TTDL-ZABTER-14-PHA-003

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-003

བརྡ་ཡིག༠༠༠༠༠༠༧༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མར་རྩེ་གཅིག་གདུང་བའི་མོས་གུས་ཀྱིས༔ དུས་གསུམ་རྒྱུན་ཆད་མེད་པར་འདི་བརྗོད་བྱ༔ ཨེ་མ་ཧོཿཀ་དག་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ ལྷུན་གྲུབ་བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མ་འགགས་བླ་མ་སྤྲུལ་པའི་སྐུ༔ གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་རོལ་གར་གྱིས༔ ཕན་བདེའི་དཔལ་སྟེར་ལོག་ལམ་ཁ་ལོ་བསྒྱུར༔ ཨོ་རྒྱན་བརྒྱུད་པར་བཅས་ལ་གསོལ་བ་འདེབས༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ སྐད་ཅིག་མི་འབྲལ་ཁྱེད་ཀྱིས་རྗེས་བཟུང་ནས༔ དགའ་རབ་རྗེ་དང་ཏེ་ལོ་ཇི་བཞིན་དུ༔ དངོས་ཉམས་རྨི་ལམ་དག་པའི་སྣང་ངོ་རུ༔ ཞལ་གཟིགས་ལུང་བསྟན་དབང་བསྐུར་གདམས་པ་སྟོན༔ བར་ཆད་རྐྱེན་བགེགས་བདུད་དབང་མི་འགྱུར་ཞིང་༔ རྩེ་གཅིག་ཡང་དག་སྙིང་པོའི་དོན་སྤྱོད་ཅིང་༔ ཆོས་ཉིད་བདེན་པ་མངོན་སུམ་མཐོང་ནས་སུ༔ ས་ལམ་ཡོན་ཏན་གོང་ནས་གོང་དུ་འཕེལ༔ རང་རིག་སྐུ་དང་ཡེ་ཤེས་ཚད་དུ་ཕེབས༔ གཟུང་འཛིན་འཁྲུལ་པའི་སྤུན་ཐག་དབྱིངས་སུ་ཞིག༔ རིག་པ་ཀ་དག་གདོད་མའི་དབྱིངས་སུ་གྲོལ༔ པད་འབྱུང་རྗེ་དང་བི་མ་མི་ཏྲ་བཞིན༔ འཇའ་ལུས་ཆོས་ཀྱི་སྐུ་རུ་སངས་རྒྱས་ཏེ༔ སླར་ཡང་གདུལ་བྱར་རང་སྣང་སྟོན་པ་རུ༔ ཡེ་ཤེས་སྒྱུ་མའི་སྐུ་ཡི་རོལ་པ་ཡིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༔ ཅེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་བཟང་དམ་པ་སྦྱིན་པ་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་ཀློང་གི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།