TTDL-ZABTER-13-PA-079
TTDL-ZABTER-13-PA-079
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནས་དང་ཉེ་གནས་སྐྱོང་མཛད་ཀུན་དགའ་གཞོན་ནུ་ཡབ་ཡུམ་གྱི་བསྐང་བ་བསམ་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༩༩ཞིང་སྐྱོང་མགོན་པོ་འཁོར་བཅས་ཀྱི༔ བསྐང་བ་ལག་ལེན་རིམ་པ་ལ༔ ཤ་ཁྲག་མཆོད་པ་གཞིར་བཞག་སྟེ༔ བཟའ་བར་འོས་པའི་ལོངས་སྤྱོད་རྣམས༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས༔ རང་ཉིད་རྡོ་རྗེ་ཁྲོ་ལོད་གསལ༔ ཧཱུྃ་བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ ཞིང་སྐྱོང་ཆེན་པོ་གཤེགས་སུ་གསོལ༔ ཀུན་དགའ་གཞོན་ནུ་ད་ཚུར་བྱོན༔ གྷ་ཡ་དྷ་ར་གཤེགས་སུ་གསོལ༔ ལེགས་གྲུབ་རྡོ་རྗེ་ད་ཚུར་བྱོན༔ ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ༔ བསྐང་བའི་གནས་འདིར་ད་ཚུར་བྱོན༔ གཤེགས་ནས་དགྱེས་པའི་གདན་ལ་བཞུགས༔ འཁོར་ཚོགས་བྱེ་བ་བསམ་ཡས་བཅས༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཚོགས༔ དེ་འཁོར་ཡང་འཁོར་གཡོག་དང་བཅས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ དགྲ་ཤ་ཁྲག་གི་རྒྱ་མཚོ་དང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ འདོད་ཡོན་ལོངས་སྤྱོད་སྣ་ཚོགས་ཀྱིས༔ ཞིང་སྐྱོང་མགོན་པོའི་ཐུགས་དམ་བསྐང༔ སི་ན་ར་མའི་ཐུགས་དམ་བསྐང་༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ པདྨ་བཀོད་གྱི་གནས་སྒོ་ཕྱེས༔ བདག་ཅག་འཁོར་དང་བཅས་པ་རྣམས༔ གནས་དེར་བསྒྲོད་སླེབས་བར་ཆད་སོལ༔ མཐུན་རྐྱེན་བསམ་དོན་ལྷུན་གྲུབ་མཛོད༔ བྱ་ནག་མི་ནག་རྟ་ནག་དང་༔ ལུག་ནག་འབྲུག་སེང་ཆུ་སྲིན་སོགས༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ ཞིང་སྐྱོང་མགོན་པོའི་ཐུགས་དམ་བསྐང་༔ སི་ན་ར་མའི་ཐུགས་དམ་བསྐང་༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་མཉེས་ཚིམ་ནས༔ སྦས་ཡུལ་གཉན་པོའི་སྒོ་ཕྱེས་ལ༔ བདག་ཅག་དེ་རུ་ལམ་སྣ་དྲོངས༔ ཕུབ་དང་ཁྲབ་བེམ་བཙན་པའི་གོ༔ རྣོ་བའི་མཚོན་ཆ་ཐུན་རྫས་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཞིང་སྐྱོང་མགོན་པོའི༴སི་ན་ར་མའི༴འཁོར་དང་བཅས་པའི༴ཐུགས་དམ་བསྐང་ངོ་མཉེས་ཚིམ་ནས༔ སྦས་ཡུལ་གཉན་པོའི་སྒོ་ཕྱེས་ལ༔ བདག་ཅག་དེ་རུ་ལམ་སྣ་དྲོངས༔ ཟ་འོག་དར་རས་སྣམ་ཤར་ཕྲུག༔ གཅན་གཟན་ལྤགས་དང་གཡུང་དྭགས་ལྤགས༔ རེག་འཇམ་མཛེས་ཤིང་ཡིད་འོང་བའི༔ སྣ་ཚོགས་གོས་ཀྱི་རིགས་བྱེད་ཀུན༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཞིང་སྐྱོང་མགོན་པོའི༴སི་ན་ར་མའི༴འཁོར་དང་བཅས་པའི༴ཐུགས་དམ་བསྐང་ངོ་མཉེས་ཚིམ་ནས༔ སྦས་ཡུལ་གཉན་པོའི་སྒོ་ཕྱེས་ལ༔ བདག་ཅག་དེ་རུ་ལམ་སྣ་དྲོངས༔ གཞན་ཡང་མཆོད་རྫས་སྒྲུབ་རྫས་དང་༔ བརྟེན་རྫས་རྣམ་པ་སྣ་ཚོགས་ཀྱིས༔ ཞིང་སྐྱོང་མགོན་པོའི༴སི་ན་ར་མའི༴བམ་རོ་ཕོ་མོའི༴ནག་པོ་སྟོང་གི༴ཤ་ཟ་འབུམ་གྱི༴གནོད་སྦྱིན་ཁྲི་ཡི༴མ་མོ་བྱེ་བའི༴ལྷ་སྲིད་སྡེ་བརྒྱད༴སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བཀའ་སྲུང་དྲེགས་པ་ཕོ་མོ་ཡི༔ ཐུགས་དམ་བསྐང་ངོ་དགྱེས་པ་སྐོངས༔ སྦས་ཡུལ་གཉན་པོའི་སྒོ་ཕྱེས་ལ༔ བདག་ཅག་གནས་དེར་ལམ་སྣ་དྲོངས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ལམ་གྱི་བར་ཆད་གེགས་སེལ་ཞིང་༔ སྔོན་བསུ་རྒྱབ་སྐྱེལ་མཐུན་གྲོགས་གྱིས༔ མི་མཐུན་གནོད་པའི་རྐྱེན་ཀུན་བཟློག༔ འདོད་དོན་ཡིད་བཞིན་འགྲུབ་པར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དང་དམ་ཚིག་གཏའ་རུ་བཞག༔ དམ་ཚིག་གཉན་པོའི་ལས་བཅོལ་བས༔ དོན་དེ་མྱུར་དུ་འགྲུབ་མཛོད་ཅིག༔ སྔོན་ཚེ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་པདྨ་འབྱུང་གནས་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་ཕྲིན་ལས་ལྷུན་གྲུབ་ཅིང་༔ སྲུང་མ་གཉན་པོ་བྲན་ཁོལ་ཏེ༔ བསམ་དོན་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་སྦས་ཡུལ་པདྨ་བཀོད་ཀྱི་གནས་ལམ་དུ་བསྒྲོད་པའི་ཆེད་དུ་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།