TTDL-ZABTER-15-BA-048
TTDL-ZABTER-15-BA-048
དག་སྣང་ཡེ་ཤེས་དྲྭ་བ་ལས༔ དཀར་གཏོར་འདོད་དོན་ཀུན་འབྱུང་བཞུགས་སོ༔ ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ གསང་སྔགས་སྒྲུབ་པ་ཟབ་མོ་ཡི༔ གེགས་སེལ་དྲེགས་པ་ཅན་རྣམས་ལ༔ གཏོར་སྐྱེམས་ཕུལ་ཞིང་གྲོགས་སུ་བཀོལ༔ འདོད་དོན་བསྒྲུབ་པའི་ལས་ལ་ཁོལ༔ དེ་ཕྱིར་དཀར་གཏོར་ཕུད་རྒོད་བཤམས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ཨ་ཀཱ་རོ་ཡིས་འདོད་རྒུར་སྤེལ༔ རང་ཉིད་ལྷ་ཡི་ང་རྒྱལ་དང་༔ ལྡན་པས་ཡེ་ཤེས་འཇིག་རྟེན་གྱི༔ ལྷ་དང་སྲུང་མ་ཐམས་ཅད་ཀུན༔ མགྲོན་དུ་བསྐུལ་ཞིང་འདོད་རྒུས་མཆོད༔ ལས་རྣམས་འགྲུབ་པའི་གཉེར་བཅོལ་བྱ༔ ཀྱཻ༔ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང་༔ ཡེ་ཤེས་ལས་གྲུབ་བཀའ་སྲུང་དྲེགས་པའི་སྡེ༔ སྲིད་པའི་དབང་ཕྱུག་དཔལ་མགོན་བདུན་ཅུ་དང་༔ ལྷ་སྲིན་སྟེ་བརྒྱད་སྟོང་གསུམ་ཡུལ་གཞི་བདག༔ ཕྱོགས་བཅུ་དྲེགས་དཔོན་བརྟན་མར་བཅས་པ་ཀུན༔ འདིར་གཤེགས་གཏོར་མ་འདོད་རྒུའི་དཔལ་ལ་རོལ༔ དུས་གསུམ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ དམ་ཅན་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་དང་ཆོས་སྲིད་མངའ་ཐང་སྐྱོང་༔ ཁྱད་པར་སྒྲུབ་པའི་རྣལ་འབྱོར་བདག་ཅག་གི༔ མཐུན་རྐྱེན་ལེགས་ཚོགས་ཇི་སྙེད་མཆིས་པ་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ སྨོན་ལོག་སྟོབས་དང་སྔོན་ལས་འཕྲལ་རྐྱེན་གྱིས༔ རྒྱུ་རྐྱེན་རྟེན་འབྲེལ་ལས་གྱུར་དགྲ་དང་བགེགས༔ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློག༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཞེས་གཏོར་སྐྱེམས་ཕྱི་རོལ་དུ་དོར༔ དེ་ལྟར་བྱས་པའི་ཡོན་ཏན་གྱིས༔ ཕྱི་ནང་བར་ཆད་གེགས་སེལ་ཞིང་༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་སྐྱེས་བུ་དམ་པ་ཆེ་མཆོག་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།མངྒ་ལཾ།།།།