TTDL-ZABTER-15-BA-106

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-106

དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་སྙིང་ཐོག་རྒོད་འབར་བ་ཡི༔ གསོལ་མཆོད་འདོད་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཞི་བདག་སྔོ་ཚོགས་གཡུ་རྩེ་ལ༔ རྟག་ཏུ་བསྐང་གསོལ་བྱེད་འདོད་ན༔ འབྲུ་སྣ་ཤ་དུམ་གཏོར་མ་སྐྱེམས༔ བཤམས་ཏེ་སྟོང་པར་སྦྱང་ནས་སླར༔ འདོད་ཡོན་མི་ཟད་གཏེར་དུ་སྤེལ༔ ནམ་མཁའ་མཛོད་སྔགས་བརྗོད་པའི་མཐར༔ བསྭོ་ཛཿབཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ གཉན་ཆེན་སྔོ་ཚོགས་གཡུ་རྩེ་ཞེས༔ གསང་མཚན་རྡོ་རྗེ་ཐོག་རྒོད་རྩལ༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཤིང་ཐོག་སྤོད་དང་སྐྱེམས་ཀྱི་རིགས༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས༔ ཤ་ཁྲག་དམར་གཏོར་འདོད་རྒུའི་དཔལ་༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བདག་ཅག་འཁོར་དང་བཅས་པ་ལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ ཆོས་སྲིད་བསྟན་པའི་མངའ་ཐང་སྤེལ༔ དགྲ་ཇག་མཆོ་རྐུན་གནོད་བྱེད་ཀུན༔ མྱུར་མགྱོགས་དྲག་ཤུལ་སྟོབས་ཀྱིས་སོད༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡཿདེ་ལྟར་རྟག་ཏུ་གསོལ་མཆོད་ཀྱིས༔ ལུས་དང་གྲིབ་མ་བཞིན་འཁོར་འགྱུར༔ ས་མ་ཡ༔ ཨྠིྀ༔ གད་ཋ་ཋ༔ ཞེས་པ་འདི་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེ་ས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།ལེགས་སོ།།སརྦ་མངྒ་ལཾ།།