TTDL-ZABTER-08-NYA-013

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-08-NYA-013

བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་མཆོད་གསོལ་ཡིད་བཞིན་སྤྲིན་དཔུང་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༠༨༢༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༔ ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་གྱིས༔ ཕྱི་ནང་མཆོད་པའི་བྱེ་བྲག་ཀུན༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས༔ དེ་ནས་དྲི་བཟང་དུད་པ་བཏང་༔ རྔ་གླིང་པི་ཝང་རོལ་མོའི་སྒྲས༔ མཆོད་གསོལ་འདི་ལ་འབད་པར་བྱ༔ ཨོཾ་ཧྲཱིཿདད་པ་དང་ནི་དམ་ཚིག་གིས༔ འབོད་དོ་སྒྲུབ་བོ་དབང་ཕྱུག་ཆེ༔ ཨུ་མ་དཱེ་ཝི་ལུགས་སྐྱེས་ཡུམ༔ སྲས་མཆོག་ཚོགས་ཀྱི་བདག་པོ་དང་༔ སྤྲུལ་པ་ལས་ཀྱི་ལྷ་མོ་བཞི༔ བཀའ་སྡོད་དཔལ་མགོན་བདུན་ཅུ་གསུམ༔ ཡང་སྤྲུལ་འབྱུང་བ་ལྔ་ཡི་ལྷ༔ སྣང་སྲིད་དྲེགས་ཚོགས་མ་ལུས་འཁོར༔ སྡེ་བདུད་ལྷ་འདྲེ་འབངས་སྡེར་བཅས༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ སྒྲོལ་གིང་ཡ་མ་རཱ་ཙ་དང་༔ འཛིན་གིང་རྡོ་རྗེ་ལེགས་པ་དང་༔ མྱུར་གིང་གཟའ་བདུད་ནག་པོ་དང་༔ རྒྱུག་གིང་བཙན་རྒོད་ཆེན་པོ་སོགས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ལྷ་ཆེན་དབང་པོ་བརྒྱ་བྱིན་དང་༔ ལྷ་མིན་དབང་པོ་ཐག་བཟང་རིས༔ མི་དབང་འཁོར་ལོས་སྒྱུར་བ་དང་༔ བྱོལ་སོང་དབང་པོ་སེང་རབ་བརྟན༔ ཡི་དྭགས་དབང་པོ་ཁ་འབར་མ༔ དམྱལ་བའི་དབང་པོ་ཆོས་ཀྱི་རྒྱལ༔ དབང་ཕྱུག་དབང་པོ་དྲུག་གིས་འཕྲུལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོས་འབོད་འདྲེན་ནོ༔ དབང་ཕྱུག་འཁོར་བཅས་ད་ཚུར་བྱོན༔ མ་གཡེལ་མ་འགྱངས་ས་མ་ཛཿདམ་ཚིག་གཉན་པོ་དྲན་མཛོད་ལ༔ མཆོད་གསོལ་ཡུལ་དུ་བཞུགས་སོ་འཚལ༔ རིག་འཛིན་སྲུང་མར་མངའ་གསོལ་ལོ༔ རྣལ་འབྱོར་དགྲ་ལྷར་མངའ་གསོལ་ལོ༔ བདག་གི་གྲོགས་སུ་མངའ་གསོལ་ལོ༔ ཕྲིན་ལས་བདག་པོར་མངའ་གསོལ་ལོ༔ ལྷ་ཆེན་ཁམས་གསུམ་དབང་ཕྱུག་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཡུམ་མཆོག་ཨུ་མ་ལུགས་སྐྱེས་མར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ འགུགས་འཆིང་སྡོམ་མྱོས་ལྷ་མོ་བཞིར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དཔལ་མགོན་བདུན་ཅུ་རྩ་བཞི་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ འབྱུང་ལྔའི་ལྷ་དང་དྲེགས་པའི་འཁོར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྡེ་བརྒྱད་ལྷ་འདྲེ་མཐུ་ཆེན་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ལྷ་ཆེན་དབང་པོ་རྣམ་དྲུག་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ གིང་ཆེན་དྲེགས་པ་སྡེ་བཞི་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཕྱི་རོལ་ཀླ་ཀློ་བསྟན་དགྲ་ཐུལ༔ ནག་ཕྱོགས་གདུག་པའི་མགོ་འཕང་ཕོབས༔ རྣལ་འབྱོར་བདག་གི་འདོད་དོན་སྒྲུབས༔ ཀྱཻ༔ དྲང་སྲོང་ལྷ་ཡི་བླ་མ་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་ནི༔ གནམ་ཡོལ་བླ་རེ་གདུགས་རྒྱལ་མཚན༔ ནམ་མཁའ་མཛེས་པའི་རྒྱན་དུ་འབུལ༔ དར་འཕན་བ་དན་ལྷབ་ལྷུབ་ཚོགས༔ བར་སྣང་མཛེས་པའི་རྒྱན་དུ་འབུལ༔ མེ་ཏོག་ཉལ་ཉིལ་དར་ལམ་གདན༔ ས་གཞི་མཛེས་པའི་རྒྱན་དུ་འབུལ༔ དཀར་གསུམ་མངར་གསུམ་ཟས་ཀྱི་རིགས༔ དབང་ཕྱུག་འཁོར་འབངས་བཅས་ལ་འབུལ༔ ཤ་སྣ་ཁྲག་སྣ་དམར་གྱི་རིགས༔ དབང་ཕྱུག་འཁོར་འབངས་བཅས་ལ་འབུལ༔ སྨན་སྣ་འབྲུ་སྣ་སྤོད་དང་བཅས༔ ལྷ་ཆེན་འཁོར་དང་བཅས་ལ་འབུལ༔ རི་དྭགས་གཡུང་དྭགས་རྩྭ་ཟན་རིགས༔ དབང་ཕྱུག་དྲེགས་པའི་ཚོགས་ལ་འབུལ༔ ཆུ་གནས་རྣམ་པ་སྣ་ཚོགས་པ༔ དབང་ཕྱུག་དྲེགས་པའི་ཚོགས་ལ་འབུལ༔ འདབ་ཆགས་མཁའ་ལ་རྒྱུ་བའི་ཚོགས༔ དབང་ཕྱུག་དྲེགས་པའི་ཚོགས་ལ་འབུལ༔ གཅན་གཟན་ཤ་ཁྲག་ཟ་བའི་ཚོགས༔ དབང་ཕྱུག་དྲེགས་པའི༴མི་ནི་ཆ་ལུགས་སྣ་ཚོགས་གཟུགས༔ དབང་ཕྱུག་དྲེགས་པའི༴ཁྲབ་རྨོག་ལ་སོགས་བཙན་པའི་གོ༔ དབང་ཕྱུག་དྲེགས་པའི༴དུད་འགྲོ་སྣ་ཚོགས་པགས་པའི་རིགས༔ དབང་ཕྱུག་དྲེགས་པའི༴དར་ཟབ་གོས་སོགས་རེག་བྱའི་རིགས༔ དབང་ཕྱུག་དྲེགས་པའི༴མཚོན་ཆ་རྣམ་པ་སྣ་ཚོགས་རིགས༔ དབང་ཕྱུག་དྲེགས་པའི༴སྦྲ་ཁང་དར་གུར་ཁྱིམ་གྱི་རིགས༔ དབང་ཕྱུག་དྲེགས་པའི༴གསེར་དངུལ་ཟངས་ལྕགས་ནོར་གྱི་རིགས༔ དབང་ཕྱུག་དྲེགས་པའི༴ཇ་ཆང་འོ་སྐྱེམས་ཁྲག་གསེར་སྐྱེམས༔ དབང་ཕྱུག་དྲེགས་པའི༴ཉེར་སྤྱོད་བདུན་གྱི་མཆོད་པ་ཡང་༔ དབང་ཕྱུག་དྲེགས་པའི༴འདོད་ཡོན་ལྔ་ཡི་མཆོད་པ་ཡང་༔ དབང་ཕྱུག་དྲེགས་པའི༴སྨན་གཏོར་རཀྟའི་མཆོད་པ་ཡང་༔ དབང་ཕྱུག་དྲེགས་པའི་ཚོགས་ལ་འབུལ༔ ཕྱི་ནང་གསང་མཆོད་ག་ཎ་ཚོགས༔ གཏོར་མ་འདོད་འཇོའི་དཔལ་ཡོན་ལྡན༔ རོལ་མོ་སྙན་པའི་ཚོགས་བཅས་ཀྱིས༔ དབང་ཕྱུག་ཆེན་པོ་མཆོད་གསོལ་བསྟོད༔ ལྷ་མོ་ཨུ་མ་མཆོད༴ལས་བཞིའི་ལྷ་མོ་མཆོད༴དཔལ་མགོན་བདུན་ཅུ་མཆོད༴དབང་པོ་རྣམ་དྲུག་མཆོད༴དྲེགས་པའི་འཁོར་ཚོགས་མཆོད༴ལྷ་སྲིན་སྡེ་བརྒྱད་མཆོད༴སྣང་སྲིད་བདག་པོ་མཆོད༴ཡུལ་ལྷ་གཞི་བདག་མཆོད་གསོལ་བསྟོད༔ གཞན་ཡང་དབང་ཕྱུག་ལྷའི་བླ་མའི༔ བྲན་འབངས་སྡེ་འཁོར་བཅས་པ་ལ༔ མཆོད་དོ་གསོལ་ལོ་བསྟོད་ཅིང་བཀུར༔ དམ་ཚིག་གཉན་པོ་དཔང་བཙུག་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ ནད་དང་གནོད་པ་རྐྱེན་བར་ཆད༔ མི་མཐུན་ཕྱོགས་རྣམས་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་སྟོབས་མངའ་ཐང་༔ ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ སྣང་སྲིད་སྐྱེ་འགྲོ་ནོར་ལོངས་སྤྱོད༔ འདོད་རྒུའི་དཔལ་ཡོན་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ མིང་གི་ལྷག་ཙམ་མེད་པ་རུ༔ བསྒྲལ་ཞིང་བརླག་པའི་ཕྲིན་ལས་མཛོད༔ སྣང་སྲིད་སྐྱེ་འགྲོ་མི་རྣམས་ཀུན༔ རྒྱལ་བློན་འབངས་བཅས་བདག་དབང་བསྒྱུར༔ ཁྱོད་བཞིན་དབང་གི་དངོས་གྲུབ་སྩོལ༔ སངས་རྒྱས་བསྟན་ལ་སྡང་བ་ཡི༔ ཕྱི་དགྲ་ཀླ་ཀློ་ལོག་ཆོས་པ༔ ནང་དགྲ་བན་དྲེད་ཆོས་ཁྲིམས་བཤིག༔ གསང་དགྲ་ཉོན་མོངས་དམ་སྲིའི་རིགས༔ མར་མེ་རླུང་གིས་བསད་པ་ལྟརཿབརླག་ཅིང་བསྣུབས་པའི་ཕྲིན་ལས་མཛོད༔ ཁྱད་པར་འགྲོ་བ་མི་ཡི་དཔལ༔ རྩི་ཐོག་ལོ་ཐོག་རྩྭ་དང་ཤིང་༔ བཅོམ་ཞིང་མུ་གེ་སྤེལ་བ་ཡི༔ འཕྲུལ་མི་རྫས་སྔགས་མཁན་པོ་དང་༔ འཕྲུལ་གྱི་སྲོག་ཆགས་ཕྲ་མོར་བཅས༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ དཀོན་མཆོག་གསུམ་གྱི་བསྟན་དགྲ་ལ༔ གལ་ཏེ་ཁྱོད་ཀྱིས་མགོན་བྱེད་ན༔ ཁྱེད་ཅག་བཀའ་དམ་ལ་འདས་ནས༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ དེ་བས་བསྟན་དགྲའི་མགོན་མ་བྱེད༔ སངས་རྒྱས་ཆོས་ཀྱི་སྲུང་མ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡང་ན་གསོལ་མཆོད་འདི་མང་དུ་བརྗོད༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ལྟར་གསོལ་མཆོད་གྲངས་ལྡན་པས༔ མི་འབྲལ་གྲོགས་བྱེད་ཕྲིན་ལས་སྒྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།མངྒ་ལཾ།།།།