TTDL-ZABTER-03-GA-009
TTDL-ZABTER-03-GA-009
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ༔ ཡང་ཁྲོས་མ་ཧཱ་ཀཱ་ལའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༠༩གསོལ་འདེབས་དབང་བཞིའི་ཆུ་རྒྱུན་ལ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿན་མོ༔ གཞི་དབྱིངས་སྐྱེ་མེད་བདེ་ཆེན་འོག་མིན་ནས༔ ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་ཞིང་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ སྟོང་གསུམ་མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ སྤྲུལ་སྐུའི་སྟོན་པ་རིགས་གསུམ་མགོན་པོ་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ སྐུ་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ༔ སྨིན་གྲོལ་དབང་གི་ཆུ་བོ་གཅིག་འདྲེས་དཔལ༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་གནས་དང་༔ ཆོས་རྒྱལ་ཁྲི་སྲོང་མཚོ་རྒྱལ་བཻ་རོ་སོགས༔ རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ ཕ་གཅིག་རྩ་བའི་བླ་མ་རིན་པོ་ཆེའི༔ གསང་གསུམ་སྒྱུ་འཕྲུལ་རྟ་མགྲིན་རྒྱལ་པོ་དང་༔ རིགས་ལྔ་རིགས་གསུམ་སྤྲུལ་པའི་གདན་གསུམ་ལྷ༔ ཁྲག་འཐུང་རིགས་ལྔ་སྒོ་སྐྱོང་མ་བཞི་སོགས༔ ཡོངས་གྲུབ་དཀྱིལ་འཁོར་ཡེ་རྫོགས་ཆེན་པོ་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ ཕྲིན་ལས་ཐོགས་མེད་དགྲ་བགེགས་སྒྲོལ་མཛད་པ༔ ཡེ་ཤེས་ལས་གྲུབ་བསྟན་སྲུང་དམ་ཅན་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ མ་བཙལ་རང་བྱུང་ལྷན་སྐྱེས་ཡེ་ཤེས་ལྷར༔ དོན་གྱི་རིག་སྐུ་རང་ངོར་སད་པར་ཤོག༔ མངོན་ཞེས་རང་རྒྱུད་གོལ་ཤོར་གྱི༔ བདུད་དང་བར་ཆད་འདིས་སྒྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཨ་སྤོ་སྡོང་གི་རྣལ་འབྱོར་ཚོགས་མཆོག་མིང་གིས་བསྐུལ་ངོར་སྤྲང་སྨྱོན་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།།།