TTDL-ZABTER-13-PA-045
TTDL-ZABTER-13-PA-045
གཟའི་གཉེན་པོ་སྟོབས་ཀྱི་ལྷ་མཆོག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་ཉིད་སྐད་ཅིག་གིས་གཉེན་པོ་སྟོབས་ཀྱི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོས་ཤིང་གཏུམ་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་ཁྲོ་བོའི་གཉེར་མ་དང་ལྡན་ཞིང་སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ སྨ་ར་དང་སྨིན་མ་ལས་མེ་སྟག་འཕྲོ་བ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔས་དབུ་ལ་བརྒྱན་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྭ་གདེངས་པ་གནམ་ལ་ཕྱར་ཞིང་༔ གཡོན་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་བསྣམས་ནས་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བསྒྲད་ཅིང་༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད་དོ༔ དེའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྭ་གདེངས་པའི་ལྟེ་བར་ཧཱུྃ་མཐིང་ནག་ལ་སྔགས་ཕྲེང་གིས་བསྐོར་བར་བསྒོམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅི་མང་བཟླས༔ ཞེས་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།