TTDL-ZABTER-03-GA-056

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-056

༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་གཏུམ་པོའི་ཚོགས་མཆོད་འདོད་འཇོའི་དཔལ་ཕྲེང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༣༨བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་རྗེས་འཇུག་སྐལ་ལྡན་རྣམས༔ ཐར་པ་ཆེན་པོའི་གྲོང་འཇུག་ཕྱིར༔ གསང་བདག་སྒྲུབ་པའི་རྣལ་འབྱོར་གྱིས༔ ཉམས་ཆག་བསྐང་ཞིང་ཚོགས་རྫོགས་ཕྱིར༔ ཚོགས་མཆོད་འདོད་འཇོའི་དཔལ་ཕྲེང་བསྟན༔ ལག་ཏུ་ལེན་པའི་རིམ་པ་ནི༔ འདོད་ཡོན་ལོངས་སྤྱོད་བྱེ་བྲག་ཀུན༔ འབྱོར་ཚོགས་ཐམས་ཅད་ལེགས་པར་བཤམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་དཔག་མེད་སྤྲུལ༔ དང་པོ་ཚོགས་རྫས་བྱིན་བརླབ་ནི༔ ཧཱུྃ༔ བཤམས་པའི་རྫས་ཀྱི་འབག་རྩོག་དྲི་མ་ཀུན༔ མེ་རླུང་ཆུ་ཡིས་བསྲེག་གཏོར་སྦྱངས་པར་གྱུར༔ རཾ་ཡཾ་ཁཾ༔ ཧཱུྃ༔ ཨཱཿལས་ཡེ་ཤེས་ཀ་པཱ་ལ་ཡི་ནང་༔ འབྲུ་གསུམ་འོད་ཞུ་ཡེ་ཤེས་བདུད་རྩི་ནི༔ དཀར་སེར་དམར་ལྗང་མཐིང་གའི་འོད་ཟེར་འབར༔ རྒྱལ་བའི་དཀྱིལ་འཁོར་ཡོངས་ཁྱབ་མཆོད་སྤྲིན་གཏིབ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ནས༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿརི་རྒྱལ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན༔ སྟེང་ཕྱོགས་དཔག་ཚད་འདས་པའི་མཁའ་དབྱིངས་སུ༔ བདེ་ཆེན་གཏུམ་དྲག་རོལ་པའི་ཞིང་ཁམས་ནས༔ བཅོམ་ལྡན་གསང་བདག་ཕྱག་ན་རྡོ་རྗེ་ལ༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ཡོངས་ཀྱིས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དུག་ལྔ་རང་གྲོལ་ཡེ་ཤེས་དཀྱིལ་འཁོར་ནས༔ ཁྲག་འཐུང་རིགས་ལྔ་རྒྱལ་བའི་དཀྱིལ་འཁོར་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱོགས་བཅུའི་གདོན་ཚོགས་བསྣོལ་བའི་གདན་སྟེང་ནས༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྲས་འཁོར་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བརྒྱུད་འཛིན་རྣལ་འབྱོར་རྗེས་སུ་བཟུང་བ་དང་༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་འདིར་བཞུགས་གསོལ༔ བཛྲ་ས་མ་ཡ་ཛཿཛཿས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ རྩ་བརྒྱུད་རིག་འཛིན་བླ་མ་ཐམས་ཅད་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ བཞེས་ནས་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བཤགས་པ་འབུལ་བ་ནི༔ ཧོཿདུས་གསུམ་སངས་རྒྱས་འདུས་པའི་དཔལ༔ གསང་བདག་དཀྱིལ་འཁོར་དགོངས་སུ་གསོལ༔ བདག་ཅག་མ་རིག་དབང་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས༔ དེ་ནས་ཉམས་པ་བསྒྲལ་བ་ནི༔ འགུགས་གཞུག་མཐར༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གསང་བདག་རྡོ་རྗེ་གཏུམ་པོ་ཡི༔ སྤྲུལ་འཁོར་ཡོངས་རྫོགས་དུས་ལ་བབ༔ ཛཿཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ མཚོན་ཐུན་དྲག་པོའི་འཁྲུལ་འཁོར་གྱིས༔ དགྲ་བགེགས་ལོག་འདྲེན་མ་ལུས་པ༔ བསྒྲལ་བསད་སྒྲོལ་བའི་ལས་མཛོད་ཅིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ལོག་འདྲེན་སརྦ་མཱ་ར་ཡ་རྦད་སོད༔ ཐུམ་རི་ལི་ལི་རྦད་ནན༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཕྱེས་ཤིག་དྲག་པོའི་ཞལ་ཕྱེས་ཤིག༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ རྒྱུ་རྐྱེན་འབྲེལ་བའི་དགྲ་དང་བགེགས༔ དྲག་པོ་ཆེན་པོའི་ཞལ་དུ་བསྟབ༔ རྗེས་ཤུལ་ལྷག་མ་མེད་པར་རོལ༔ སརྦ་ཤ་ཏྲུཾ་ཀཱ་ལ་རཱུ་པ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་བསྔོ་བ་ནི༔ བྱིན་གྱིས་བརླབ་ཅིང་༔ ཧོཿབྲན་སོགས་ཕོ་རྒྱུད་གཤེགས་སུ་གསོལ༔ བྲན་མོ་མོ་རྒྱུད་གཤེགས་སུ་གསོལ༔ འདོད་ཡོན་ལྷག་མའི་ལོངས་སྤྱོད་བཞེས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང་༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ དམ་ཚིག་གཉན་པོ་དཔང་དུ་བཙུག༔ ས་མ་ཡ༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་ཛཿསྔོན་ཚེ་མ་ལ་ཡ་ཡི་རྩེར༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྣང་སྲིད་ལྷ་འདྲེ་དམ་བཏགས་མཛད༔ བར་དུ་རྒྱ་བལ་བོད་ཡུལ་དུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན༔ དམ་བཏགས་དབང་བསྐུར་གཉེར་གཏད་མཛད༔ ཐ་མ་རང་བཞིན་སྤྲུལ་པའི་ཞིང་༔ དོན་གྱི་འོག་མིན་ཆེན་པོ་རུ༔ དཔལ་ཆེན་པདྨ་ཐོད་ཕྲེང་གིས༔ འུབ་ཆུབ་རོལ་པའི་རྣལ་འབྱོར་ལ༔ སྙིང་ཐིག་གཉན་པོའི་དབང་གཏད་ཚེ༔ གཉིས་འཛིན་ལྷ་འདྲེ་སྡེ་བརྒྱད་ཀྱི༔ འབངས་ཁས་བླངས་ཤིང་སྲོག་སྙིང་ཕུལ༔ ད་ལྟར་རྣལ་འབྱོར་བདག་ཅིག་གིས༔ རང་སྣང་དག་པའི་གཞལ་ཡས་སུ༔ རིག་པ་སྐུ་གསུམ་དཀྱིལ་འཁོར་བསྒྲུབ༔ རྒྱུ་ནི་ཉོན་མོངས་གཉིས་འཛིན་བསྒྲལ༔ རྐྱེན་སྣང་ལྷ་འདྲེ་རང་གྲོལ་མཛད༔ དེ་ལྟར་དུས་གསུམ་རྒྱལ་བ་ཡིས༔ བཀའ་བསྒོས་དམ་བཞག་གཉེར་གཏད་པའི༔ བཀའ་སྲུང་སྡེ་བརྒྱད་ལྷ་འདྲེ་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ ཕྲིན་ལས་གང་བརྩམ་ཐོགས་མེད་སྒྲུབས༔ སྦྱིན་བདག་བར་ཆད་རྐྱེན་བཟློག་ཅིག༔ ཆད་དོན་བཀའ་དང་དམ་ཚིག་གོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་མདོ་བཤལ་ཆུའི་གཏོར་མ་བཤམས༔ ཧཱུྃ་ཛཿདཔལ་ཆེན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་བའི༔ བརྟན་མ་ཆེན་མོ་བཅུ་གཉིས་དང་༔ སྨན་མོ་གཡོག་མོ་སྨན་སྡེ་འབུམ༔ མ་ལུས་སྐད་ཅིག་ཉིད་དུ་ནི༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ བཤལ་ཆུ་དམར་གྱི་གཏོར་མ་ལོངས༔ ཕྲིན་ལས་སྒྲུབ་ལ་རོགས་ལྡན་མཛོད༔ མཐའ་མི་དབུས་སུ་མ་བཏང་བར༔ བདུད་སྡེ་དཔུང་བཅས་བརླག་པར་མཛོད༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས༔ བསམ་དོན་ཡིད་བཞིན་འགྲུབ་པ་དང་༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ དམ་ལས་མ་འདས་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ བརྒྱད་ཁྲི་བཞི་སྟོང་བདུད་བགེགས་གདོན༔ མ་ལུས་མཉམ་ཉིད་ཧོམ་དུ་བྲུབ༔ ཡེ་ཤེས་རོལ་པའི་བྲོ་རྒྱས་བཏབ༔ སྐུ་གསུམ་ལྷུན་གྲུབ་དལ་འོག་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ སྟྭཾ་བྷ་ཡ་ནན་ན་ཤ་ཡ་ནན༔ དམ་སྲི་རཱུ་དྲ་མཱ་ར་ཡ་རྦད་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ གསང་བདག་རྡོ་རྗེ་གཏུམ་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་དངོས་གྲུབ་གཏེར༔ མི་ཟད་རྒྱན་གྱི་འཁོར་ལོ་ཀུན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིདྡྷ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་ཉམས་ཆག་བཤགས་པ་ནི༔ ཧོཿབླ་མ་ཡི་དམ་མཁའ་འགྲོ་དང་༔ སྲུང་མ་དམ་ཅན་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་ལྕམ་གྱིས༔ སྒོ་གསུམ་མ་རིག་དབང་གྱུར་ཏེ༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་སྡིག༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་དབྱངས་གསལ་བརྗོད༔ དེ་ནས་བསྔོ་བ་བྱ་བ་ལ༔ ཧོཿའདི་དང་དུས་གསུམ་དགེ་རྩ་ཀུན༔ བསྡུས་ཏེ་མ་གྱུར་འགྲོ་བ་རྣམས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ཏུ་འགོད་ཕྱིར་བསྔོ༔ དེ་ནས་སྨོན་ལམ་བཏབ་པ་ནི༔ ཧོཿདཀོན་མཆོག་གསུམ་གྱི་མཐུ་སྟོབས་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ སྐད་ཅིག་ཉིད་དུ་སངས་རྒྱས་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཧོཿསྣང་སྲིད་སྣོད་བཅུད་སྤྲུལ་པའི་ཞིང་༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ བདག་ཉིད་རྡོ་རྗེ་གཏུམ་པོར་བསྡུ༔ དེ་ཡང་ཡེ་ཤེས་སེམས་དཔའ་ཧཱུྃ༔ ཞབས་ཀྱུ་ཧ་དང་ཟླ་ཚེས་ལ༔ དེ་ནི་ཐིག་ལེར་ཆོས་དབྱིངས་ངང་༔ ཨ་ཨ་ཨཱ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐད་ཅིག་ཆོས་དབྱིངས་ཆེན་པོའི་ངང་༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ དོན་གྱི་འོག་མིན་ཆེན་པོའི་མཁར༔ རིག་པ་རྡོ་རྗེ་གཏུམ་པོར་བཞེངས༔ ཕཊ་ཕཊ་ཕཊ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ ཀ་དག་ཁྱབ་བརྡལ་མཐའ་བྲལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་རང་གྲོལ་ཕྱོགས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་རྡོ་རྗེ་འཛིན་པའི་ངང་༔ གསང་སྔགས་ཡོངས་ཀྱི་ཁྱབ་བདག་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཀྲ་ཤིས་གང་༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱཿབྱང་ཆུབ་ཆེན་པོ་གཞི་ཡི་བཀྲ་ཤིས་ཤོག༔ མ་བཅོས་ངང་གནས་ལམ་གྱི་བཀྲ་ཤིས་ཤོག༔ རང་ཀློང་རང་གྲོལ་འབྲས་བུའི་བཀྲ་ཤིས་ཤོག༔ ཧཱུྃ༔ འཁོར་འདས་འུབ་ཆུབ་ལྟ་བའི་བཀྲ་ཤིས་ཤོག༔ རང་བྱུང་ཡེ་ཤེས་སྒོམ་པའི་བཀྲ་ཤིས་ཤོག༔ མཉམ་ཉིད་རོལ་པ་སྤྱོད་པའི་བཀྲ་ཤིས་ཤོག༔ སེམས་སྣང་ངོ་བོར་སངས་པའི་ཀློང་ཆེན་དུ༔ ཁམས་གསུམ་འཁོར་བ་མཉམ་སྒྲོལ་བཀྲ་ཤིས་ཤོག༔ ས་མ་ཡ༔ མ་འོངས་དུས་ཀྱི་སྐལ་ལྡན་རྣམས༔ གསང་སྔགས་ཟབ་མོའི་སྒོར་ཞུགས་ཚེ༔ ཉམས་ཆག་རྟོག་སྒྲིབ་ཡོངས་བྱང་ནས༔ ཡང་དག་ལམ་དུ་འཛུད་པའི་ཕྱིར༔ འདི་ལ་རྟག་ཏུ་བརྩོན་པར་གྱིས༔ ཉམས་ཆག་མ་ལུས་ཀུན་བྱང་ནས༔ ཚོགས་རྫོགས་སྒྲིབ་པ་ཀུན་ཟད་དེ༔ བྱང་ཆུབ་ལམ་དུ་ཡང་དག་འཛུད༔ མི་བསླུ་ངེས་པ་པདྨའི་བཀའ༔ ཐེ་ཚོམ་ཡིད་གཉིས་མེད་པར་གྱིས༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ དབང་ཕྱུག་མ་ཧཱ་དཱེ་ཝས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ལ༔ སྤྲོད་ཅིག་བཛྲ་ས་མ་ཡ༔ ཆོས་བདག་སྐྱེས་བུའི་འདོད་དོན་སྒྲུབས༔ ལོག་པར་ལྟ་བའི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་བདུད་འཇོམས་རོལ་པ་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་སློབ་མའི་མཆོག་གྱུར་བདེ་ཆེན་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།