TTDL-ZABTER-09-TA-044

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-09-TA-044

༠༠༠༠༠བརྡ་ཡིག༣༤༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དྲེགས་པ་སྡེ་དགུའི་དབང་ཆོག་ཟབ་རྒྱའི་ཡང་ཐིག་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༤༢ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ༠༠༠༠༠བརྡ་ཡིག༣༤༢བཀའ་སྲུང་དྲེགས་པ་སྡེ་དགུ་ཡི༔ བསྒྲུབ་པ་ལྷུར་ལེན་བྱེད་འདོད་ན༔ འཇུག་ཆོག་དབང་གི་ཆོ་ག་ལ༔ བུམ་པ་ལ་སོགས་གསང་གསུམ་དང་༔ ཡོན་ཏན་ཕྲིན་ལས་དབང་རྫས་རྣམས༔ ལེགས་པར་བསགས་ཏེ་དཀྱིལ་འཁོར་དུ༔ བཀོད་ཅིང་རྡོ་རྗེ་སློབ་དཔོན་དེ༔ ཡི་དམ་ལྷ་ཡི་བསྒོམ་བཟླས་ལ༔ འཇུག་མཐར་བཀའ་སྲུང་དྲེགས་པའི་ཚོགས༔ ཚུལ་བཞིན་བསྐྱེད་དང་འབོད་པས་བསྒྲུབ༔ དམིགས་པའི་གནད་ཀྱིས་རྟེན་ལ་བསྟིམ༔ དམ་ལྡན་སློབ་མ་ཤ་སྟག་ལ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སེམས་ཕོག་ནས་མཎྜལ་ཕུལ༔ འདི་ལྟར་གསོལ་བ་གདབ་པར་བྱ༔ ཀྱཻ་ཧོཿརྡོ་རྗེ་འཛིན་རྒྱལ་གསང་བའི་བདག༔ འགྲོ་བའི་བླ་མ་ཆེ་བའི་མཆོག༔ བདག་ཅག་མོས་པའི་བུ་སློབ་ལ༔ བཀའ་སྲུང་དྲེགས་པ་སྡེ་དགུ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ བླ་མ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་དུ་བསྒོམ་ཞིང་གསལ་ཏེ༔ ལན་གསུམ་དུ་གསོལ་བ་བཏབ༔ དེ་ནས་ལན་གདབ་པ་ལ༔ ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས༔ བསྙེན་དང་བསྒྲུབ་པ་ལྷུར་ལེན་པའི༔ དམ་བཅའ་ཟུངས་ལ་མོས་གུས་དང་༔ སྤྲོ་བ་བསྐྱེད་དང་དབང་བསྐུར་བྱ༔ ཞེས་བསྒོ་ཞིང་དམ་ཆུ་སྦྱིན་པ་ནི༔ ཧོཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་ཆེན་པོ་མནའ་ཡི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ བསྙེན་སྒྲུབ་བསྐང་གསོལ་རྟག་ཏུ་མཛོད༔ གཏན་དུ་མི་འབྲལ་དམ་བཅའ་ཟུང་༔ འདའ་དཀའ་རྡོ་རྗེའི་དམ་ཚིག་ཆུ༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཀྱིས༔ བཞེས་ལ་རྡོ་རྗེའི་སློབ་མ་འདིར༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ འཁོར་ཞིང་འགྲོགས་ནས་རབ་འབྱམས་ཀྱི༔ ཕྲིན་ལས་གང་བརྩམ་ཡོངས་འགྲུབ་མཛོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ཞེས་ལྷ་མི་གཉིས་ཀྱིས་མནའ་བོར་བར་བསམ་ལ་སློབ་མ་ལ་དམ་ཆུ་བླུད༔ གཏོར་མ་ལ་བྲན་ཏེ༔ ས་མ་ཡ་ན་ར་ཀན༔ ཞེས་དམ་ཆུ་དེ་སྙིང་གི་དཀྱིལ་དུ་སོང་ནས་ངོ་བོ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལ་རྣམ་པ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་རྭ་གདེངས་པ་ཞིག་ཏུ་གྱུར་པའི་ལྟེ་བར་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར་ཏེ་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསྒོམ༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་བདག་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་དང་བཅས་པ་འཇའ་ཚོན་ནམ་མཁའ་ལ་ཞིག་པ་ལྟར་སྟོང་ཉིད་སྤྲོས་མཐའ་དང་བྲལ་བའི་ངང་དུ་ཞིག་པར་བསམ༔ སྟོང་པའི་དབྱིངས་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་པད་མ་དང་ཉི་མ་རཱུ་ཏྲ་ཕོ་མོ་བསྣོལ་བའི་སྟེང་དུ༔ སློབ་མའི་རིག་པ་རྒྱུའི་ས་བོན་ཧཱུྃ་ཡིག་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་རེ་རེ་ཡོངས་སུ་གྱུར་པ་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་སྐུ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་རབ་ཁྲོས་ཞལ༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་བསྣམས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ སྡེ་བརྒྱད་ཕོ་མོའི་སྤྱི་ནས་གནོན༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ནམ་མཁར་སྤྲུལ་པའི་ཁྱུང་གིས་བརྒྱན༔ འཁོར་འདས་སྤྱི་དཔལ་ཆེན་པོར་བསྐྱེད༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ སྐུ་གསུམ་རྒྱལ་བ་རྟེན་བརྟེན་པ༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔ དེ་ནས་རོལ་མོ་འཁྲོལ་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་བདེ་ཆེན་ལྕང་ལོ་ཅན༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་ནས༔ ཀུན་བཟང་རྡོར་འཆང་རྡོ་རྗེ་ཅན༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལྷ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ སྐད་ཅིག་གནས་འདིར་གཤེགས་ནས་ཀྱང་༔ ཡེ་ཤེས་རྡོ་རྗེའི་སྐུ་གསུང་ཐུགས༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ བྱང་ཆུབ་བར་དུ་བརྟན་བཞུགས་གསོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་ལན་གསུམ་གྱིས་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་ངོ་སྤྲད་པ་ལ༔ ཧཱུྃ༔ ཆོས་ཉིད་ཞེ་སྡང་རྡོ་རྗེ་ནི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྷ༔ གཉིས་སྣང་རཱུ་ཏྲ་བསྒྲལ་བའི་ཕྱིར༔ དྲེགས་པ་ཕོ་མོ་རྩལ་དུ་ཤར༔ རང་སྣང་རང་དབང་བསྒྱུར་བ་ལ༔ འཁོར་འདས་གཉིས་ཀྱི་སྲོག་དབང་ཐོབ༔ བསྐུལ་ཐོབ་བྲལ་བའི་དབང་རྫོགས་སོ༔ ཛྙཱ་ན་ཙཀྲ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དྲེགས་པ་དགུའི་དབང་བསྐུར་བ་ནི༔ དཔལ་མགོན་ལེགས་ལྡན་ནག་པོའི་སྐུ་ཐོགས་ལ༔ ཧཱུྃ༔ གནས་ལུགས་གཞི་ཡི་ཧེ་རུ་ཀ༔ བདག་ལྟའི་རཱུ་ཏྲའི་གཤེད་དུ་ཤར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དྲེགས་པའི་སྐུ་ལ་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཞིང་སྐྱོང་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀས༔ མི་སྲུན་གདུག་པ་འདུལ་བའི་ཕྱིར༔ དྲག་ཤུལ་འབར་བའི་སྐུར་སྟོན་པ༔ ཞིང་སྐྱོང་ཡབ་ཡུམ་དབང་བསྐུར་བས༔ དྲེགས་པའི་སྐུ་ལ་དབང་ཐོབ་ཤོག༔ སིང་ཧ་མུ་ཁ་སི་ན་ར་མ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཟའ་མཆོག་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་འདུལ་བའི་ཕྱིར༔ ཞིང་བཅུའི་སྲོག་གི་གཤེད་དུ་ཤར༔ གཟའ་མཆོག་ཆེན་པོའི་དབང་བསྐུར་བས༔ གཟའ་བརྒྱད་སྐུ་ལ་དབང་ཐོབ་ཤོག༔ ཧྲཱི་ཏྲི་རཀྴ་རཱ་ཧུ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གནོད་སྦྱིན་ཤན་པ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་ལྷ༔ དབང་བསྒྱུར་འབར་བའི་སྐུར་བཞེངས་པ༔ གནོད་སྦྱིན་ཤན་པ་འཁོར་བཅས་ཀྱི༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཨེ་ཀ་ཙ་ཏིའི་སྐུ་གཏད་ལ༔ ཧཱུྃ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ འཁོར་འདས་ཡོངས་ཀྱི་སྤྱི་རྗེ་མོ༔ ཨེ་ཀ་ཙ་ཏིའི་དབང་བསྐུར་རོ༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ མ་མ་ཨེ་ཀ་ཙ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཆོས་རྒྱལ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ རྟ་མཆོག་རོལ་པའི་ཕྲིན་ལས་གར༔ དྲེགས་པ་ཟིལ་གནོན་རབ་འཇིགས་སྐུ༔ ཆོས་རྒྱལ་ཆེན་པོའི་དབང་བསྐུར་བས༔ རྒྱལ་ཆེན་སྐུ་ཡི་དབང་ཐོབ་ཤོག༔ རཱ་ཙ་ཀིང་ཀ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིས༔ ཁམས་གསུམ་དབང་སྡུད་སྐུར་སྟོན་པ༔ དབང་ཕྱུག་ཡབ་ཡུམ་དབང་བསྐུར་བས༔ ལྷ་རྒྱལ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་དཱེ་ཝ་ཧཱུྃ༔ ཨུ་མ་དཱེ་ཝི་ཧྲཱིཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དམ་ཅན་སྐྱེས་བུ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ གསང་བདག་རྡོ་རྗེ་གཏུམ་པོ་ཡིས༔ ཞིང་བཅུ་འདུལ་བའི་སྐུར་སྟོན་པ༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ བཛྲ་ས་དྷུ་ས་མ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱི་སྐུ་གཏད་ལ༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ གནོད་སྦྱིན་ནོར་ལྷ་ཀུན་གྱི་བདག༔ གཏེར་བདག་ཆེན་པོའི་དབང་བསྐུར་བས༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ བཻ་ཤྲ་མ་ཎ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲག་པོའི་གད་མོ་བཅུ་གཉིས་ཀྱི་ཡི་གེ་གཏད་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་གྱི༔ གསུང་གི་ང་རོ་ཡི་གེ་ཧྲཱིཿསྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀའ་སྲུང་དྲེགས་པ་སྡེ་དགུ་ཡི༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྲོག་གི་ཡི་གེ་རྣམས་གཏད་ལ༔ ཧོཿཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ དྲེགས་པའི་སྲོག་གི་ཡི་གེར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀའ་སྲུང་དྲེགས་པ་སྡེ་དགུ་དང་༔ བཀའ་སྡོད་བྲན་འབངས་བཅས་པ་ཡི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ སིང་ཧ་མུ་ཁ་སི་ན་ར་མ་རཀྴ་རཱ་ཧུ་ལ་དམའ་རུ་རྩེ་ཨེ་ཀ་ཙ་ཏི་རཱ་ཙ་ཀིང་ཀ་ར་མ་ཧཱ་དཱེ་ཝ་བཛྲ་ས་དྷུ་བཻ་ཤྲ་མ་ཎ་སརྦ་ས་པ་རི་ཝཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་ལས་ཀྱི་ཕོ་ཉ་བ༔ བཀའ་སྲུང་དྲེགས་པ་སྡེ་དགུ་ཡི༔ ཐུགས་ཀྱི་རྡོ་རྗེ་འདི་གཏད་པས༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀའ་སྲུང་དྲེགས་པའི་ཚོགས་དེ་དག་ལུས་དང་གྲིབ་མའི་ཚུལ་དུ་དབྱེར་མེད་རོ་གཅིག་ཏུ་སློབ་མ་དང་གཉིས་མེད་དུ་གྱུར་པར་བསམ༔ དེ་ནས་སློབ་མ་དེ་བཀའ་སྲུང་དྲེགས་པ་ཡོངས་འདུས་ཀྱི་ངོ་བོར་དམིགས་ལ༔ ཧཱུྃ༔ དྲེགས་པ་སྤྱི་དཔལ་ཆེན་པོ་ལ༔ ཐལ་ཆེན་ཚོམ་བུ་འདི་གཏད་པས༔ ཁམས་གསུམ་དབང་དུ་སྡུད་པར་ཤོག༔ རཀྟའི་ཐིག་ལེ་འདི་བྱུག་པས༔ ཁྲག་འཐུང་དཔལ་གྱི་དབང་ཐོབ་ཤོག༔ ཞག་གི་ཟོ་རིས་འདི་བྱུག་པས༔ ཞིང་བཅུ་ཡོངས་སྒྲོལ་དབང་ཐོབ་ཤོག༔ གླང་ཆེན་ཀོ་རློན་འདི་བསྐོན་པས༔ དྲེགས་པ་ཡོངས་ཀྱི་མཐུ་ཐོབ་ཤོག༔ མི་ལྤགས་གཡང་གཞི་འདི་གཏད་པས༔ སྲིད་གསུམ་ཟིལ་གནོན་དབང་ཐོབ་ཤོག༔ སྟག་ལྤགས་ཤམ་ཐབས་འདི་གསོལ་བས༔ དྲག་ཤུལ་སྟོབས་རྩལ་དབང་ཐོབ་ཤོག༔ ཐོད་ཕྲེང་ཚར་གསུམ་འདི་གཏད་པས༔ ཁམས་གསུམ་དབང་བསྒྱུར་དབང་ཐོབ་ཤོག༔ སྤྲུལ་གྱི་ཆུན་པོ་འདི་གཏད་པས༔ མངོན་སྤྱོད་ལས་ཀྱི་དབང་ཐོབ་ཤོག༔ ཅེས་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བས་ཁམས་གསུམ་ལས་རྣམ་པར་རྒྱལ་ཞིང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་ནུས་རྫོགས་པའི་ཧེ་རུ་ཀ་དངོས་སུ་གྱུར་པར་བསྒོམ༔ དེ་ནས་བྲུབ་ཁུང་དང་ལིང་ག་ཐོགས་ཏེ༔ འགུག་གཞུག་ལན་གསུམ་བྱས་ལ༔ ཧཱུྃ༔ གཟུང་དང་འཛིན་པའི་རྒྱུས་བསྐྱེད་པའི༔ བསྟན་པའི་རཱུ་ཏྲ་ཞིང་བཅུའི་བདུད༔ མ་ལུས་ཁྱོད་ལ་གཏད་པ་ཡིས༔ མི་འགྱང་མྱུར་སྒྲོལ་དབང་ཐོབ་ཤོག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲལ་ཆས་ཕུར་མཚོན་ཐོགས་ལ༔ ཧཱུྃ༔ ཞིང་བཅུ་རཱུ་ཏྲ་བསྒྲལ་བའི་ཆས༔ ཕུར་ཉུང་ཁྲག་མཚེ་དུག་གི་མདའ༔ རྡོ་དང་དཔལ་གྱི་གཏོར་མ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ དགྲ་བགེགས་བསྒྲལ་འདྲེན་དབང་ཐོབ་ཤོག༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ལྷ་ཚོགས་དངོས་སུ་གསལ་ཏེ་ཐོགས་ལ༔ ཧཱུྃ༔ རྒྱུ་རྐྱེན་རྟེན་འབྲེལ་ཕུན་ཚོགས་པའི༔ འདོད་འབྱུང་དཔལ་གྱི་གཏོར་མ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྲིད་པ་ཕོ་རྒྱུད་ཐམས་ཅད་དང་༔ མ་མོ་མོ་རྒྱུད་སྲུང་མའི་ཚོགས༔ མགོན་པོ་ཡོངས་དང་དེ་ཡི་འཁོར༔ ཕྱི་ནང་གསང་བ་ཡང་གསང་དང་༔ མཆོག་དང་སྤྲུལ་པའི་ལྷ་མ་སྲིན༔ དྲེགས་པ་སྡེ་བརྒྱད་མ་ལུས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སརྦ་མ་ཧཱ་ཀཱ་ལ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་མ་བྷྱོ་ཛ་ཧྲཱིཾ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ༔ ཨ་བྷི་ཥིཉྩ་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཨ་བྷི་ཥིཉྩ་སྭཱ༔ ཨ་བྷི་ཥིཉྩ་ཧཱ༔ སློབ་མ་དྲེགས་པ་ཡོངས་འདུས་ཀྱི་བདག་ཉིད་དུ་གསལ་བ་ལ༔ གཏོར་མ་དྲེགས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་བ་རུ་བསྒོམ་པ་སློབ་མའི་སྤྱི་བོ་ནས་ཐིམ་པས་དྲེགས་པ་ཡོངས་ཀྱི་སྲོག་དབང་ཐོབ་ཅིང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ལ་དབང་འབྱོར་བའི་སྐལ་བ་ཐོབ་པར་བསམ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་རྟེན་འབྲེལ་ཟབ་མོའི་བདེན་པའི་མཐུས༔ དཔལ་ཡེ་ཤེས་མགོན་པོ་ལེགས་ལྡན་ལ་སོགས་པའི་ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་དང་བདུད་མགོན་སེང་གདོང་ཡབ་ཡུམ་གཟའ་བདུད་དུག་གི་སྤུ་གྲི་གནོད་སྦྱིན་ཤན་པ་དམར་ནག་སྔགས་སྲུང་ཨེ་ཀ་ཙ་ཏི་རྒྱལ་པོ་ཆེན་པོ་བེ་ཧ་ར་ལྷ་ཆེན་དབང་ཕྱུག་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པ་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ལ་སོགས་པའི་བཀའ་སྲུང་དྲེགས་པ་སྡེ་དགུ་འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་བཀའ་འཁོར་འབངས་སྡེ་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་མངའ་དབང་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྲོག་ལ་དབང་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ལྷ་བསྒོམ་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག༔ སྔགས་བཟླས་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག༔ བསྙེན་སྒྲུབ་བསྐང་གསོལ་བྱས་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག༔ མི་དང་མི་འགྲོགས་པ་བཞིན་དུ་མངོན་སུམ་མིག་གི་མཐོང་ཡུལ་དུ་མཆིས་པར་གྱུར་ཅིག༔ འགྲུབ་པར་གྱུར་ཅིག༔ མི་དང་མི་ལབ་པ་བཞིན་དུ་མངོན་སུམ་གཏམ་གྱི་ལབ་རོག་ཏུ་མཆིས་པར་གྱུར་ཅིག༔ འབངས་དང་བྲན་གཡོག་དུ་ཁོར་བར་གྱུར་ཅིག༔ ཅི་བསམ་པ་དང་ཅི་འདོད་པ་ཅི་རེ་བ་དང་ཅི་སྨོན་པ་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག༔ མཐུའི་གྲགས་པས་ས་སྟེང་ཐམས་ཅད་ཡོངས་སུ་གང་ནས་ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བར་གྱུར་ཅིག༔ ཅེས་ལན་གསུམ་གདབ་མཐར༔ ཀུན་གྱི་བདེན་བརྗོད་འགྲུབ་སྔགས་ཅི་མང་འདོན༔ དེ་ནས་བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ མཐར་ནི་གཏང་རག་ཚོགས་ཀྱི་འཁོར་ལོ་ཕུལ༔ དེ་ལྟར་དཔང་བསྐུལ་ཐོབ་ནས་སླར༔ དྲེགས་པ་སྡེ་དགུའི་ལས་ཚོགས་ལ༔ གང་དགར་སྦྱོད་ཅིང་བསྙེན་བསྒྲུབ་ན༔ ཞི་རྒྱས་དབང་གི་ལས་ཀུན་འགྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་ཤིང་༔ ཧེ་རུ་ཀ་པ་དངོས་སུ་གྱུར༔ དེ་ལྟར་དབང་གིས་མ་སྨིན་པར༔ སྒྲུབ་པ་ཆུད་དུ་གསན་པར་གྱུར༔ དེ་བས་དབང་ཐོབ་དོན་ལྡན་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐམ་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་གི་ལོ་ཁྱིམ་ལ་བབ་ཚེ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་པའི་དུས་སུ་ནམ་མཁའ་དང་བར་སྣང་ས་གཞིའི་ཁམས་སུ་འཇའ་ཚོན་གྱི་དྲྭ་བ་འཁྲིགས།དྲི་བཟང་གི་ན་བུན་འཐུལ།རོལ་མོའི་རང་སྒྲ་བྱུང་།རི་དྭགས་རྙི་ནས་བཏོན་པས་དུས་རྟགས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་བ་ཡིན་པས་མི་ལོ་སུམ་ཅུ་སོ་གསུམ་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་རིག་འཛིན་བཟང་པོས་ནན་དུ་བསྐུལ་ངོར་གསེར་སྟོད་བླ་མ་རོང་དུ་གཏན་ལ་ཕབ་པའི་ཡི་གེ་པ་ཡང་བསྐུལ་བ་པོ་ཉིད་དོ།།སརྦ་མངྒ་ལཾ།།