TTDL-ZABTER-13-PA-072

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-072

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་ཕྱག་རྒྱ་ནོར་བུ་དབང་རྒྱལ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧༥ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ ཕྱག་རྒྱ་ཡིད་བཞིན་དབང་རྒྱལ་ནི༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཟངས་ལྕགས་སྣོད་དུ་གཏོར་མ་ནི༔ གྲུ་གང་ངམ་ནི་འཁྱུད་གང་བ༔ དར་རས་ཤ་ཁྲག་གིས་བརྒྱན་པའི༔ གཡོན་དུ་དམར་གཏོར་གཅིག་དང་ནི༔ མཐའ་མར་གཏོར་ཆུང་བརྒྱད་ཀྱིས་བསྐོར༔ བ་ལིང་ཟན་དུམ་རྣམ་ལྔར་བཅས༔ བཤམས་ཏེ་བསྒྲུབ་པའི་རྟེན་དུ་བཙུག༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ རང་ཉིད་རྡོ་རྗེ་གཏུམ་པོར་གསལ༔ མདུན་དུ་རབ་འཇིགས་དུར་ཁྲོད་དབུས༔ ཟངས་ལྕགས་འདྲེས་པའི་མཁར་ནང་དུ༔ ཏྲིཿཡིག་དམར་ནག་འཕྲོ་འདུ་ལས༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོངས༔ དམར་ནག་དར་བེར་དམར་པོ་གསོལ༔ ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས༔ ཁྲོ་གཏུམ་ཨམ་གཙིགས་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་སྤྱན་གསུམ་བསྒྲད༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ དབུ་ལ་སྭག་ཞུ་སྨུག་པོ་མནབས༔ ཞབས་ལ་སྭག་ལྷྭམ་མཛེས་པ་གསོལ༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ སེང་གེ་དཀར་མོའི་ཁྲི་ལ་འགྱིངས༔ ཡུམ་མཆོག་ཀོང་བཙུན་དེ་མོ་ནི༔ དམར་མོ་ཞི་མ་ཁྲོ་འཛུམ་མཛེས༔ ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་༔ གཡོན་པས་གཏེར་གྱི་བུམ་པ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་བཅིབས༔ དར་གྱི་ལའུ་དམར་ཁྲ་གསོལ༔ སུམ་བརྒྱ་དྲུག་ཅུའི་འཁོར་ཚོགས་དང་༔ སྡེ་བརྒྱད་དམག་གི་དབུས་ན་ངོམས༔ གནས་གསུམ་ཡི་གེ་འབྲུ་གསུམ་དང་༔ ཐུགས་སྲོག་ཏྲིཿལས་འོད་འཕྲོས་པས༔ གནས་ཡུལ་དུར་ཁྲོད་གཙུག་ལག་དང་༔ ཆོས་འཁོར་དབེན་གནས་ཐམས་ཅད་དང་༔ འབྱུང་ལྔའི་ཁམས་ནས་སྤྱན་དྲངས་བསྟིམ༔ དེ་ནས་འབོད་སྔགས་ནི༔ ཏྲིཿབཛྲ་སཱ་དྷུ་ས་མ་ཡ་ཧྲཱིཾ་ཛ་ཛཿཤེས་པ་གཞན་དུ་མ་ཡེངས་པར༔ མཚོ་ལ་ཁ་ཆར་བབ་པ་བཞིན༔ འབྱུང་ལྔའི་དབྱིངས་ནས་སྤྱན་དྲངས་བསྟིམ༔ གསལ་བརྟན་འཐས་པའི་ཐབས་ལ་འབད༔ ར་ཡི་ཤ་ཁྲག་གཏོར་མ་དང་༔ ར་གསུར་རྒྱུན་མི་ཆད་པར་བཏང་༔ གནད་དེས་དྲེགས་པ་བྲན་ཁོལ་ཞིང་༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་བསོ་རྒན་སྤྲུལ་སྐུ་རིན་པོ་ཆེ་ཚེ་དབང་རིག་འཛིན་གྱིས་བཞེད་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེས་སོ།།དགེའོ།།སརྦ་མངྒ་ལཾ།།།།