TTDL-ZABTER-15-BA-014

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-014

དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་མངོན་རྟོགས་བཞུགས༔ ཧྲཱི༔ གཞི་དབྱིངས་ནམ་མཁའ་རྣམ་དག་ཀློང་༔ གཞི་སྣང་བཀོད་པ་འཕྲུལ་གྱི་ཞིང་༔ གཞི་རྩལ་ཡེ་ཤེས་སྒྱུ་མའི་སྐུ༔ འཇམ་དཔལ་སྨྲ་བའི་སེང་གེ་དམར༔ ཞི་འཛུམ་མཚན་དང་དཔེ་བྱད་སྤྲས༔ མཛེས་སྒེག་གཞོན་ནུའི་ལང་ཚོ་ཅན༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས༔ མཐིང་མདོག་སེང་ཆེན་འགྱིང་བའི་ཁྲིར༔ འཇའ་འོད་གུར་ཁྱིམ་ཀློང་དུ་བསྐྱེད༔ མདུན་དུ་དབྱངས་ཅན་ལྷ་མོ་སྔོ༔ བཞེངས་སྟབས་རལ་གྲི་གླེགས་བམ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ དགྱེས་ཆགས་བཞད་པའི་བཞིན་རས་ངོམས༔ གཞོན་ཚུལ་འོད་དང་བཀྲག་མདངས་འབར༔ གནས་གསུམ་རྡོ་རྗེའི་སྙིང་པོ་འབྲུ་གསུམ་ལས༔ འོད་འཕྲོས་བདེ་བ་ཅན་དང་འོག་མིན་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམ༔ ཡབ་ཀྱི་ཐུགས་ཀར་པད་ཟླའི་གདན་ལ་ཧྲཱི༔ ཡིག་དམར་པོ་དང་༔ ཡུམ་གྱི་ཐུགས་ཀར་པད་ཉིའི་གདན་ལ་དྷིཿཡིག་སྔོན་པོ་ནི༔ གསལ་ལ་སྔགས་ཀྱི་ཕྲེང་བ་གཡས་གཡོན་འཁོར༔ བཟླས་པས་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཤེས་རབ་ཡེ་ཤེས་དབང་བྱིན་མ་ལུས་པ༔ རང་ཉིད་ལ་ཐིམ་མཁྱེན་གཉིས་ཡེ་ཤེས་འབར༔ རྫོགས་སངས་རྒྱས་ཀྱི་གོ་འཕང་བདེ་བ་ཆེ༔ སྔགས་བཟླས་ནི༔ ཨོཾ་ཧྲཱིཿདྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷི་སྭཱ་ཧཱ༔ འདི་བསྒོམ་འདི་བཟླས་རྣལ་འབྱོར་གང་སུ་དག༔ ཤེས་རབ་ཡེ་ཤེས་ཡོན་ཏན་དཔལ་ཐོབ་འགྱུར༔ བསླུ་མེད་རྡོ་རྗེའི་ངེས་ཚིགས་ས་མ་ཡ༔ འདི་ནི་ཁྲག་འཐུང་བདུད་འཇོམས་དཔའ་བོ་ཡི།།དག་སྣང་ཉམས་ཀྱི་སྣང་བ་དེ་ཡི་ཆ།།རྡོ་རྗེ་ཁྲོ་ལོད་འཆོལ་བའི་གླུ་རུ་གྱེར།།རྡོ་རྗེ་རྣམ་རྒྱལ་དགེ་འདུན་གཉིས་ཀྱི་ངོར༔ མ་ནུས་རྒན་པོ་དེ་ཡིས་བྲིས་པ་དགེའོ།།དགེའོ།།།།