TTDL-ZABTER-03-GA-046
TTDL-ZABTER-03-GA-046
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་ཕྱག་འཚལ་སྒྲིབ་གཉིས་དག་བྱེད་བཞུགས་སོ༔ ༠༠༠༠བརྡ་ཡིག༤༣༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་ཞི་ཁྲོ་འདུས་པ་འདི༔ ཉམས་སུ་ལེན་པའི་གང་ཟག་གིས༔ མདུན་གྱི་ནམ་མཁར་འཇའ་འོད་ཀློང་༔ མཁའ་ལ་གཟའ་སྐར་བཀྲ་བ་བཞིན༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གསལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱིས༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་བསྒོམ༔ ཨེ་མ་ཧོ༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་དཔལ༔ རྡོ་རྗེའི་བླ་མ་ལ་ཕྱག་འཚལ༔ གདོད་ནས་ཀ་དག་ཆོས་ཀྱི་དབྱིངས༔ ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ༔ ཡེ་སངས་རྒྱས་པའི་ངོ་བོ་ཉིད༔ རྣམ་པར་སྣང་མཛད་ལ་ཕྱག་འཚལ༔ གཞོམ་ཞིག་བྲལ་བ་རྡོ་རྗེའི་སྐུ༔ མི་བསྐྱོད་རྡོ་རྗེ་ལ་ཕྱག་འཚལ༔ ལྷུན་འཐུག་ཡོན་ཏན་རྫོགས་པའི་དཔལ༔ རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ༔ མཁྱེན་གཉིས་ཡེ་ཤེས་འབར་བའི་སྐུ༔ སྣང་བ་མཐའ་ཡས་ལ་ཕྱག་འཚལ༔ ལྷུན་གྲུབ་བཀོད་པ་ཡེ་རྫོགས་ངང་༔ དོན་ཡོད་གྲུབ་པ་ལ་ཕྱག་འཚལ༔ བརྡལ་ཁྱབ་ཆོས་དབྱིངས་ཡངས་པའི་མཁའ༔ ནམ་མཁའ་དབྱིངས་ཕྱུག་ལ༴རང་གསལ་སྒྲིབ་གཡོགས་བྲལ་བའི་དབྱིངས༔ རྡོ་རྗེ་དབྱིངས་ཕྱུག་ལ༴འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ རིན་ཆེན་དབྱིངས་ཕྱུག་ལ༴ཆགས་བྲལ་བདེ་བ་ཆེན་པོའི་དབྱིངས༔ པདྨ་དབྱིངས་ཕྱུག་ལ༴མ་བཅོས་དག་གྲོལ་ཡེ་རྫོགས་དབྱིངས༔ ལས་ཀྱི་དབྱིངས་ཕྱུག་ལ༴ཀུན་གསལ་ཡེ་ཤེས་རོལ་པའི་རྩལ༔ ས་ཡི་སྙིང་པོ་ལ༴ཀུན་གཟིགས་ཡེ་ཤེས་རོལ་པའི་རྩལ༔ བྱམས་པ་མགོན་པོ་ལ༴ཀུན་འདུས་ཡེ་ཤེས་རོལ་པའི་རྩལ༔ ཀུན་ཏུ་བཟང་པོ་ལ༴ཡེ་རྫོགས་ཡེ་ཤེས་རོལ་པའི་རྩལ༔ ནམ་མཁའི་སྙིང་པོ་ལ༴བདེ་ཆེན་ཡེ་ཤེས་རོལ་པའི་རྩལ༔ སྤྱན་རས་གཟིགས་དབང་ལ༴ཆགས་བྲལ་ཡེ་ཤེས་རོལ་པའི་རྩལ༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༔ མ་བཙལ་རྫོགས་པའི་ཡེ་ཤེས་རྩལ༔ སྒྲིབ་པ་རྣམ་སེལ་ལ་ཕྱག་འཚལ༔ མ་བཅོས་རང་བྱུང་ཡེ་ཤེས་རྩལ༔ ཕྱག་ན་རྡོ་རྗེ༴སྟོང་ཉིད་གསལ་ཁྱབ་ཆེན་པོའི་དབྱིངས༔ རྡོ་རྗེ་སྒེག་མོ་ལ༴ཆོས་ཉིད་ཆགས་པར་བྲལ་བའི་དབྱིངས༔ རྡོ་རྗེ་མེ་ཏོག་ལ༴སྟོང་ཉིད་མཐའ་བྲལ་ཆེན་པོའི་དབྱིངས༔ རྡོ་རྗེ་ཕྲེང་ཐོགས་ལ༴སྟོང་པ་ལྷུན་འབྱམས་ཆེན་པོའི་དབྱིངས༔ རྡོ་རྗེ་བདུག་སྤོས་ལ༴སྟོང་ཉིད་ཚིག་དང་བྲལ་བའི་དབྱིངས༔ རྡོ་རྗེ་གླུ་མ་ལ༴སྟོང་ཉིད་རང་གསལ་ཆེན་པོའི་དབྱིངས༔ རྡོ་རྗེ་སྣང་གསལ་ལ༴སྟོང་ཉིད་ཀ་དག་ཆེན་པོའི་དབྱིངས༔ རྡོ་རྗེ་གར་མཁན་ལ༴སྟོང་ཉིད་བྱང་ཆུབ་ཆེན་པོའི་དབྱིངས༔ རྡོ་རྗེ་ནིརྟི་ལ༴ཆོས་ཉིད་བདེ་བ་ཆེན་པོའི་རྩལ༔ དབང་པོ་བརྒྱ་བྱིན་ལ༴ཆོས་ཉིད་སྤང་བླང་བྲལ་བའི་རྩལ༔ ཐག་བཟང་རིས་མཆོག་ལ༴ཆོས་ཉིད་ཡོན་ཏན་ལྷུན་རྫོགས་རྩལ༔ ཤཱཀྱ་ཐུབ་པ་ལ༴ཆོས་ཉིད་ཡེ་ཤེས་ཀུན་གསལ་རྩལ༔ སེང་གེ་རབ་བརྟན་ལ༴ཆོས་ཉིད་བདེ་བ་ཆེན་པོའི་ངང་༔ ཁ་འབར་དྷེ་ཝ་ལ༴ཆོས་ཉིད་གཞོམ་བྲལ་ཆེན་པོའི་རྩལ༔ ཆོས་ཀྱི་རྒྱལ་པོ་ལ༴སྡུག་བསྔལ་རྣམ་པར་ཞི་བའི་དབྱིངས༔ རྣམ་པར་རྒྱལ་བ་ལ༴ལྷུན་གྲུབ་ཡོན་ཏན་རྒྱས་པའི་དཔལ༔ གཤིན་རྗེ་གཤེད་པོ་ལ༴འཁོར་འདས་དབང་དུ་མཛད་པའི་དབྱིངས༔ རྟ་མགྲིན་རྒྱལ་པོ་ལ༴སྲིད་པ་རྣམ་པར་སྒྲོལ་བའི་སྟོབས༔ བདུད་རྩི་འཁྱིལ་བ་ལ༴རྟག་མཐའ་བྲལ་བའི་ཕྱག་རྒྱ་མོ༔ ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ ཆད་མཐའ་བྲལ་བའི་ཕྱག་རྒྱ་མོ༔ ཞགས་པ་མ་ལ༴མཚན་མ་བྲལ་བའི་ཕྱག་རྒྱ་མོ༔ ལྕགས་སྒྲོག་མ་ལ༴བདག་རྟོག་བྲལ་བའི་ཕྱག་རྒྱ་མོ༔ དྲིལ་བུ་མ་ལ༴ཧཱུྃ༔ ཡེ་ཤེས་རྡོ་རྗེས་སྒྲིབ་གཉིས་བཅོམ༔ ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ༔ འཁོར་འདས་སྟོང་ཆེན་མཁའ་རུ་ཆོམ༔ གནམ་ཞལ་ཡུམ་ལ༴གཏི་མུག་རྣམ་དག་གཏི་མུག་འཇོམས༔ སངས་རྒྱས་ཁྲག་འཐུང་ལ་ཕྱག་འཚལ༔ ཞེ་སྡང་རྣམ་དག་ཞེ་སྡང་འཇོམས༔ རྡོ་རྗེ་ཁྲག་འཐུང་ལ༴ང་རྒྱལ་རྣམ་དག་ང་རྒྱལ་འཇོམས༔ རིན་ཆེན་ཁྲག་འཐུང་ལ༴འདོད་ཆགས་རྣམ་དག་འདོད་ཆགས་འཇོམས༔ པདྨ་ཁྲག་འཐུང་ལ༴ཕྲག་དོག་རྣམ་དག་ཕྲག་དོག་འཇོམས༔ ཀརྨ་ཁྲག་འཐུང་ལ༴ནམ་མཁའ་རྣམ་པར་དག་པའི་དབྱིངས༔ བུདྡྷ་ཀྲོ་དྷི་ལ༴ཆུ་ཁམས་རྣམ་པར་དག་པའི་དབྱིངས༔ བཛྲ་ཀྲོ་དྷི་ལ༴ས་ཁམས་རྣམ་པར་དག་པའི་དབྱིངས༔ རཏྣ་ཀྲོ་དྷི་ལ༴མེ་ཁམས་རྣམ་པར་དག་པའི་དབྱིངས༔ པདྨ་ཀྲོ་དྷི་ལ༴རླུང་ཁམས་རྣམ་པར་དག་པའི་དབྱིངས༔ ཀརྨ་ཀྲོ་དྷི་ལ༴མིག་གི་རྣམ་ཤེས་དག་བྱེད་དབྱིངས༔ ཀཽ་རི་མ་ལ་ཕྱག་འཚལ་ལོ༔ རྣ་བའི་རྣམ་ཤེས་དག་བྱེད་དབྱིངས༔ ཙཽ་རི་མ་ལ༴སྣ་ཡི་རྣམ་ཤེས་དག་བྱེད་དབྱིངས༔ པྲ་མོ་ཧ་ལ༴ལྕེ་ཡི་རྣམ་ཤེས་དག་བྱེད་དབྱིངས༔ བྷཻ་ཏ་ལི་ལ༴ལུས་ཀྱི་རྣམ་ཤེས་དག་བྱེད་དབྱིངས༔ པུསྐ་སི་ལ༴ཡིད་ཀྱི་རྣམ་ཤེས་དག་བྱེད་དབྱིངས༔ ཀསྨ་རི་ལ༴ཉོན་ཡིད་རྣམ་ཤེས་དག་བྱེད་དབྱིངས༔ ཙནྡ་ལི་ལ༴ཀུན་གཞིའི་རྣམ་ཤེས་དག་བྱེད་དབྱིངས༔ སྨེ་ཤ་ནི་ལ༴གཟུགས་སུ་སྣང་བ་གནས་དག་དབྱིངས༔ སིང་ཧ་མུ་ཁ་ལ་ཕྱག་འཚལ༔ སྒྲ་གྲགས་སྣང་བ་དག་བྱེད་དབྱིངས༔ བྱ་ཀྲྀ་མ་ལ་ཕྱག་འཚལ་ལོ༔ དྲི་རུ་སྣང་བ་དག་བྱེད་དབྱིངས༔ སྲི་ལ་མུ་ཁ་ལ་ཕྱག་འཚལ༔ རོ་རུ་སྣང་བ་དག་བྱེད་དབྱིངས༔ ཤྭ་ན་མུ་ཁ་ལ༴རེག་བྱའི་སྣང་བ་དག་བྱེད་དབྱིངས༔ ཀྲྀ་ཏ་མུ་ཁ་ལ༴ཆོས་ཀུན་སྣང་བ་དག་བྱེད་དབྱིངས༔ ཀང་ཀ་མུ་ཁ་ལ༴ང་ཡིར་འཛིན་པ་དག་བྱེད་དབྱིངས༔ ཁ་ཁ་མུ་ཁ་ལ༴སྟོང་པར་སྣང་བ་དག་བྱེད་དབྱིངས༔ ཧུ་ལུ་མུ་ཁ་ལ༴བརྫུས་སྐྱེས་རྟོག་པ་དག་བྱེད་དབྱིངས༔ རྟ་གདོང་དཀར་མོ་ལ༴མངལ་སྐྱེས་རྟོག་པ་དག་བྱེད་དབྱིངས༔ ཕག་གདོང་སེར་མོ་ལ༴སྒོང་སྐྱེས་རྟོག་པ་དག་བྱེད་དབྱིངས༔ སེང་གདོང་དམར་མོ་ལ༴དྲོད་སྐྱེས་རྟོག་པ་དག་བྱེད་དབྱིངས༔ སྦྲུལ་གདོང་ལྗང་མོ་ལ༴སྲིན་མོ་དམར་སྨུག་རྡོ་རྗེ་ཐོགས༔ གཡག་གདོང་མ་ལ་ཕྱག་འཚལ་ལོ༔ ཚངས་པ་དཀར་སེར་པདྨ་ཅན༔ སྦྲུལ་གདོང་མ་ལ༴ལྷ་ཆེན་དཀར་ལྗང་ཏྲི་ཤུལ་ཅན༔ གཟིགས་གདོང་མ་ལ༴གཏོགས་འདོད་དཀར་མོ་འཁོར་ལོ་ཐོགས༔ སྤྲེལ་གདོང་མ་ལ༴གཞོན་ནུ་དམར་མོ་མདུང་ཐུང་ཐོགས༔ དྲེད་གདོང་མ་ལ༴བརྒྱ་བྱིན་དཀར་མོ་རྒྱུ་ཞགས་ཅན༔ དོམ་མགོ་མ་ལ༴རྡོ་རྗེ་སེར་མོ་སྤུ་གྲི་ཅན༔ ཕ་ཝང་གདོང་མ་ལ་ཕྱག་འཚལ༔ ཞི་བ་དམར་སེར་བུམ་པ་ཅན༔ ཆུ་སྲིན་གདོང་ལ་ཕྱག་འཚལ་ལོ༔ བདུད་རྩི་སེར་མོ་པདྨ་ཅན༔ སྡིག་གདོང་མ་ལ༴ཟླ་བ་དཀར་མོ་རྡོ་རྗེ་ཅན༔ ཁྲ་གདོང་མ་ལ༴བེ་ཅོན་ལྗང་ནག་དབྱུག་ཐོ་ཅན༔ ཝ་གདོང་མ་ལ༴སྲིན་མོ་སེར་ནག་ཐོད་ཁྲག་ཅན༔ སྟག་གདོང་མ་ལ༴ཟ་བ་དམར་ལྗང་བེ་ཅོན་ཅན༔ བྱ་རྒོད་གདོང་ལ༴དགའ་བ་དམར་མོ་པདྨ་ཅན༔ རྟ་གདོང་མ་ལ༔ སྟོབས་ཆེན་དཀར་དམར་དབྱུག་ཐོ་ཅན༔ ཁྱུང་གདོང་མ་ལ༴སྲིན་མོ་དམར་སྨུག་རྡོ་རྗེ་ཅན༔ ཁྱི་གདོང་མ་ལ༴འདོད་པ་དམར་སེར་མདའ་གཞུ་འགེང་༔ པུ་ཤུད་གདོང་ལ༴ནོར་སྲུང་དམར་ལྗང་བུམ་པ་ཅན༔ ཤ་གདོང་མ་ལ༴རླུང་ལྷ་ལྗང་གུ་བ་དན་ཅན༔ སྤྱང་གདོང་མ་ལ༴མི་མོ་དམར་མོ་གསལ་ཤིང་ཅན༔ སྐྱིན་གདོང་མ་ལ༴ཕག་མོ་ལྗང་ནག་མཆེ་ཞགས་ཅན༔ ཕག་གདོང་མ་ལ༴རྡོ་རྗེ་ལྗང་དམར་ཞིང་ཆུང་འཇོམས༔ ཁྭ་གདོང་མ་ལ༴སྣ་ཆེན་དཀར་ལྗང་བམ་ཆེན་ཟ༔ གླང་གདོང་མ་ལ༴ཆུ་ལྷ་ལྗང་སྔོན་སྦྲུལ་ཞགས་ཅན༔ སྦྲུལ་གདོང་མ་ལ༔ སྙིང་རྗེའི་སྒོ་མ་ལྕགས་ཀྱུ་ཅན༔ ཁུ་བྱུག་གདོང་ལ༴བྱམས་པའི་སྒོ་མ་ཞགས་པ་ཅན༔ ར་གདོང་མ་ལ༴དགའ་བའི་སྒོ་མ་ལྕགས་སྒྲོག་ཅན༔ སེང་གདོང་མ་ལ༴བཏང་སྙོམས་སྒོ་མ་དྲིལ་བུ་ཅན༔ སྦྲུལ་གདོང་མ་ལ༴ཕྲ་མོའི་རྟོག་ཚོགས་གནས་དག་དབྱིངས༔ མ་མོའི་ཚོགས་ལ༴ཕྲ་ཡུལ་སྣང་བ་དག་བྱེད་དབྱིངས༔ མཁའ་འགྲོའི་ཚོགས་ལ༴སྒྱུ་འཕྲུལ་སྤྲུལ་པ་ཆུ་ཟླའི་གར༔ འཁོར་དང་བཅས་ལ༴ལེགས་ཉེས་སྟངས་འཛིན་ལས་རྗེས་གཅོད༔ བཀའ་སྲུང་རྣམས་ལ༔ ཕྱི་ནང་བར་ཆད་ཀུན་སེལ་བའི༔ ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ༔ དེ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ༔ དྲན་ནས་མཚན་བརྗོད་ཕྱག་འཚལ་ན༔ ཉམས་ཆག་སྡིག་སྒྲིབ་ཀུན་བྱང་ནས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་ཏེ༔ སྐུ་གསུམ་དབྱིངས་སུ་རྣམ་པར་གྲོལ༔ འདི་ནི་ཟབ་ཅིང་བྱིན་རླབས་མྱུར༔ མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིན༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ ཉམས་སུ་ལོངས་ཤིག་གཏད་དོ་རྒྱ༔ དམ་ཅན་རྡོ་རྗེ་ལེགས་པས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ས་ཕོ་སྟག་གི་ལོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་ངོ་མཚར་རོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།