TTDL-ZABTER-15-BA-096

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-096

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=15 |volumeLetter=BA |textnuminvol=096 |pdflink=File:TTDL-ZABTER-15-BA-096.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-15-BA }}

[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔགས་སྲུང་ཤ་ཟ་ཧོར་མོའི་བསང་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཟང་ཤིང་མཆོད་པའི་རྫས་ཀུན་བསགས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཨོཾ་ཨཱ༔ ཧཱུྃ༔ གིས་བདུད་རྩིར་བསྒྱུར༔ ཀྱཻ༔ རང་རིག་ཡེ་ཤེས་མ་འགགས་ཆོ་འཕྲུལ་ལས༔ རྣམ་པར་ཤར་བ་རྡོ་རྗེའི་བསྟན་སྲུང་མཆོག༔ ཕྱི་ལྟར་བདུད་མོ་ཤ་ཟ་ཧོར་མོར་གྲགས༔ ནང་ལྟར་བསྭེ་བྱིན་བདུད་ཀྱི་བུ་མོ་སྟེ༔ གསང་བ་གསང་བདག་རྡོ་རྗེ་རལ་གཅིག་མ༔ སྤྲུལ་འཁོར་བཀའ་སྡོད་སྤྲུལ་པ་ཡང་འཁོར་བཅས༔ འདིར་གཤེགས་བསང་གི་མཆོད་པ་དམ་པ་བཞེས༔ ཉམས་ཆག་འགལ་འཁྲུལ་ཆོས་ཀྱི་དབྱིངས་སུ་བཤགས༔ གཟུང་འཛིན་རྟོག་པ་ལས་བྱུང་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོས་གློ་བུར་ཧུར་ཐུམ་སོད༔ ཁྱད་པར་བསྟན་ལ་སྡང་བྱེད་ཉེས་བྱེད་དགྲ༔ ཕོ་རྒྱུད་མོ་རྒྱུད་ཆུང་རྒྱུད་བཅས་པ་ཀུན༔ མིང་ཙམ་མེད་པར་ཐལ་བའི་རྡུལ་བཞིན་ཕོབས༔ དགྲ་ཡུལ་ཐན་ཕོབས་རང་ནོར་རྗེས་སུ་སྙོགས༔ མིང་ནས་འབོད་དེ་གཟུགས་དང་ཆོ་འཕྲུལ་སྟོན༔ མཐུ་རྩལ་ཆེ་བ་སྟོན་ལ་དྲག་ལས་མཛོད༔ ཕྱོགས་ལས་རྣམ་པར་རྒྱལ་པའི་དཔའ་དར་ཕྱོར༔ གཞན་ཡང་ཕྲིན་ལས་གང་བརྩམས་ཐོགས་མེད་སྒྲུབས༔ ཀུན་བཟང་པད་འབྱུང་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅའ་ཇི་བཞིན་དུ༔ མ་འདོར་མ་འདའ་བཛྲ་ས་མ་ཡ༔ ཞེས་བརྗོད་ལས་ཀུན་ཐོགས་མེད་འགྲུབ༔ ཁྱད་པར་མངོན་སྤྱོད་ཕྲིན་ལས་ཀུན༔ འགྲུབ་པར་འགྱུར་ལ་ཐེ་ཚོམ་མེད༔ སྲུང་མ་རང་གི་གཉེར་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་རྣལ་འབྱོར་རིག་འཛིན་གྲགས་པའི་ངོར་བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།