TTDL-ZABTER-13-PA-053

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-053

ཧོཿ དགོངས་སུ་གསོལ༔ ལན་གསུམ༔ དྲང་སྲོང་གཟའ་མཆོག་ཆེན་པོ༔ སྡོང་ཟླ་གདོང་མོ་མཆེད་བཞི༔ སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ ལས་མཁན་ལྷ་སྲིན་སྡེ་བརྒྱད༔ བཀའ་སྡོད་བྲན་གཡོག་འཁོར་དང་ཡང་འཁོར༔ གཡོག་དང་ཡང་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ་ལོ༔ སྡང་བར་བྱེད་པའི་དགྲ་བོ་ཆེ་གེ་མོའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་རྣམས་ཀྱི་ཚེ་བླ་སྲོག་གསུམ༔ ཁ་རྗེ་དབང་ཐང་༔ བསོད་ནམས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དྲང་སྲོང་གཟའ་བདུད་ནག་པོ་ལ་ཟ་སྐལ་དུ་གཏད་པ་ཡིན་པས་ལོ་དང་ཟླ་བར་མ་འགྱངས༔ ཞག་དང་ཟ་མའི་ནང་དུ་མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས་ཤིག༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་སོད་ཅིག༔ ཁྱི་ལྟོག་གིས་ཤ་ཟན་ལ་རོལ་པ་བཞིན་དུ་ཤ་ལ་རྔམས་ཟས་གྱིས་ཤིག༔ ཁྲག་ལ་རྔམས་རོལ་གྱིས་ཤིག༔ རྩ་ཕུང་སྐམ་པོ་ལ་མེ་མཆེད་པ་བཞིན་དུ་བསྲེགས་པར་མཛོད་ཅིག༔ ས་མཁར་ལ་སྒྱོག་རྡོ་ཕོག་པ་བཞིན་དུ་གཏོར་ཅིག༔ བྲག་དམར་ཐོག་གིས་བཤིགས་པ་བཞིན་དུ་བཤིག་ཅིག༔ འབྲུ་དྲུག་སེར་བས་བཅོམ་པ་བཞིན་དུ་ཆོམས་ཤིག༔ སྤུ་ཤད་མེ་ལ་བསྲེགས་པའམ༔ ཐལ་བ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག༔ ཁྱོད་ནི་ཀུན་ཤེས་ཀུན་རིག་གི་སྤྱན་དང་ལྡན་པས་དགྲ་བོ་དེ་དག་ཕྱི་ནང་གང་ན་ཡོད་ཀྱང་མ་ནོར་མ་འཆུག་པར༔ སྔོན་ལས་དང་ཚེ་ཚད་ཀྱི་དུས་མ་སྒུག༔ སྐྱེ་བ་ཕྱི་མ་ལ་དུས་མ་བཏབ༔ གློ་བུར་ཧུར་ཐུམ་དྲག་པོས་སོད་ཅིག༔ སྒྲོལ་ཅིག༔ སྲུང་ཟློག་དང་རིམ་གྲོ་བྱས་ཚད་ཁོ་ཡི་སྲོག་གི་བདུད་དུ་ཕོབ་ཅིག༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བཀའ་དང་ཐ་ཚིག་གཉན་པོ་དཔང་དུ་བཙུག༔ གཏའ་རུ་བཞག་ནས་ཕྲིན་ལས་གཉན་པོ་བཅོལ་བ་དེ་མ་འགྱང་མ་འགོར་བར་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ བདུད་འཇོམས་པས་སྨྲས་པའོ།།དགེའོ།།།།