TTDL-ZABTER-01-KA-051

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-051

༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ རྩ་སྒྲུབ་ཡང་སྙིང་འདུས་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༤༨༦༔ དུས་གསུམ་སངས་རྒྱས་འདུས་པའི་ཞལ༔ པདྨ་འབྱུང་གནས་སྐུ་བཞིའི་བདག༔ ཡུལ་མིན་ངོ་བོ་ཉིད་ཀྱི་ངང་༔ རིག་པའི་དགའ་བདེ་རང་གིས་མཆོད༔ རྣམ་པར་འཁྱམས་པའི་སྲིད་པ་ཡོངས༔ ཀློང་སྡུད་མཉམ་ཉིད་ཆེན་པོར་རོལ༔ སྤྲོས་བྲལ་ཆོས་སྐུའི་སྟོན་པ་མཆོག༔ གདུལ་བྱ་རང་སྣང་རང་སྟོན་ཤར༔ ཡུལ་མེད་ཕྱོགས་མཐར་མི་འཛིན་པའི༔ ཀ་དག་རིག་སྟོང་པད་འབྱུང་ངས༔ གཞི་ཀློང་གདངས་ལས་རྣམ་པ་རུ༔ ཞེན་འཛིན་རྟག་བརྟན་ཐེར་ཟུག་པའི༔ སེམས་ཅན་ཀློང་དུ་གཞིག་པའི་ཕྱིར༔ ཐབས་ཀྱི་ལམ་འདི་བསྟན་པ་ཡིན༔ ཆེ་མཆོག་ཡོངས་འདུས་རྒྱལ་པོ་ཉིད༔ ཉམས་སུ་ལེན་པའི་སྐལ་ལྡན་རྣམས༔ ཚེ་འདིར་མངོན་འཚང་རྒྱ་བར་འགྱུར༔ ལག་ལེན་རིམ་པ་གནས་དབེན་པར༔ དཀྱིལ་འཁོར་རིམ་པ་བཀོད་ལེགས་ནི༔ མཚན་ཉིད་རྫོགས་པའི་ལྟེ་བ་རུ༔ བུམ་པ་གཙོ་ཕུར་སྐྱོན་མེད་བཞག༔ རིལ་བུ་བླ་རྡོ་རྟེན་སོགས་བཀོད༔ མཆོད་རྫས་ཉེར་སྤྱོད་འདོད་ཡོན་སོགས༔ འབྱོར་ཚོགས་ཐམས་ཅད་ལེགས་པར་བཀོད༔ སྔོན་འགྲོ་སྟ་གོན་རིམ་རྫོགས་ནས༔ སླར་ཡང་སྒྲུབ་ལ་འཇུག་པ་ནི༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ སྐུ་གསུམ་རྒྱལ་བ་ཡོངས་འདུས་དཔལ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཡང་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ འཁོར་དང་བཅས་ལ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཧཱུྃ༔ འགྲོ་ཀུན་ཐར་ལམ་ལ་གཟུད་ཕྱིར༔ བདག་གིས་ཡང་གསང་སྒོར་ཞུགས་ནས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འཁོར་བ་དོང་སྤྲུགས་འགྲོ་དོན་བྱ༔ ལན་གསུམ༔ དེ་ནས་བཀའ་བསྒོ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཆེ་མཆོག་དཔལ་ཆེན་འདུས་པའི་སྐུ༔ ཉོན་ཅིག་ལོག་འདྲེན་བདག་ལྟའི་རཱུ་ཏྲ་རྣམས༔ སོ་སོ་རང་རང་གནས་སུ་ཕྱིར་དེངས་ཤིག༔ བཀའ་ལས་འདས་ན་རྡུལ་ཕྲན་བཞིན་དུ་བརླག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད་མཐར༔ མཚམས་གཅོད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཡང་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ གདོད་ནས་རང་བྱུང་རྣམ་པར་དག་པའི་ལྷ༔ སྣང་སྲིད་ཆོས་དབྱིངས་མཁའ་ཀློང་ཆེན་པོར་སངས༔ སྲུང་དང་བསྲུང་བར་བྱ་བའི་ཡུལ་ལས་འདས༔ ཨོཾ་བཛྲ་ས་མ་ཏི་ཛྙཱ་ན་པཉྩ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཛཿསྐྱེ་མེད་རྣམ་པར་དག་པའི་གཞལ་ཡས་ནས༔ ཧཱུྃ༔ དབང་དྲག་ཡང་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ བཾ༔ སྤྲུལ་འཁོར་ཡོངས་རྫོགས་སྲུང་མར་བཅས་པ་རྣམས༔ ཧོཿབདག་ལ་དབང་བསྐུར་བྱིན་ཆེན་དབབ་ཏུ་གསོལ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་སྣོད་བཅུད་སྣང་བ་ཆེན་པོའི་ཀློང་༔ སྐུ་དང་ཡེ་ཤེས་གཟི་བྱིན་གྱིས་བརླབས་པས༔ ཀུན་བཟང་མཆོད་སྤྲིན་མི་ཟད་རྒྱན་འཁོར་དུ༔ ཞིག་ནས་འགྲོ་བའི་ཚོགས་རྫོགས་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་དཀྱིལ་འཁོར་ལྷ་བསྐྱེད་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཀློང་དཀྱིལ་དུ༔ གྲུ་གསུམ་དམར་ནག་ཆོས་ཀྱི་འབྱུང་གནས་དབུས༔ པདྨ་ཉི་མ་རྒྱལ་བསེན་བསྣོལ་བའི་གདན༔ དེ་སྟེང་རྔམས་བརྗིད་སྟག་མོ་གྲུས་མའི་སྟེང་༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་གྲོ་བོ་ལོད༔ དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཁྲོ་གཉེར་རབ་འཁྲུག་ཨམ་གཙིགས་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ དབུ་སྐྲ་གཡས་འཁྱིལ་དུང་གི་སྙན་ཆ་མཛེས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་མཁའ་ལ་གསོར༔ གཡོན་པས་ལྕགས་ཕུར་རྒྱལ་བསེན་སྙིང་ལ་གཟིར༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་བྱ་ཁྱུང་འགྱེད༔ དྲི་ངན་རབ་འཐུལ་འབྱུང་པོའི་གདོན་ཚོགས་བརྒྱལ༔ སྐུ་སྟོད་ཟ་བེར་མཐིང་སྨུག་ལྷུབ་ཆེན་དང་༔ སྐུ་སྨད་ཐང་ཤམ་དམར་སྨུག་མཛེས་ལྡན་གསོལ༔ ཁྲག་འཛག་མི་མགོའི་ཕྲེང་བའི་དོ་ཤལ་དང་༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་གསོལ༔ ཞབས་གཉིས་འདོར་སྟབས་སག་ལྷྭམ་ལྗང་བཀྲ་མནབ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་འགྱིང་༔ སྤྱི་བོར་པད་འབྱུང་རཀྴ་ཐོད་ཕྲེང་རྩལ༔ དམར་ནག་ཁྲོ་འཛུམ་རོལ་པའི་སྟབས་སུ་བཞུགས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ལྕགས་ཀྱུ་བསྣམས༔ དུར་ཁྲོད་ཆས་རྫོགས་ཁམས་གསུམ་དབང་དུ་སྡུད༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དམར་གསལ་མཛེས༔ གཅེར་བུ་རུས་རྒྱན་གྲི་ཐོད་འཁྱུད་ཅིང་སྟོབ༔ སྤྱི་བོར་ཕག་ཞལ་ངུར་སྒྲས་ཁམས་གསུམ་འགུག༔ ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་དམར་གསལ་མཛེས༔ གཡས་གཡོན་གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་ཀ༔ གཅེར་བུ་རུས་རྒྱན་སྤྱི་བོར་ཕག་ཞལ་ངུར༔ གར་སྟབས་མཛད་ཅིང་ཁམས་གསུམ་དབང་སྡུད་བསམ༔ མཚམས་བཞིར་དཔའ་བོ་གིང་ཆེན་དམར་གསལ་མཛེས༔ ཞབས་གཉིས་དོར་སྟབས་དར་ཐོད་ཤམ་ཐབས་གསོལ༔ ཕྱག་གཉིས་གྲི་ཐོད་རིན་ཆེན་རུས་རྒྱན་སྤྲས༔ དྲེགས་པའི་ལྷ་འདྲེ་མ་ལུས་དབང་སྡུད་བསམ༔ ཤར་དུ་དབང་ཕྱུག་དམར་ནག་ལྕགས་ཀྱུ་འཛིན༔ ལྷོ་རུ་ལེགས་ལྡན་ནག་པོས་བིང་དབྱུག་བསྣམས༔ ནུབ་ཏུ་ཨེ་ཀ་ཛ་ཊཱིས་ཞིང་དབྱུག་འཛིན༔ བྱང་དུ་རང་བྱུང་རྒྱལ་མོས་འཁོར་ལོ་བསྣམས༔ གཡོན་རྣམས་ཁམས་གསུམ་དབང་བསྒྱུར་སྙིང་ཞགས་འཛིན༔ སྒོ་བཞིར་རྒྱལ་ཆེན་སྡེ་བཞི་དམར་ནག་བརྗིད༔ རང་རྟགས་ཕྱག་མཚན་རྒྱན་རྫོགས་རོལ་སྟབས་བཞུགས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་བསྐྱེད༔ སྐུ་ཡི་སྟོད་ཆར་བཀའ་བརྒྱུད་བླ་མ་དང་༔ སྐེད་པའི་ཆ་ལ་ཡི་དམ་ཡོངས་རྫོགས་ལྷ༔ སྨད་ཆར་མ་དང་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ གནས་གསུམ་ཡིག་འབྲུ་གསུམ་གྱི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འོག་མིན་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་པདྨ་འབྱུང་གནས་གཤེགས་སུ་གསོལ༔ རབ་འཇིགས་ཐོད་པའི་སྐུ་མཁར་ཆེན་པོ་ནས༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་གཤེགས་སུ་གསོལ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་མཆོག་གུ་རུ་དྲག་པོ་གཤེགས་སུ་གསོལ༔ ཆོས་ཉིད་སྒྱུ་མར་རོལ་པའི་དུར་ཁྲོད་ནས༔ ཡང་ཁྲོས་རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གཞལ་ཡས་ནས༔ གིང་ཆེན་དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ ཁམས་གསུམ་མ་ལུས་དབང་བསྒྱུར་གཞལ་ཡས་ནས༔ ལས་གིང་རྒྱལ་ཆེན་སྡེ་བཞི་གཤེགས་སུ་གསོལ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ལན་གསུམ་མཐར༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ དམ་ཚིག་ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་ལ༔ ཡེ་ཤེས་དབྱིངས་ནས་དྲངས་པའི་རང་བྱུང་ལྷ༔ གཉིས་མེད་ཟུང་འཇུག་དབྱེར་མེད་ཆེན་པོར་རོལ༔ དུས་རྣམས་རྟག་ཏུ་མི་ཕྱེད་བཟུང་བར་བྱ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཀ་དག་སྐྱེ་མེད་ཆོས་ཀྱི་སྐུ༔ མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཀུན་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ༔ ཡོངས་རྫོགས་དཔལ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་དཔལ་ཡོན་རྫོགས་པའི་ཆོས༔ འབྱོར་ཚོགས་བཤམས་པའི་མཆོད་རྫས་བཅས༔ ཕྱི་ནང་གསང་མཆོད་སྤྲིན་དུ་སྤེལ༔ ཡི་དམ་ལྷ་ཚོགས་དགྱེས་ཕྱིར་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་རྫོགས་ཏེ༔ བདག་ཉིད་དྲག་པོའི་སར་འཁོད་ཤོག༔ མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སྣང་ལྷུན་གྲུབ་དབང་དྲག་རོལ་པ་ནས༔ རང་རིག་དོན་གྱི་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུམ་ཡོངས་འདུས་རྡོ་རྗེ་གྲོ་བོ་ལོད༔ སྒྱུ་འཕྲུལ་རོལ་པའི་དཔལ་ལ་ཕྱག་འཚལ་བསྟོད༔ དགོངས་རྒྱུད་ཀློང་ཆེན་ཡངས་པ་ནམ་མཁའི་མཛོད༔ ཀ་དག་ཕྱོགས་ཡན་ངང་དུ་བདག་གྲོལ་ཤོག༔ ས་མ་ཡ༔ དེ་ནས་ཛབ྄་དགོངས་ཟབ་མོ་ནི༔ བདག་ཉིད་ཡི་དམ་ལྷར་གསལ་བའི༔ སྙིང་གར་ཡེ་ཤེས་སེམས་དཔའ་དམར༔ ཕྱག་གཉིས་རྡོ་རྗེ་ཕུར་པ་གདེངས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གྭའུའི་ནང་༔ དྭངས་མའི་ཐིག་ལེ་མདངས་ལྡན་ཀློང་༔ ཧཱུྃ་དམར་གསལ་འཚེར་སྤུ་ཙམ་གྱི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་ཕྲིན་ལས་རབ་འབྱམས་བསྒྲུབ༔ ཚུར་འདུས་དབང་བྱིན་དངོས་གྲུབ་ཐོབ༔ ཧཱུྃ་དང་ཤེས་རིག་དབྱེར་མེད་ངང་༔ འཁོར་གསུམ་དག་པས་སྔགས་སྒྲ་སྒྲོགས༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བསྙེན་ཅིང་སྒྲུབ་པ་བྱེད་པ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབསྒྲུབ་ནས་ལས་ལ་སྦྱོར་བ་ནི༔ རྩ་སྔགས་མགོར་འདྲེན༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ བསྙེན་པ་བྱེ་བ་སྒྲུབ་འབུམ་ལྔ༔ ལས་སྔགས་གསུམ་གྱིས་འགྲུབ་པའོ༔ གསང་སྔགས་ཟབ་མོ་ཉམས་ལེན་པའི༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ བསྐང་བཤགས་ཚོགས་འཁོར་བསྐོར་བ་ཡི༔ ཐབས་མཆོག་ཟབ་མོར་བརྩོན་པ་ལ༔ འབྱོར་ཚོགས་ཤ་ཆང་བཟང་བཏུང་རིགས༔ བཤམས་ཏེ་བྱིན་གྱིས་བརླབ་པ་ནི༔ རྃ་ཡྃ་ཁྃ༔ མ་དག་འཁོར་བའི་བག་ཆགས་སྦྱངས༔ དག་བྱེད་ཡི་གེ་འབྲུ་གསུམ་གྱིས༔ བྱིན་རླབས་ཡེ་ཤེས་བདུད་རྩིིའི་རྒྱུན༔ འཁོར་འདས་མ་ལུས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ཅིང་སྤྱན་འདྲེན་ནི༔ ཧཱུྃ༔ གླིང་གི་གླིང་མཆོག་རྔ་ཡབ་གླིང་༔ ཞིང་གི་མཆོག་གྱུར་པདྨ་བཀོད༔ བདེ་ཆེན་དག་པའི་གཞལ་ཡས་ནས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དཔའ་བོ་དཔའ་མོ་གིང་མཁའ་འགྲོ༔ རིག་འཛིན་རྒྱལ་བ་རྒྱ་མཚོར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཕྱིར༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་འབུལ་བཤགས་བསྟབ་པ་ནི༔ ཧཱུྃ༔ གུ་རུ་རྩ་གསུམ་ལྷ་ཚོགས་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ དམ་ཚིག་ཉམས་ཆག་ཐམས་ཅད་བཤགས༔ ཉོན་མོངས་དགྲ་བགེགས་ཞལ་དུ་བསྟབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ དམ་ཚིག་གཉན་གྱིས་འདིར་གཤེགས་ཤིག༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ མ་མ་བྷྱོ་ཧྲཱིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་ཡུལ༔ ཐོད་པའི་སྐུ་མཁར་གཞལ་ཡས་ནས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས༔ མ་ཐོགས་མྱུར་དུ་ཐུགས་དམ་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཕྱི་ནང་བར་ཆད་དབྱིངས་སུ་སོལ༔ དམ་སྲི་རྒྱལ་བསེན་སྡེ་བརྒྱད་བདུད༔ མཐའ་དམག་དུས་འཁྲུགས་ནད་གདོན་བགེགས༔ བསྟན་འགྲོ་ཡོངས་ལ་འཚེ་བའི་དགྲ༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ རྣལ་འབྱོར་བསམ་དོན་ལྷུན་གྲུབ་མཛོད༔ ཧཱུྃ་ཛཿབཛྲ་ས་མ་ཡ༔ དེ་ནས་ཆད་མདོ་བཏང་བ་ནི༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་ནུས་སྟོབས་ཀྱིས༔ བསྟན་ལ་སྡང་བའི་དགྲ་བགེགས་རྣམས༔ དམར་གྱི་གཏོར་མ་འདི་ལ་ཁུག༔ འཁོར་ལོ་འབར་བའི་དབལ་ལ་བསྐྱོན༔ རྣམ་ཤེས་གསང་བའི་ལམ་ནས་སྤར༔ ཚེ་བསོད་དཔལ་ཡོན་བདག་ལ་བསྟིམས༔ ཤ་ཁྲག་རུས་པའི་རི་མཚོར་བརྡལ༔ སྣང་སྲིད་ཐམས་ཅད་ཁྱབ་པར་གྱུར༔ ཛཿབྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་སྙིགས་མའི་དུས༔ ཀུན་བཟང་རྡོར་འཆང་པད་འབྱུང་རྗེ་འབངས་དང་༔ རིག་འཛིན་གྲུབ་བརྙེས་རྣལ་འབྱོར་ཕོ་མོ་ཡིས༔ བཀའ་དང་དམ་ལ་བཞག་པའི་ལྷ་འདྲེ་ནི༔ གཉུག་མར་གནས་དང་གློ་བུར་ལྷགས་པའི་རིགས༔ མ་ལུས་འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ ཟབ་གསང་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ སྦྱིན་བདག་གདུལ་བྱའི་མངའ་ཐང་ལོངས་སྤྱོད་སྤེལ༔ གཟུགས་ཅན་གཟུགས་མེད་དགྲ་འདྲེ་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་ལྟ་ལོག་སྒྲོལ༔ རྣལ་འབྱོར་འདོད་དོན་བཅོལ་བའི་ཕྲིན་ལས་སྒྲུབས༔ བཀའ་དང་ཐ་ཚིག་གཉན་པོ་དཔང་དུ་བཙུག༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་མ་བྷྱོ༔ སྔོན་ཚེ་འདས་པའི་དུས༔ བདུད་དང་འདྲེ་ཡི་ཡུལ༔ དེ་ནས་སྲིན་ཆེན་མོ༔ དགེ་བསྙེན་སྤྲེའུ་བསྡེབས༔ ནག་པོ་ལག་རིང་གི༔ བུ་དྲུག་རུས་སུ་ཆགས༔ འོད་གསལ་ལྷ་ལས་ནི༔ རྒྱལ་པོ་ཐོ་ཐོ་བབས༔ དམ་ཆོས་དབུ་ཡང་བརྙེས༔ རྒྱལ་བརྒྱུད་དེ་ནས་བཟུང་༔ རིམ་བཞིན་མདོ་སྔགས་བསྟན་པ་བྱུང་༔ སྤུ་རྒྱལ་བཙན་པོ་ཡིས༔ རྒྱ་གར་པཎ་ཆེན་བོད་དུ་དྲངས༔ ལྷ་འདྲེ་དམ་ལ་བཏགས༔ བསྟན་པའི་སྲོག་ཤིང་བཙུགས༔ བསྟན་པའི་ཞིང་དང་མ་ལྟ་བུར༔ ལྷ་མོ་ཚེ་རིང་མཆེད་སྡེ་ལྔ༔ བསྟན་པའི་སྲུང་མར་བཞག༔ དེ་འཁོར་མ་མོ་ཆེན་མོ་ནི༔ བརྟན་མ་བཅུ་གཉིས་དེ༔ དམ་བཏགས་དབང་ཡང་བསྐུར༔ གཉེར་གཏད་མ་འོངས་སངས་རྒྱས་ལུང་ཡང་གཏད༔ མནའ་བོར་མནའ་ཆུ་བླུད༔ ཁས་བླངས་དམ་བཅས་ཇི་བཞིན་དུ༔ ང་ནི་རིག་འཛིན་དེའི་རྗེས་འཇུག༔ ཁྱེད་དང་འཁོར་གཡོག་སླར་འབྱུང་བ༔ བཀའ་དམ་ཁྲིམས་ལུང་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ བསྟན་དང་བསྟན་འཛིན་སྐྱོངས༔ དགྲ་བགེགས་ཆོམ་ལ་ཕོབ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ འཆོལ་བའི་གླུ་ནི་འདི་མིན་ནམ༔ བདེན་ཚིག་དཔང་དུ་ཁུར༔ དམ་ཚིག་ཁྲིམས་ལུགས་སོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བླ་མ་རྣམས་ཀྱི་ཐུགས་རྗེ་དང་༔ ཡི་དམ་ལྷ་ཡི་བདེན་པ་དང་༔ མ་དང་མཁའ་འགྲོའི་ནུས་མཐུ་དང་༔ ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས༔ སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ གནོད་བྱེད་དམ་སྲི་རྒབ་འདྲེ་རྣམས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ ལས་ཀྱི་གཤིན་རྗེའི་ཁ་རུ་བསྟབ༔ ཀླུ་བདུད་ནག་པོའི་ལྟོ་བར་གཏད༔ མ་ཤོར་སྐུ་གསུང་ཐུགས་ཀྱི་རྒྱ༔ འུར་འུར་ཆེམ་ཆེམ་སྟྭཾ་བྷ་ཡ་ནན༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ མཁའ་མཉམ་འགྲོ་བ་ཡོངས་ལ་བསྔོ༔ བདག་སོགས་བརྒྱུད་པར་བཅས་པ་རྣམས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ཕྱག་རྒྱ་སྒོ་བཅད་ནི༔ ཧཱུྃ༔ གདོད་ནས་ཡོངས་གྲུབ་དཀྱིལ་འཁོར་ལྷ༔ གཉིས་མེད་དབྱེར་མེད་ཆེན་པོའི་ངང་༔ སྒོམ་མེད་རྫོགས་པ་ཆེན་པོར་ལྷུག༔ གཏན་དུ་མི་འབྲལ་དེ་ཁོ་ན༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ན་མོ༔ མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིས༔ ནད་གདོན་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག༔ འཁོར་འདས་དབང་སྡུད་བཀྲ་ཤིས་ཤོག༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་ཤོག༔ བསྙེན་བསྒྲུབ་མཐར་ཕྱིན་བཀྲ་ཤིས་ཤོག༔ དངོས་གྲུབ་ཀུན་ཐོབ་བཀྲ་ཤིས་ཤོག༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་རྣམས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག༔ ས་མ་ཡ༔ འདི་ནི་པདྨའི་སྙིང་ཁྲག་དངོས༔ ཉམས་སུ་ལེན་པའི་སྐལ་ལྡན་གྱིས༔ སྣང་སྲིད་མ་ལུས་དབང་དུ་སྡུད༔ ལྷ་སྲིན་དྲེགས་པ་བྲན་དུ་འཁོལ༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་འགྱུར༔ འདི་བསྒྲུབ་ལས་ཅན་སྐྱེས་བུ་ནི༔ པདྨ་འབྱུང་གནས་ང་ཉིད་དངོས༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ བསླུ་བ་མེད་དོ་པདྨའི་བཀའ༔ མ་འོངས་དུས་ཀྱི་སྙིགས་མ་རུ༔ རིག་འཛིན་རྒྱལ་པོ་ཆེན་པོ་ལ༔ གྲུབ་བརྙེས་བཅུ་ཕྲག་བདུན་གྱིས་བསྐོར༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཁྱོད༔ ཟབ་ཆོས་ཡི་གེའི་རིས་སུ་ཐོབ༔ ༠༠༠༠༠བརྡ་ཡིག༤༩༩༔ བཀའ་འདི་དབང་ཕྱུག་ཆེན་པོ་དང་༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་བྱུང་ན་སྙིང་ཁྲག་རོལ༔ སྒྲུབ་པའི་སྐྱེས་བུ་བུ་ལྟར་སྐྱོངས༔ བཀའ་དང་ཐ་ཚིག་གཉན་གྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱས་བཏབ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱི་སྐྱེ་མཐའ་ཆོས་ཀྱི་བདག་པོར་གྱུར་པ་པདྨ་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།