TTDL-ZABTER-15-BA-006

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-006

དག་སྣང་ཡེ་ཤེས་དྲྭ་བ་ལས༔ གུ་རུ་པདྨ་བདུད་འདུལ་གྱི༔ ལས་བྱང་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༧ལས་སྨོན་རྟེན་འབྲེལ་བཟང་པོ་རྣམས༔ ཚོགས་ཤིང་དུས་ལ་བབ་པ་ཡི༔ རྣལ་འབྱོར་ཅན་གྱི་སྐལ་པ་རུ༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ གྲོང་འཕོ་གྲོང་འཇུག་ཐབས་ཟབ་མོ༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཆོས་བརྒྱད་ལས་དབེན་སྐྱིད་ཚལ་དུ༔ རྩ་གསུམ་བརྟེན་རྫས་བཤམས་བྱས་ཏེ༔ མཆོད་རྫས་ཡོ་བྱད་ཡིད་འོང་བཀོད༔ ཡུལ་ལྷ་ཟོ་དོར་སྡེ་བརྒྱད་ལ༔ དཀར་དམར་མཆོད་པ་སྐྱེམས་ཚོགས་བཏང་༔ སྒྲུབ་པའི་གྲོགས་སུ་ཕྲིན་ལས་བཅོལ༔ དེ་ནས་བདེ་བའི་གདན་ལ་འཁོད༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ འགྲོ་བའི་བླ་མ་ཆེ་བའི་མཆོག༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ་བརྗོད༔ གཉིས་པ་སེམས་བསྐྱེད་པ་ལ༔ ཧོ༔ མ་གྱུར་མཁའ་མཉམ་སེམས་ཅན་ཀུན༔ རྣམ་གྲོལ་ས་ལ་འགོད་བྱའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོས་ཏེ༔ གོ་འཕང་མཆོག་ཐོབ་ངེས་བསྒྲུབ་བྱ༔ དེ་ནས་ལྷ་བསྐྱེད་པ་ལ༔ སྣང་སྲིད་གཟུང་དང་འཛིན་པའི་ཆོས༔ ཆོས་ཉིད་དེ་བཞིན་ཉིད་དུ་བརྡལ༔ དེ་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོ་བརྡལ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རིག་པ་རྒྱུ་ཡི་ཡི་གེ་ཧཱུྃ༔ ཧཱུྃ་ལས་འོད་ཕུང་རབ་འཕྲོས་པས༔ སྣང་སྲིད་པདྨ་འོད་ཀྱི་ཞིང་༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་དབུས༔ པད་ཟླ་ཉི་མའི་གདན་སྟེང་དུ༔ ཧཱུྃ་བབ་འོད་ཟེར་དཔག་མེད་པ༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་འོད་ཕུང་འབར༔ བཅུ་དྲུག་གཞོན་ནུའི་རྣམ་པ་ལ༔ མཚན་དང་དཔེ་བྱད་ཡོངས་སུ་རྫོགས༔ ཞལ་འཛུམ་སྤྱན་གདངས་ཞི་མ་ཁྲོ༔ དབུ་ལ་པདྨའི་མཉེན་ཞུ་དང་༔ སྐུ་ལ་ཟ་བེར་ཆོས་གོས་གསུམ༔ གསོལ་ཞིང་རིན་ཆེན་སྙན་ཆ་དང་༔ མཛེས་པའི་རྒྱན་ཕྲེང་དུ་མས་བརྒྱན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་༔ གཡོན་པས་ཐོད་བུམ་བདུད་རྩི་བསྣམས༔ མཆན་ཁུང་གཡོན་ན་ཁ་ཊྭཱྃ་མཛེས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་༔ འཇའ་ལུས་སྒྱུ་མའི་ཕུང་པོར་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་བཞུགས་ཡེ་ཤེས་པ༔ དཔག་ཏུ་མེད་པ་སྤྱན་དྲངས་བསྟིམ༔ ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ་ཨ་བེ་ཤ་ཡ་ཨཱ༔ སྟྭཾ་ཏིཥྛ་བཛྲ་ན་མོ་ན་མ་ཧོ༔ ཕྱི་ནང་གསང་མཆོད་ཀྱི་སྔགས༔ ཨརྒྷཾ་ནས་སྤཪྵེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཀུན་ཁྱབ་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ལ༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ གསེར་གྱི་རྡོ་རྗེའི་ལྟེ་བའི་སྦུབས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ ཨྃ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་བསྒྲུབ་དང་ལས་སྦྱོར་ཟུང་༔ དམིགས་པས་ལྡེ་ཁ་བསྒྱུར་བ་ཡིན༔ བསྐྱེད་དང་རྫོགས་པའི་གནད་ལྡན་ན༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་སློབ་བུ་ཡེ་ཤེས་བཟང་པོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུ་ཏུ་དགེ་བར་གྱུར་ཅིག།དགེའོ།།ལེགས་སོ།སརྦ་མངྒ་ལཾ།།།།