄༅།།བསྐལ་པ་ལྕགས་རྟའི་ལོ་ཟླ་བཅུ་པའི་ཚེས་བཅུ་བདུན་གྱི་ནང་མོ་དྲོས་ཐུན་དུ་ཉམས་སྣང་ལ་ཤིང་ལྗོན་པ་རིང་ཐུང་གཉིས་ཡོད་པ་ལས་རིང་པོའི་རྩེར་ཐིག་ལེའི་ནང་དུ་བྱ་ཁྱུང་ཞིག་དང་།ཐུང་ངུའི་རྩེར་བྱ་ནག་པོ་མགུལ་ལ་འོད་ལྔའི་སྤུ་མདངས་ཅན་ངོ་མི་ཤེས་པ་ཞིག་གིས་གྱེན་དུ་བྱ་ཁྱུང་ལ་བལྟས་ནས་གུས་པས་འདི་སྐད་ཟེར་བ་ཐོས།ཨེ་ཨེ།མཁའ་ལྡིང་རྒྱལ་པོ་ཆོ་རེ་ཆེ།།ཐིག་ལེ་ཉག་གཅིག་གི་ལུས་པོ་ཅན།།ཐབས་དང་ཤེས་རབ་ཀྱི་འདབ་གཤོག་འཛོམ།།རྫུ་འཕྲུལ་བཞི་ལྡན་གྱི་རྐང་ལག་ཅན།།སྐུ་གསུམ་ལྷུན་གྲུབ་ཀྱི་སྤྱན་མིག་ལ།།བདེན་པ་གཉིས་རྫོགས་ཀྱི་རྭ་ཅོ་ཅན།།འཁོར་འདས་དག་མཉམ་གྱི་ཟངས་ལྕགས་མཆུ།།ཉོན་མོངས་དབྱིངས་སྒྲོལ་གྱི་སྦྲུལ་ནག་ཟ།།ཆོས་ཕུང་ཡོངས་རྫོགས་ཀྱི་སྤུ་ཕྲན་ཅན།།སྐུ་ལྔ་ལྷུན་གྲུབ་ཀྱི་མཇུག་སྒྲོ་ལ།།ཡེ་ཤེས་འོད་ཟེར་གྱི་མདུང་རྩེ་ཅན།།རྣམ་ཐར་གསུམ་ལྡན་གྱི་མཁའ་ལྡིང་ཁྱོད།།ཉོན་མོངས་གཡུལ་བཟློག་གི་ཕོ་ཉར་སྦྲན།།གཉིས་འཛིན་འགོང་པོ་ཡི་གཤེད་དུ་བསྐོས།།ང་ཡང་ངར་འཛིན་གྱི་དགྲས་འཇིགས་ནས།།ཁྱོད་ཀྱི་ཆེ་ཆེ་ལ་རེའོ་བལྟ།།ཞེས་ཟེར།།བྱ་ཁྱུང་ན་རེ།།ཨང་ཨང་ཞེས་ཟེར་བའི་སྒྲ་ལ་ཉན་པས་འདི་སྐད་ཟེར་བ་ཐོས།།འཁོར་འདས་ཀྱི་ཡེ་གཞི་ཆེན་པོ།།རང་ངོ་རུ་སངས་པའི་རྒྱལ་ས།།གང་གིས་ཀྱང་སུ་ལ་མ་ཤོར།།རང་མལ་དུ་ཚུད་ན་དེ་ཀ།ཡང་ཨང་ཨང་ཟེར་བའི་སྒྲ་ལ།སངས་རྒྱས་དང་སེམས་ཅན་མི་གཉིས།།འཁོར་བ་དང་མྱང་འདས་མི་གཉིས།།ལྷ་བཟང་དང་འདྲེ་ངན་མི་གཉིས།།བདེ་བ་དང་སྡུག་བསྔལ་མི་གཉིས།།ཕྱི་ཡུལ་དང་ནང་སེམས་མི་གཉིས།།མི་གཉིས་འདིར་ལྟོས་དང་ཨེ་གོ།ཡང་ཨང་ཨང་ཟེར་བའི་སྒྲ་ལ།།གཉིས་མེད་ཀྱི་མཐའ་གྲོལ་ཆེན་པོར།།སད་ཙམ་དུ་སྐུ་དང་ཞིང་ཁམས།།རང་སྣང་ངོར་རང་བྱུང་ལྷུན་རྫོགས།།འབྲས་བུ་ལ་རྙེད་ཐོབ་མ་རེ།།ཨང་ཨང་ཞེས་གཞི་ལམ་འབྲས་བུའི་ཚིག་དེ་སྐད་ཟེར་ནས་ཡལ་ལོ།།བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡིག་རིས་སུ་བཀོད་པ་དགེ།