TTDL-ZABTER-15-BA-087

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-087

དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྣམ་སྲས་སྒྲུབ་ཐབས་ཟབ་མོ་བཞུགས་སོ༔ ན་མོཿགུ་རུ་པདྨ་ཀ་ར་ཡེཿ༠༠༠༠བརྡ་ཡིག༣༥༡རྣམ་སྲས་སྒྲུབ་ཐབས་ཟབ་མོ་ནི༔ བྷྲུྃ༔ རིན་ཆེན་སྣ་ཚོགས་གཞལ་ཡས་སུ༔ འདོད་རྒུའི་དཔལ་ཡོན་རྫོགས་པའི་དབུས༔ བཻཿལས་རྒྱལ་ཆེན་རྣམ་ཐོས་བུ༔ གསེར་མདོག་རྒྱལ་མཚན་ནེའུ་ལེ་བསྣམས༔ སྐུ་ལ་བསེ་ཡི་རྨོག་ཁྲབ་གསོལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞི་མ་ཁྲོ་འཛུམ་ལང་ཚོས་མཛེས༔ ཆིབས་སུ་སེང་གེ་དཀར་མོ་བཅིབས༔ གནོད་སྦྱིན་ཡོངས་ཀྱི་དབང་པོར་བསྐྱེད༔ འོད་འཕྲོས་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ལ༔ བཻཿབྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ གནོད་སྦྱིན་སྡེ་རིས་གཙིག་ན་མངོན་མཐོ་བ༔ རྒྱལ་ཆེན་རྣམ་མང་ཐོས་སྲས་འཁོར་དང་བཅས༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཻ༔ གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས༔ སྒྲུབ་པའི་རྟེན་འདིར་རྟག་བཞུགས་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་སྦྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ལོངས་སྤྱོད་ནོར་ཀྱི་དངོས་གྲུབ་སྩོལ༔ ཁྱོད་ཐུགས་ནོར་བུ་སེར་པོའི་སྦུབས༔ བཻཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་དལ་མེད་འཁོར་བར་བསྒོམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་མཐར༔ བཻ༔ ཐོག་མེད་དུས་ནས་མངོན་རྫོགས་སངས་རྒྱས་ཀྱང་༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྟོན་ཅིང་༔ མི་ཟད་རིན་ཆེན་ནོར་གྱི་དཔལ་སྟེར་བའི༔ རྒྱལ་ཆེན་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ནས་སླར་ཡང་གཡང་འགུགས་བྱ་བ་ལ༔ ཧཱུྃཿདཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུ་སྟོབས་ཀྱིས༔ བདག་གིས་སྨོས་པའི་ཚིག་དང་འདོད་པའི་དོན༔ བཀའ་སྲུང་དྲེགས་པ་ཕོ་མོས་འགྲུབ་མཛོད་ཅིག༔ ལྷ་ཆེན་བརྒྱད་དང་ནོར་སྲུང་ཆེན་པོ་བརྒྱད༔ གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་ཀླུ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་རིགས་བཞིར་བཅས༔ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་བཅས་ཀྱིས༔ མཐུ་དང་བྱིན་རླབས་ནུས་པའི་སྟོབས་རྩལ་ཕྱུངས༔ དམ་ཚིག་གཉན་གྱིས་ཕྲིན་ལས་བཅོལ་བ་ནི༔ སྟེང་ཕྱོགས་ཚང་པ་ལྷ་ཡི་ཕྱྭ་གཡང་ཁུག༔ འོག་ཕྱོགས་གཏུམ་པོ་ཀླུ་ཡི༴བར་ཕྱོགས་མི་དང་གཉན་གྱི༴བཙན་ཕྱུག་འཕན་དར་ཕྱྭ་དང་གཡང་ཁུག་ཅིག༔ མ་མིན་ལྷ་འདྲེའི་ཟས་ནོར་ཕྱྭ་གཡང་ཁུག༔ སྣོད་བཅུད་བརྟན་གཡོའི་ཁམས་ཀྱི༴འདོད་ཡོན་ལོངས་སྤྱོད་ཕུན་ཚོགས༴ཚེ་བསོད་དཔལ་འབྱོར་མངའ་ཐང༴སྲོག་ལུས་དབང་ཐང་དར་རྒྱས༴རླུང་རྟ་བླ་གཟའ་སྙན་གྲགས༴ཆོས་སྲིད་ནོར་དང་དགེ་ལེགས༴དཔའ་རྩལ་སྟོབས་དང་ལྡན་པའི༔ མྱུར་འགྱོགས་སྟོབས་དང་ལྡན་པའི༴གོ་ཁྲབ་སྲ་ཞིང་མཁྲེགས་པའི༴ཁེ་རྒྱལ་དྲག་ཤུལ་ལྡན་པའི༴དབང་སྡུད་ཟིལ་གནོན་ལྡན་པའི༴རྟ་ཕྱུགས་རྐང་བཞི་འཕེལ་རྒྱས༴དཀར་དང་ལོ་ཏོག་རྒྱས་པའི༴རྒྱན་གོས་ཕུན་སུམ་ཚོགས་པའི༴འཁོར་འབངས་ཕུན་སུམ་ཚོགས་པའི༴ཆོས་སྲིད་མངའ་ཐང་དར་རྒྱས༴ཚེ་རིང་ནད་མེད་བདེ་སྐྱིད༴རྒས་མེད་ལས་ཚོ་རྒྱས་པའི༴ཕྱ་གཡང་རི་རབ་བཞིན་ཏུ་བརྟན་པ་དང་༔ ཆུ་ཀླུང་ཆེན་པོ་ལྟ་བུར་རྒྱུན་རིང་ཞིང་༔ རྩི་ཤིང་ནགས་ཚལ་བཞིན་ཏུ་ལྷུན་འཐུག་པ༔ མི་ནུབ་རྒྱལ་མཚན་ལྟ་བུར་གནས་པ་དང་༔ མི་ཤིགས་རྡོ་རྗེ་ལྟ་བུར་སྲ་མཁྲེགས་ཤིང་༔ མི་འགྱུར་གཡུང་དྲུང་ལྟ་བུར་བརྟན་གྱུར་ཅིག༔ ཨོཾ་བཻ་ཤྲ་མ་ཎ་ཡེ་རཏྣ་སིདྡྷི་སིདྡྷི་ཧཱུྃ༔ ས་མ་ཡ༔ འདི་ལྟར་གཡངས་འགུགས་བྱས་གྱུར་ན༔ འདོད་དོན་ཡིད་བཞིན་འགྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཉེར་མཁོའི་ཆེད་དུ་དག་སྣང་ཡེ་ཤེས་དྲྭ་པ་ལས་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།