TTDL-ZABTER-12-NA-079

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-079

༠༠༠༠༠༠བརྡ་ཡིག༤༤༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྡོ་རྗེ་ཕག་མོའི་སྒོས་ཀྱི་སྒྲུབ་པ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༤༤༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༤༨མ་དག་འཁོར་བའི་སྒོ་གསུམ་པོ༔ ལྷུན་གྲུབ་བདེ་ཆེན་གར་དབང་མོས༔ རྡོ་རྗེ་གསུམ་གྱི་གྲོང་འཕོ་བས༔ གདམས་པ་འདི་ནི་བླ་ན་མེད༔ རབ་དབེན་སྐྱིད་ཚལ་དམ་པ་རུ༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་ཞིང་༔ རྒྱན་ལྡན་མཚན་ཉིད་རྫོགས་པ་རུ༔ མཆོད་པའི་ཡོ་བྱད་སྣ་ཚོགས་བཀོད༔ སྒྲུབ་རྟེན་བླ་རྡོ་ཙཀྲའམ༔ མཁའ་འགྲོའི་གཏོར་མ་ལྔ་ཚོམ་བཤམས༔ ཡང་ན་ཚོམ་བུ་བྱས་ཀྱང་རུང་༔ མཐིང་ག་དར་གྱིས་ལྡིང་གུར་ཕུབ༔ སྔོན་འགྲོ་དཀར་ཕྱོགས་སྐྱོང་བ་ལ༔ དཀར་གཏོར་ཕུལ་ཞིང་ནག་ཕྱོགས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཏང་༔ དེ་བཞིན་བགེགས་ལ་འབྲས་ཆན་དང་༔ ངར་མི་ཏིང་ལོ་ཆངས་བཤོས་བཏང་༔ ལག་ལེན་རིམ་པའི་ལེའུ་འོ༔ དེ་ནས་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྤྱོད་རྫོགས་སྐུ་ཝ་ར་ཧི༔ སྤྲུལ་པ་གནས་གསུམ་མཁའ་འགྲོར་བཅས༔ ཡིད་ལ་དྲན་ཏེ་སྐྱབས་སུ་མཆི༔ དེ་ནས་སེམས་མཆོག་བསྐྱེད་པ་ལ༔ ཧོཿདེང་བཟུང་བྱང་ཆུབ་མ་ཐོབ་བར༔ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ སྦྱོར་བ་སེམས་བསྐྱེད་ལེའུ་འོ༔ དེ་ནས་བཀའ་བསྒོ་བྱ་བ་ལ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ གཏོར་མ་ལོངས་ལ་གཞན་དུ་སོང་༔ བཀའ་འདས་ལུས་སེམས་བརླག་ཏ་རེ༔ རྩ་སྔགས་ཧཱུྃ་བཞིའི་བསྔགས་བརྗོད་ཐུན་གྱིས་བྲབ༔ མཚམས་གཅོད་སྲུང་འཁོར་སྒོམ་པ་ལ༔ ཧཱུྃ༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ སྤྲུལ་པ་གར་གྱི་རྣམ་རོལ་པས༔ ཡེ་ཤེས་མཚོན་མེ་རླུང་ཆུ་ཡིས༔ བསྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ བཾ་ཧ་རི་ནི་ས་ས་མ་ཡ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཆོས་སྐུའི་མཁའ་འགྲོས་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ ལོངས་སྐུའི་མཁའ་འགྲོས་བྱིན་ཆེན་ཕོབ༔ མི་མཇེད་སྤྲུལ་པའི་འཇིག་རྟེན་ནས༔ གནས་གསུམ་མཁའ་འགྲོས་བྱིན་ཆེན་ཕོབ༔ སརྦ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ཌཱཀྐི་ནཱི་བཾ་ཧ་རི་ནི་ས་སརྦ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ་སརྦ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨཱཿལན་གསུམ་གྱིས་དབབ༔ དེ་ནས་མཆོད་རྫས་བྱིན་བརླབ་ལ༔ ཨོཾ་ཨཱཿཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རྣམ་དག་ཨེ་ཡི་མཁའ་རུ་ཞིག༔ རིག་པ་ཀུན་ཏུ་བཟང་པོའི་འཕྲུལ༔ འདོད་ཡོན་ནམ་མཁའ་མཛོད་དུ་ཤར༔ མ་ཧཱ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧཱུྃ༔ འཇུག་ཆོག་རིམ་པའི་ལེའུའོ༔ དེ་ནས་འཇུག་ཆོག་དངོས་ལ༔ ཨཱཿཆོས་རྣམས་ཆོས་ཉིད་ཆེན་པོར་ཞུ༔ ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་སྣང་༔ རིག་པ་རྒྱུ་ཡི་ཡི་གེར་ཤར༔ རྒྱུ་ཡི་ཆོ་འཕྲུལ་རྩལ་དུ་སྣང་༔ སྣང་བ་ཐམས་ཅད་མཁའ་སྤྱོད་ཞིང་༔ སྲིད་པ་ཐམས་ཅད་མཁའ་འགྲོའི་དལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ པདྨ་ཉི་མ་བམ་གྱི་སྟེང་༔ རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ རང་ཉིད་རྡོ་རྗེ་ཕག་མོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་ཆོས་ཀྱི་དབྱིངས་སུ་གཟིགས༔ ཞི་མ་ཁྲོ་འཛུམ་མཚན་དཔེས་སྤྲས༔ དབུ་སྐྲ་ཐོར་ཅོག་རཏྣས་བརྒྱན༔ ཟར་བུ་སྐུ་རྒྱབ་གྲོལ་ཞིང་ཁེབས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ ཉི་ཟླའི་སྙན་རྒྱན་འོད་དུ་འབར༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ གཅེར་བུ་རཏྣ་རུས་པས་བརྒྱན༔ ཞབས་གཉིས་གར་སྟབས་རཱུ་ཏྲ་གནོན༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཕྱོགས་པདྨ་མཁའ་འགྲོ་དམར༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གཡས་པས་རང་རྟགས་ཀྱི༔ གྲི་གུག་འབར་བས་ཁམས་གསུམ་འགུགས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཞབས་གཉིས་གར་སྟབས་ཁ་ཊྭཱྃ་ཀ༔ གཅེར་བུ་རཏྣ་རུས་རྒྱན་སྤྲས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ ཀུན་ཀྱང་ཡེ་ཤེས་འོད་ཕུང་ལ༔ བསྐལ་བ་དུས་མཐའི་མེ་ལྟར་འབར༔ ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར༔ ཕྱག་གཡས་གྲི་གུག་གཡོན་ལྕགས་ཀྱུ༔ ལྷོ་སྒོར་རིན་ཆེན་ཞགས་པ་མ༔ ཕྱག་གཡས་གྲི་གུག་གཡོན་ཞགས་པ༔ ནུབ་སྒོར་པདྨ་ལྕགས་སྒྲོག་མ༔ ཕྱག་གཡས་གྲི་གུག་གཡོན་ལྕགས་སྒྲོག༔ བྱང་སྒོར་ཀརྨ་དྲིལ་བུ་མ༔ ཕྱག་གཡས་གྲི་གུག་གཡོན་དྲིལ་བུ༔ ཀུན་ཀྱང་ཁྲོ་ཞིང་སྒེག་པའི་ཉམས༔ ལས་མདོག་མེ་དཔུང་འབར་བའི་ཀློང་༔ གར་སྟབས་རུས་པའི་རྒྱན་གྱིས་སྤྲས༔ དཀྱིལ་འཁོར་བར་ཁྱམས་འཁོར་ཡུག་ཏུ༔ མཚོ་ལ་གཟའ་སྐར་བཀྲ་བ་བཞིན༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྫོགས༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་སྐུ་གསུམ་དབྱིངས་བཞུགས་ཀྱི༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཁ་བ་བབ་ལྟར་སྤྱན་དྲངས་བསྟིམ༔ དངོས་གཞི་ལྷ་བསྐྱེད་ལེའུ་འོ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ དབྱིངས་ཀྱི་ཡུམ་ཆེན་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ འབུམ་ཕྲག་མཁའ་འགྲོ་གཤེགས་སུ་གསོལ༔ སརྦ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ཌཱཀྐི་ནཱི་བཾ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཧྲཱིཾ་ཧྲཱིཾ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ལ༔ ཧཱུྃ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་གསུམ་གྱི་ངོ་བོ་རུ༔ མངོན་གྱུར་ཆེན་པོ་བརྟན་བཞུགས་གསོལ༔ མ་མ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ལ༔ ན་མོ༔ ཆོས་སྐུའི་དབྱིངས་སུ་ཡུམ་ཆེན་མོ༔ ལོངས་སྐུ་ཕག་མོ་རིགས་ལྔ་དང༔ སྤྲུལ་སྐུ་འབུམ་ཕྲག་མཁའ་འགྲོ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ ཡུལ་དྲུག་སྣང་བའི་ཕྱག་རྒྱ་ཆེ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་རཀ་གཏོར་མའི་མཆོད་པ་འབུལ༔ སྦྱོར་སྒྲོལ་ཏན་གན་མཆོད་པ་བཞེས༔ ཨོཾ་བཛྲ་ཝ་ར་ཧི་བཾ་ཧ་རི་ནི་ས་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ མ་ཧཱ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྵེ་པྲ་ཏཱིཙྪ་པཱུ་ཛ་ཧོཿམ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ སརྦ་རཱུ་ཏྲ་མཱ་ར་ཡ་ཁཱ་ཧི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ ཡེ་གཞི་ཀ་དག་སྤྲོས་པའི་མཐའ་དང་བྲལ༔ རྣམ་ཐར་བརྒྱད་ལྡན་ཆོས་སྐུ་ཡུམ་ཆེན་མོ༔ ལྷུན་གྲུབ་བཀོད་པ་རབ་ལྡན་ལོངས་སྤྱོད་རྫོགས༔ སྣ་ཚོགས་ཡུམ་གྱུར་རྡོ་རྗེ་ཕག་མོའི་སྐུ༔ རོལ་པའི་དབྱིངས་ཀྱི་ཡུམ་ཆེན་རྣམ་ལྔ་དང་༔ རྩལ་སྣང་འབུམ་ཕྲག་ཡངས་པའི་མཁའ་འགྲོར་ཤར༔ སྐུ་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོད༔ ཀ་དག་སྤྲོས་བྲལ་བདེ་གཤེགས་སྙིང་པོའི་ཐུགས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པའི་གསུང་༔ ཐུགས་རྗེས་གང་ལ་གང་འདུལ་སྐུར་སྣང་བ༔ ཡེ་ཤེས་མཁའ་འགྲོ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་སུ་ཐ་དད་མ་གྲུབ་ཀྱང་༔ གདུལ་བྱ་ཐབས་ཀྱིས་འདུལ་བའི་སྐུར་སྟོན་ཅིང་༔ དཔག་ཡས་མཁའ་འགྲོའི་གར་སྒྱུར་འཕྲུལ་མོ་ཆེ༔ འཁོར་འདས་སྤྱི་དཔལ་ཆེན་མོ་ཁྱེད་ལ་བསྟོད༔ ཐིམ་པའི་ལས་རིམ་ལྔའི་ལེའུ་འོ༔ དེ་ནས་གཤགས་པ་བྱ་བ་ལ༔ ན་མོ༔ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ ཡེ་ཤེས་མཁའ་འགྲོ་མ་ཚོགས་དགོངས་སུ་གསོལ༔ ཐོག་མེད་དུས་ནས་མ་རིག་དབང་གྱུར་ཏེ༔ གཟུང་འཛིན་འཁྲུལ་པ་བདག་མེད་ཆེན་པོར་བཤགས༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འཛབ་དམིགས་ལ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ཀར་ཡེ་ཤེས་འོད་ཀློང་དུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཆོས་སྐུ་ཀུན་ཏུ་བཟང་མོ་མཐིང་༔ གཅེར་བུ་སྐྱིལ་ཀྲུང་མཉམ་བཞག་ཅན༔ དེའི་ཐུགས་ཀར་མི་ཤིགས་པའི༔ དྭངས་མ་ལྔ་ཡི་ཐིག་ཀློང་དུ༔ བྃཿཡིག་མཐིང་གའི་མཐའ་བསྐོར་དུ༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་རྒྱལ་བ་རྟེན་བརྟེན་པ༔ ཡེ་ཤེས་མཁའ་འགྲོའི་རྣམ་རོལ་དུ༔ མཚོ་ལ་ཁ་བ་བབ་ལྟར་དམིགས༔ ཨོཾ་བཛྲ་ཝ་ར་ཧི་བཾ་ཧ་རི་ནི་ས་ཧཱུྃ་ཛཿརང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་སྲོག་སྔགས་ལས་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བ་ཐམས་ཅད་དང་༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་དངོས་གྲུབ་ཀུན༔ འོད་ལྔའི་རྣམ་པར་ཚུར་འདུས་ཏེ༔ རྡོ་རྗེ་གསུམ་གྱི་དབྱིངས་སུ་བསྟིམ༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ ཨོཾ་བཛྲ་ཝ་ར་ཧི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་ལས་སྦྱོར་བྱ་བ་ནི༔ བདག་མདུན་མཁའ་འགྲོའི་ཐུགས་ཀ་ནས༔ འོད་དང་འོད་ཕུང་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཐམས་ཅད་བདེ་ཆེན་ས་ལ་སྦྱོར༔ ཚེ་བསོད་དཔལ་ཡོན་འབྱུང་བཞིའི་བཅུད༔ རྒྱལ་བ་སྲས་བཅས་གཟི་བྱིན་དབང་༔ བསྡུས་ཏེ་རང་ཉིད་ལ་ཐིམ་པས༔ ཚེ་བསོད་ཡེ་ཤེས་རྒྱས་པར་བསམ༔ མཁའ་འགྲོའི་ཐུགས་རྗེའི་སྟོབས་ཤུགས་ཀྱིས༔ ཁམས་གསུམ་སྲིད་གསུམ་མ་ལུས་པ༔ དབང་དུ་བསྡུས་ཏེ་མདུན་དུ་འཁོད༔ མཁའ་འགྲོའི་ཐུགས་རྗེའི་འོད་དམར་གྱིས༔ རྒྱས་གདབ་བྱང་ཆུབ་སེམས་ལྡན་པའི༔ འབངས་ཁས་བླངས་ཤིང་བྲན་ཁོལ་བསམ༔ སླར་ཡང་མཁའ་འགྲོའི་སྤྲུལ་པ་ནི༔ ཕག་མོ་དཀར་སེར་དམར་ལྗང་མཐིང་༔ ཐུན་མཚོན་ཐོགས་པ་དཔག་མེད་ཀྱིས༔ སྣང་ཞིང་སྲིད་པ་ཀུན་ཁེངས་ཏེ༔ བཀའ་དང་དམ་ལོག་མི་འདུ་བའི༔ གདོན་བགེགས་དྲེགས་པ་ཅན་ཀུན་བསྒྲལ༔ རླུང་མེ་ཆུ་ཡིས་གཏོར་བསྲེགས་སྦྱངས༔ སྡེ་བརྒྱད་དྲེགས་པའི་སྲོག་འཕྲོག་སྟེ༔ དྲག་པོའི་ལས་ཀྱིས་བྲན་ཁོལ་བསམ༔ ཨོཾ་བཛྲ་ཝ་ར་ཧི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཅེས་བཟླས༔ ལས་ཀྱི་ཤམ་བུ་རང་རང་སྦྱར༔ འཛབ་དགོངས་དམིགས་པའི་འཁྲུལ་འཁོར་གྱི་ལེའུ་འོ༔ ཚོགས་རྫོགས་སྒྲིབ་པ་སྦྱང་བ་དང་༔ ལྷ་དང་སྲུང་མ་དགྱེས་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ༔ ཅི་འབྱོར་འདོད་རྒུ་བཤམས་པ་ལ༔ ཨོཾ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་འཕྲོས་པ་ལས༔ ཚོགས་ཀྱི་ཉེས་སྐྱོན་བསྲེགས་གཏོར་སྦྱངས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཆོས་ཉིད་ཀློང་ལ་འདོད་རྒུའི་དཔལ༔ ཀུན་བཟང་མཆོད་སྤྲིན་ལྟ་བུར་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོ་སྡེ་ལྔ་དང་༔ སྤྲུལ་སྐུ་འབུམ་ཕྲག་ཡངས་པའི་མཁའ་འགྲོར་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབྱིངས་ཀྱི་ཡེ་ཤེས་མཁའ་འགྲོ་མ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་མགྲོན་དུ་བྱོན༔ ཨོཾ་བཛྲ་ཝ་ར་ཧི་བཾ་ཧ་རི་ནི་ས་སརྦ་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་བདུད་རྩི་ཚོགས་མཆོད་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས་བྱུང་བའི་ཚོགས་མཆོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གནས་པ་འདི་ཉིད་མཆོད་ཅིང་འབུལ་བའི་གནས་ནི༔ རྒྱལ་བ་དགོངས་པའི་བརྒྱུད་པ༔ རིག་འཛིན་བརྡ་ཡི་བརྒྱུད་པ༔ གང་ཟག་སྙན་ཁུང་གི་བརྒྱུད་པ༔ ཤོག་སེར་ཚིག་བརྒྱུད་དང་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ༔ སྨོན་ལམ་གཏེར་གྱི་བརྒྱུད་པ་དང་དམ་རྫས་མྱོང་གྲོལ་གྱི་བརྒྱུད་པ་ལ་སོགས་པའི་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་འབུལ་ལོ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧིཿག་ཎ་ཙཀྲ་ལ་ཁཱ་ཧི༔ དཔལ་གསང་བ་འདུས་པ་སྒྱུ་འཕྲུལ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཟླ་གསང་དང་དམ་ཚིག་བཀོད་པ་གདན་བཞི་དང་དགྱེས་པ་རྡོ་རྗེ་བདེ་མཆོག་འཁོར་ལོ་དུས་ཀྱི་འཁོར་ལོ་མ་ཧཱ་མ་ཡ་ལ་སོགས་པའི་ཡི་དམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་འབུལ་ལོ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ཆོས་སྐུ་ཀུན་ཏུ་བཟང་མོ་ཡུམ་ཤེས་རབ་ཕར་ཕྱིན་རྡོ་རྗེ་ཕག་མོ་རྣལ་འབྱོར་མ་མཁའ་སྤྱོད་དབང་མོ་དབྱིངས་ཀྱི་ཡུམ་ལྔ་ཡེ་ཤེས་མཁའ་འགྲོ་དམ་ཚིག་མཁའ་འགྲོ་ཤ་ཟ་མཁའ་འགྲོ་ཤུགས་འགྲོ་མ་ཚོགས་ལ་སོགས་པའི་མ་བརྒྱུད་མཁའ་འགྲོ་འབུམ་ཕྲག་མཁའ་འགྲོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ལྷ་ཆེན་དབང་ཕྱུག་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་དྲང་སྲོང་གཟའ་མཆོག་ཆེན་པོ་བཙན་རྒོད་འབར་བ་སྤུན་བདུན་ལ་སོགས་པའི་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿརྒྱལ་བ་སྲས་དང་སྲུང་མར་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ སྒོ་གསུམ་བག་མེད་དམ་ཉམས་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ག་ཎ་ཙཀྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་བསྒྲལ་བ་ལ༔ ཧོཿཡེ་ཤེས་མཁའ་འགྲོའི་བརྟུལ་ཞུགས་ཀྱིས༔ མ་རིག་གཟུང་འཛིན་དགྲ་དང་བགེགས༔ བདག་མེད་ཆོས་ཉིད་ཆེན་པོར་བསྒྲལ༔ འཁོར་འདས་དག་མཉམ་ངང་དུ་བཤིགས༔ མ་ཏྲཾ་རཱུ་ཏྲ་པཉྩ་མཱ་ར་ཡ་ཕཊ་ཕཊ༔ དེ་ནས་བསྟབ་པ་ལ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཞལ་ཕྱེས་ཤིག༔ མ་རིག་དུག་ལྔ་ཕུང་པོ་ལྔ༔ བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ཀུན༔ མཉམ་ཉིད་རོལ་པའི་ཞལ་དུ་བསྟབས༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ མ་ཏྲཾ་རཱུ་ཏྲ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་ལ༔ ཧོཿསྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ བཀའ་འཁོར་ཡང་འཁོར་སྲུང་མ་དང་༔ སྣང་ཞིང་སྲིད་པའི་ལྷ་མ་སྲིན༔ དམ་ལ་གནས་པའི་དམ་ཅན་ཚོགས༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཚོགས་མཆོད་རིམ་པའི་ལེའུའོ༔ དེ་ནས་ཆད་མདོ་བཏང་བ་ལ༔ ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་གྱི༔ བཀའ་དམ་ལ་གནས་སྲུང་མའི་ཚོགས༔ ཆད་མདོ་དམར་གྱི་གཏོར་མ་ལོངས༔ རྣལ་འབྱོར་བསྒྲུབ་པའི་བར་ཆད་སོལ༔ བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་ཤིང་༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ཤིག༔ གཟུགས་ཡོད་དགྲ་དང་གཟུགས་མེད་བགེགས༔ མ་ལུས་བསྒྲལ་ཞིང་བརླག་པར་མཛོད༔ དམ་ལས་མ་འདའ་དམ་ལྡན་རྣམས༔ སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བརྟན་མ་ལ༔ ཆད་མདོའི་བཤལ་ཆུའི་གཏོར་མ་ནི༔ བྷྱོ༔ པདྨ་འབྱུང་གནས་བཀའ་ཉན་སྡེ༔ བརྟན་མ་ཡ་མ་སྐྱོང་བ་དང་༔ བྲན་འཁོར་སྡེ་འབངས་བཅས་པ་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས༔ བསྟན་དགྲའི་སྡེ་དཔུང་ཆོམ་ལ་ཕོབ༔ གསང་སྔགས་ཐེག་ཆེན་བསྟན་པ་སྲུངས༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ལ༔ བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག༔ མ་བྷྱོ་ཛ་ཧྲཱིཾ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྲུབ་ཁུང་དུ༔ བདག་འཛིན་རཱུ་ཏྲ་གཉིས་འཛིན་འདྲེ༔ གྲུབ་བོ་ལྡང་མེད་ཕྱག་རྒྱས་མནན༔ ཡེ་ཤེས་རྔམས་པའི་བྲོ་ཡིས་བཅོམ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ མཁའ་འགྲོའི་ཐུགས་གསང་ནམ་མཁའ་མཛོད༔ ཡེ་ཤེས་རོལ་པའི་མཁའ་ཀློང་ནས༔ དབང་དང་དངོས་གྲུབ་དགའ་བཞིའི་བཅུད༔ སྒོ་གསུམ་བུམ་པའི་སྣོད་དུ་ཞུགས༔ སྐུ་གསུམ་དབྱིངས་སུ་སྨིན་གྲོལ་ཅིང་༔ མཆོག་ཐུན་དངོས་གྲུབ་ཨ་ལ་ལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧོཿདེ་ནས་བཤགས་པ་བྱ་བ་གོང་བཞིན་ནོ༔ དེ་ནས་བསྔོ་བ་སྨོན་ལམ་ལ༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་རྣམས༔ འགྲོ་ཀུན་རྣམ་མཁྱེན་རྒྱུ་རུ་བསྔོ༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ ཁམས་གསུམ་སྐུ་གསུང་ཐུགས་སུ་ཆུབ༔ ཆོས་ཅན་ཆོས་ཉིད་ཆེན་པོར་ཞུ༔ སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་ངོམས༔ གནས་གསུམ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དེ་ནས་ཕྱག་རྒྱ་སྒོ་བཅད་ལ༔ ཧོཿབསྐྱེད་ཅིང་བསྒོམ་པའི་རྟེན་བརྟེན་པ༔ ཡུམ་ཆེན་ཆོས་སྐུའི་ཀློང་དུ་ཨཱཿསླར་ཡང་མཁའ་ལ་འཇའ་ཚོན་བཞིན༔ རྡོ་རྗེ་ཕག་མོར་ལྷུན་གྱིས་གྲུབ༔ རྩ་སྔགས་བརྗོད༔ ཀུན་ཏུ་བཟང་མོ་ཡུམ་ཆེན་མོ༔ གསང་གསུམ་རྡོ་རྗེའི་ཡང་སྙིང་བཅུད༔ འོ་མའི་སྙིང་པོ་མར་བཞིན་དུ༔ སྙིགས་མ་ལྔ་བདོའི་སེམས་ཅན་གྱི༔ མགོན་པོའི་མཆོག་ཏུ་གདམས་པ་འདི༔ གང་གིས་ཉམས་སུ་ལེན་པའི་བུ༔ བསྐྱེད་རིམ་གདིང་དང་ལྡན་གྱུར་ན༔ དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ ཡེ་ཤེས་རྒྱལ་པོའི་གོ་འཕང་དུ༔ བསྒྲོད་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་རྒྱ༔ དགོངས་རྒྱ༔ ཟབ་རྒྱ༔ ཞེས་པ་འདི་སྨོན་ལམ་སྟོབས་ཀྱིས་འབྲེལ་བའི་རིག་མ་དཔལ་གྱི་ལྷ་མོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཨ་སྤོ་སྡོང་གི་སྐྱེས་བུ་རིག་འཛིན་བཟང་པོའོ།།དགེའོ།།དགེའོ།།དགེའོ།།